༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ ཉིན་གྱི་སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གསོལ་འདེབས་ཞུས་དོན་ལྟར་བོད་གཞུང་མང་གཞིས་བྱེས་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་དང་ལྷ་མི་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྐུའི་གསང་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མའི་རིགས་ཕྲ་མོ་ཙམ་ཡང་ཞར་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཕྱིར་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་གྱི་ཆོས་ཚན་ཁོངས་བཞུགས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་ཞོགས་པའི་ཆུ་ཚོད་ ༨།༠༠ ཙམ་ལ་རྣམ་གྲྭའི་དགེ་འདུན་པ་རྣམས་ནས་སེར་ཕྲེང་བསྟར་སྒྲིག་ཞུས་ཐོག་ཕོ་བྲང་གཞུང་སྒོ་ནས་བོད་ཀྱི་ཟློས་གར་གྱིས་ཕེབས་བརྡ་རོལ་ཆ་འབུལ་བཞིན་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཆོག སྲིད་སྐྱོང་མཆོག་བཅས་ནས་སྤོས་སྣེ་དང་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་གྱིས་སྔོན་བསུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་ཞུ་ཞུས་པ་དང་། བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་དབུ་བཞུགས་རྡོ་རྗེ་སློབ་དཔོན་ནས་མཇལ་དར་རྐྱང་འབུལ་ཞུས། དེ་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ་དང། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། གུ་རུའི་ཐུགས་དམ་གནད་སྐུལ་རྣམས་གསུང་བཞིན་པར་གསོལ་ཇ་དང་འབྲས་སིལ་རིམ་པར་ཕེབས། ཐོག་མར་བསུན་བཟློག་གི་ཆོ་ག་ལ་རོལ་མོ་བྱིན་འབེབས་སྐབས་མཁའ་འགྲོ་མ་རྣམས་གར་སྟབས་བཅས་ནང་དུ་བཏང་སྟེ་སོ་སོའི་མདོག་མཐུན་གྱི་དར་སྣེ་བཟུང་སྟེ་བཞུགས་ཁྲིའི་མདུན་དུ་འཁོད། ཆོས་སྐྱོང་སྤྱན་འདྲེན་དབུ་ཚུགས། ཞལ་འདོན་ཚིག་བསྟུན་གྱིས་དབུ་བཞུགས་ས་སྐྱ་༸གོང་ས་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་དར་སྣེ་གཅོད་བྲེགས་མཛད་རིམ་བཞིན་མཁའ་འགྲོ་མ་རྣམས་སྐུ་གླུད་ཀྱི་མདུན་དུ་འཁོད། ཡོན་བདག་ནས་སྐུ་གླུད་ལ་སྒྲོན་དར་དང་མཁའ་འགྲོ་མ་འཁོར་བཅས་ལ་ཡོན་དང་། དར། དཀར་སྤྲོ། ཆོགས་བཅས་ཕུལ་ཏེ་ཕྱིར་གཤེགས།
བརྟན་བཞུགས་དངོས་གཞིར་སློབ་དཔོན་ལྷར་བསྐྱེད་སོགས་རིམ་བཞིན་གསུངས་ཏེ་རིག་འཛིན་བརྒྱུད་སྐུལ་གྱི་གསུང་ཚིག་ཐ་མ། འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ།། ཞེས་པའི་མཚམས་སུ་རྡོར་སློབ་སྐུ་བཞེངས་ཀྱིས་ཚེ་མདའ་ཕུལ། ཙ་རུའི་ཚོགས་འཁོར་འབུལ་བཞེས་གནང་། དེ་ནས་གསོལ་འདེབས་མཎྜལ་རྒྱས་པའི་ས་གཞི་སྤོས་བྱུགས་མའི་མཇུག། དབུ་བཞུགས་འཁོན་རིགས་བསྟན་པའི་མངའ་བདག་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་སྐབས་སྤྱི་འཐུས་ཚོགས་གཙོ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་ནས་མཎྜལ་ཚོམ་བུ་ཟུར་བཏེགས་ཞུས་པ་དང་། ལྗགས་བཤད་གྲུབ་པ་དང་ཚོམ་བུ་འབུལ་བཞེས་དང་མུ་མཐུད་སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ། ཚེ་ཆང་། ཚེ་རིང་། ཚེ་མདའ། འབྲང་རྒྱས་པ། དབང་། དྲག་པོ། ཞི་བ། རྒྱས་པ་བཅས་དང་། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་ཚིག་བསྟུན་གྱིས་ཕུལ་ཏེ་དབུ་བཞུགས་རྡོར་སློབ་དང་བསྟན་བདག་བླ་ཆེན་རྣམས་ནས་མཇལ་ཞུས་པ་དང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་མཎྜལ་འདེགས་འབུལ་དང་། དེ་མུར་བླ་སྤྲུལ་ཆེ་ཁག་གཞན་དང་། ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། སྤྱི་འཐུས་ཚོགས་གཙོ་སྤྲེལ་པོ་རྣམས་ནས་མཇལ་ཞུས་པ་ཆབས་ཅིག་འབུལ་དངོས་སྤྱན་བསྟར་དང་། ཞལ་འདོན་༸རྒྱལ་བའི་ཞབས་བརྟན་དང། བསམ་ལྷུན། བར་ཆད་ལམ་སེལ་རྣམས་གསུང་མུར་གསོལ་ཇ་གཉིས་པ་ཕེབས། ཡོན་འབུལ། ཚོགས་འགྱེད་འགྲེམས་ཞུས། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་བོད་གཞུང་མང་གཞིས་བྱེས་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་དང་ལྷ་མི་ཡོངས་ནས་ཞེས་བརྟན་མ་བཅུ་གཉིས་དང་། རྒྱལ་བོ་སྐུ་ལྔ་ཐོག་མ་རྒྱ་གར་ནས་ཕེབས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་མཁན་སློབ་ཆོས་གསུམ་གྱིས་བཀའ་སྒོས་གཉེར་གཏད་དམ་ལ་བཏགས་པ་ཞིག་ཆགས་ཡོད་པ་རེད། རྨ་ཆེན་སྦོམ་ར་སོགས་ནི་བོད་ཀྱི་སྲིད་པའི་ལྷ་ཆེན་ཞེས་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ཆགས་ཡོད་པ་རེད། དེ་རིང་འདིར་ཆོས་བརྒྱུད་དང་བཅས་པ་ལྷ་མི་ཡོངས་ནས་བརྟན་བཞུགས་གསོལ་འདེབས་གནང་བ་དེ་ལྟར་རེད། ཁྱེད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བར་སྐབས་ངོས་ལ་དགའ་རབ་ཅིག་ན་བ་རེད། དེའི་སྐབས་སུ་བོད་གཞིས་བྱེས་གཉིས་ཙམ་དུ་མ་ཟད་པའི་འཛམ་བུའི་གླིང་གང་ས་གང་ནས་ངོས་ན་བ་ལ་སེམས་ཁྲལ་བྱས་ཏེ་སྨོན་ལམ་རྒྱག་མཁན་མང་པོ་བྱུང་སོང་། རྒྱ་ནག་ནང་ནས་ཀྱང་མང་པོ་བྱུང་སོང་། དད་པ་དང་དམ་ཚིག་གཡོ་བ་མེད་པའི་ཐོག་ནས་ལྷག་བསམ་རྣམ་དག་གིས་སྨོན་ལམ་བརྒྱབ་པ་རེད། དེ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱིར་བཏང་ལས་མ་བྱས་པ་དང་མི་འཕྲད། ལས་བྱས་པ་ཆུད་མི་ཟ་ཞེས་འགྲོ་སྟངས་དེ་ལྟར་རེད། སོ་སོའི་ལས་བསགས་པ་དེའི་འབྲས་བུ་སོ་སོས་མྱོང་བ་དང་། མི་གཞན་ཞིག་གིས་ལས་བསགས་ནས་རང་ལ་འབྲས་བུ་ཡོང་བ་ཡོད་པ་མ་རེད། ཡིན་ནའང་། ཕ་མ་གཅིག་པ་རིགས་རུས་ཀྱི་འབྲེལ་བ་ཡོད་པ། བླ་མ་དང་སློབ་མ་ཆོས་དང་དམ་ཚིག་གི་འབྲེལ་བ་ཡོད་པ། དེ་བཞིན་ཁྱིམ་ཚང་གཅིག་པ་དཔལ་འབྱོར་གྱི་ཐོག་ནས་འབྲེལ་བ་ཡོད་པ་དེ་ལྟ་བུ་ཚོ་གཅིག་གིས་དགེ་བ་སྒྲུབ་ན་ཅིག་ཤོས་ལ་ཕན་ཐོགས་ཡོང་གི་ཡོད་པ་ཆགས་ཡོད། དེར་བརྟེན། འདིར་སྨོན་ལམ་རྒྱག་མཁན་ཚོས་རྒྱབ་མདུན་མངོན་ལྐོག འཕྲལ་སེལ་གྱི་ཁེ་ཕན་ཐོག་ལ་འཁྲབ་པ་ལྟ་བུ་མིན་པར་བསམ་པ་རྣམ་དག་གི་ཐོག་ནས་སྨོན་ལམ་བརྒྱབ་པ་ཡིན་པས་ཏན་ཏན་བདེན་པའི་ནུས་པ་ཡོད་པ་རེད། ཁྱོད་རང་ཚོས་སྨོན་ལམ་བརྒྱབ་པ་དང་ཞབས་བརྟན་ཧ་ཅང་མང་པོ་སྒྲུབ་འདུག དེ་དག་ལ་ཏན་ཏན་ནུས་པ་ངེས་ཅན་ཞིག་ཡོད་པ་གསལ་བོ་རེད། ཚང་མར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།
དེ་ནས་ངོས་ལ་སྐྱེས་རབས་གོང་མའི་སྐད་ཆ་བཤད་རྒྱུ་མེད། ཡིན་ནའང་། ངོས་རང་ཚེ་འདི་ལ། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ།། རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌།། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག། དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས།། ཞེས་རྗེ་རིན་པོ་ཆེས་གསུངས་པ་ལྟར་ཆགས་ཡོད། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་། སྟོན་པའི་གསུང་ལ་སློབ་སྦྱོང་དགའ་རབ་བྱས་ཡོད། སྟོན་པའི་གསུང་ལ་སློབ་སྦྱོང་བྱེད་པའི་དོ་སྣང་ཧ་ཅང་ཆེན་པོ་སླེབས་ཡོང་དུས་པཎ་གྲུབ་བཅུ་བདུན་ལ་ཐུན་མོང་མ་ཡིན་པའི་དད་པ་སྐྱེས་པ་ཞིག་རེད། དེ་སྔ་བོད་ལ་རྒྱན་དྲུག་མཆོག་གཉིས་ཞེས་དེའི་ནང་དུ་ཟླ་བ་གྲགས་པ་དང་ཞི་བ་ལྷ། འཕགས་པ་གྲོལ་སྡེ། སློབ་དཔོན་སེངྒེ་བཟང་པོ་བཅས་ཡོད་པ་མ་རེད། དེ་དག་ངེས་པར་དུ་ཚུད་དགོས་ཀྱི་འདུག་བསམས། པཎ་གྲུབ་བཅུ་བདུན་གྱི་མཚན་མཐོང་ཡར་བཀྱག་པ་ཡིན་ན་ངོས་ལ་གསོལ་རས་རག་རྒྱུ་གང་ཡང་མི་འདུག ཡིན་ནའང་། མཁས་པ་འདི་དག་གི་གཞུང་ལ་བལྟས་ནས་སངས་རྒྱས་ཀྱི་ཆོས་འཛམ་གླིང་འདིར་གོང་དུ་འདེགས་ཐུབ་པ་ཞིག་ཡོང་ཐུབ་ཀྱི་འདུག དེར་བརྟེན། ངོས་ཀྱི་ངོས་ནས་ཆེན་པོ་ཤེས་ཀྱི་མེད་ཀྱང་། གཞུང་ཆེན་པོ་འདི་དག་ལ་སློབ་སྦྱོང་བྱེད་པར་ཧ་ཅང་དོ་སྣང་བྱེད་ཀྱི་ཡོད། དེང་སང་ཡང་དུས་ཚོད་ཡོད་སྐབས་གཞུང་ཆེ་མོ་འདི་དག་ལ་ཏོག་ཙམ་ཏོག་ཙམ་མིག་བཤེར་རྒྱག་པ་དང་མཇལ་ཀྱི་ཡོད། དེར་བརྟེན། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ།། རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང༌།། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག། གསུངས་པ་ལྟར་ཆུང་ཆུང་སྐབས་ནས་དབུ་མའི་ལྟ་བའམ་སྟོང་ཉིད་ཀྱི་ལྟ་བར་ངོས་རང་དོ་སྣང་ཡོད། ཕལ་ཆེར་ལོ་བཅུ་གཉིས་བཅུ་གསུམ་སྐབས་ནས་ངོས་རང་སྟོང་ཉིད་ཀྱི་ལྟ་བར་དམིགས་བསལ་གྱིས་དོ་སྣང་ཡོད། བསམ་བློ་མང་པོ་བཏང་བ་རེད། གཙོ་བོ་རྒན་དངོས་གྲུབ་ཚོགས་གཉིས་ལ་གོ་བསྡུར་ཞུ་བ་སོགས་མང་པོ་བྱས་ཡོད། ཅེས་སོགས་ནང་པ་སངས་རྒྱས་པའི་ཆོས་འདི་བཞིན་རིག་པའི་ལམ་ནས་གཏན་ལ་ཕབ་ཡོད་པའི་སྐོར་དང་། འཁོར་ལོ་དང་པོ་ནས་གསུམ་པའི་བར་དུ་རིམ་བཞིན་མཐོ་རུ་འགྲོ་བཞིན་ཡོད་པ་དང་། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། ཞེས་པས་འཁོར་ལོ་གསུམ་པོ་བསྟན་ཡོད་པ་སོགས་བཀའ་སློབ་བཀའ་དྲིན་སྩལ་བ་དང་། མུ་མཐུད་མགོན་པོ་གང་ཉིད་མཆོག་གི་ཁུར་འཁྱེར་གྱི་འགན་ཁུར་ཆེན་པོ་གསུམ་སྟེ། འགྲོ་བ་ཡོངས་ལ་བདེ་སྐྱིད་བསྐྲུན་ཐབས་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ཆོས་དང་རིིག་གཞུང་སྲུང་སྐྱོབ་བཅས་ཀྱི་སྐོར་བཀའ་སྩལ་བ་དང་།
གཞན་ཡང་། ས་སོགས་འབྱུང་བ་ཆེན་པོ་དང༌།། ནམ་མཁའ་བཞིན་དུ་རྟག་པར་ཡང༌།། སེམས་ཅན་དཔག་ཏུ་མེད་པ་ཡི།། རྣམ་མང་ཉེར་འཚོའི་གཞིར་ཡང་ཤོག། ཇི་སྲིད་ནམ་མཁའ་གནས་པ་དང༌།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་སྨོན་ལམ་རྒྱག་མཁན་ཞིག་ཡིན་པས་ད་ལྟ་ཁ་ཡོད་ལག་ཡོད་ཀྱིས་ངོས་ཀྱི་མི་ཚེ་འདིར་མི་ལ་ཏོག་ཙམ་ཕན་གྱི་འདུག དེར་བརྟེན། ཕན་ས་དེར་ག་ཚོད་ཚེ་རིང་བོར་འདུག་ཐུབ་ན་ཕན་གྱི་རེད། མཁྱེན་སོང་ངམ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས་དག་ཞིང་ལ་སྐྱེས་པའི་དགོངས་པ་མེད། གནས་གང་ལ་སེམས་ཅན་སྡུག་བསྔལ་གྱིས་མནར་སྡོད་ས་ཞིག་ལ་ཕན་ཐོགས་བྱེད་ཐུབ་པ་འདུག་ན་དེ་ནས་སྐྱེས་བསམ་པ་ཞིག་མ་གཏོགས་དག་ཞིང་ལ་བསམ་གྱི་མེད་གསུངས་ཀྱི་འདུག ངོས་རང་ཡང་དེ་རང་ཡིན། སྨོན་ལམ་དེ་རྒྱག་གི་ཡོད། ཁ་ཡོད་ལག་ཡོད་ཀྱིས་འཛམ་བུ་གླིང་འདིའི་སྒང་ལ་གང་ལ་གང་འཚམ་ཕན་གྱི་ཡོད་པ་རེད། དེར་བརྟེན། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པས་ཐུགས་སྨོན་གནང་བ་ལྟར་དགེ་འདུན་གྲུབ་པའི་སྐུ་ཚེ་དགུང་ལོ་ ༨༤ རེད། ངོས་རང་ལོ་ ༨༤ སླེབས་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་དགེ་འདུན་གྲུབ་པ་ལ་གསོལ་བ་སྨོན་ལམ་རྒྱབ་ནས་ད་དུང་ལོ་བཅུ་བཅོ་ལྔ་ལ་འཚོ་ཐུབ་པ་ཞིག་ལ་འཕྲིན་ལས་ཐུགས་རྗེ་བྱིན་རླབས་གནང་ཤོག་ཅེས་ཞུ་བཞིན་ཡོད། རྨི་ལམ་ལ་ཡིད་ཆེས་ཆེན་པོ་ཡོད་པ་མ་རེད་དེ། ཁྱོད་རང་ཚོས་གོ་མྱོང་ཡོད་དམ། ངོས་ལ་རྨི་ལམ་དཔེ་གསར་ཞིག་བྱུང་བ་རེད། ངོས་ཀྱིས་ཆུ་རྐྱལ་ཤེས་ཀྱི་ཡོད་པ་མ་རེད། ཚར་གཅིག་རྨི་ལམ་དུ་ངོས་རང་རྐྱལ་བརྒྱབ་ནས་ཆུ་ལ་བརྒལ་གྱི་འདུག ངའི་སྒལ་བའི་སྒང་ལ་དཔལ་ལྡན་ལྷ་མོ་འདུག སྐད་ཆ་བཤད་ནས་སྡོད་པའི་སྐབས་དཔལ་ལྡན་ལྷ་མོས་ཁྱོད་རང་ལོ་བརྒྱ་དང་བཅུ་སྡོད་རྒྱུར་ཐེ་ཚོམ་མེད་ཅེས་གསུངས་སོང་། གཞན་ཡང་། སྔོན་མ་སྔོན་མ་ངོས་ལ་རྨི་ལམ་ཞིག་བྱུང་བ་རེད། ལོ་བརྒྱ་དང་བཅུ་གསུམ་ཟེར་བའི་ལུང་བསྟན་དེ་འདྲའང་ཡོད་པ་རེད། དེ་རེ་བ་སྐམ་པོ་བརྒྱབ་སྡོད་པ་ལྟ་བུ་ཕལ་ཆེར་མ་རེད། མཚན་མ་ལྟ་བུ་ཕྲན་བུ་ཕྲན་བུ་ཡོད་པ་ཞིག་རེད། ད་གཤེགས་ཚར་སོང་མ་གཏོགས་ཀ་ཐོག་དགེ་རྩེ་རིན་པོ་ཆེའི་གོང་མའི་གོང་མ་རེད། དགེ་རྩེ་པཎྜི་ཏ་ཞུ་བ་དེས་ངོས་རང་ལོ་བརྒྱ་དང་བཅུ་གསུམ་ལ་འཚོ་ཐུབ་པའི་ལུང་བསྟན་ཞིག་འདུག ཕལ་ཆེར་ལོ་བརྒྱ་དང་བཅུ་སྡོད་ཐུབ་པ་རེ་བ་ཡོད་པ་ལྟ་བུ་འདུག ངོས་ཀྱིས་སེམས་ཤུགས་བསྐྱེད། ཁྱོད་རང་ཚོས་སྨོན་ལམ་བརྒྱབ་ཤོག
ན་ནིང་ངོས་རང་ལ་དྭགས་ལ་ཡོད་སྐབས་བཤད་རྒྱུ་བྱུང་། ལ་དྭགས་ཀྱི་ཡུལ་ཚོ་ཁ་ཤས་ཀྱིས་ཡོང་རོགས་ཟེར་གྱི་འདུག དེ་དུས་ངོས་རང་ལྷོད་ལྷོད་བྱས་ཏེ་བསྡད་ནས་ཚེ་རིང་པོ་ཞིག་དགའ་བ་འདུག་གམ། བྲེལ་བ་ཚ་བོ་བྱས་ཏེ་ཚེ་ཐུང་ཐུང་ཞིག་དགའ་བ་འདུག་ཅེས་བཤད་པ་ཡིན། འབྲེལ་ཡོད་ཚང་མས་ངལ་གསོ་རྒྱག་རོགས། ངལ་གསོ་རྒྱག་རྒྱུ་གལ་ཆེན་པོ་འདུག་ཅེས་གསུངས་ཀྱི་འདུག ངོས་ལ་དགོས་པ་དེ་རེད། མཐའ་དོན། དེ་རིང་འདིར་བརྟན་བཞུགས་གནང་བ་རེད། ལྷ་མི་ཟུང་འབྲེལ་གྱི་ཐོག་ནས་བརྟན་བཞུགས་གནང་ནས་རྟེན་འབྲེལ་ལྟོས་གྲུབ་ཀྱི་ཐོག་ནས་ཕན་ཐོགས་ཏན་ཏན་ཡོང་གི་རེད། ལོ་བརྒྱ་དང་བཅུ་གྲངས་ཤིག་ལ་འཚོ་ཐུབ་པར་ང་རང་ངོས་ནས་ཡིན་ནའང་སེམས་ཤུགས་བསྐྱེད་བཞིན་ཡོད་ལ་སྨོན་ལམ་རྒྱག་གི་ཡོད། ཕལ་ཆེར་འཕྲོད་བསྟེན་ཡག་པོ་བྱས་ན་སྡོད་ཐུབ་ས་རེད། དེ་ལྟར་ཡིན། ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས། ཞེས་སོགས་བཀའ་སློབ་སྩལ་རྗེས་ཆོས་རིག་བཀའ་བློན་མཆོག་གིས་གཏང་རག་མཎྜལ་འདེགས་འབུལ་དང་། སྤྱི་འཐུས་ཚོགས་གཞོན། བཀའ་བློན་རྣམ་པ། རང་དབང་ཅན་གྱི་འགན་འཛིན་རྣམ་པ་བཅས་ནས་མཇལ་ཁ་ཞུས་པ་དང་། ཞལ་འདོན་ཉི་གཞོན་འཆར་ཁ་མ་དང། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ། གསོལ་འདེབས་སྨོན་ཚིག་བདེན་པའི་རྔ་སྒྲ། བསྟན་འབར་མ། མཆོག་གསུམ་ཤིས་བརྗོད་བཅས་གསུང་མཐར་ཀ་ཁྲི་སྒྲོགས། བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་བརྟན་བཞུགས་མཛད་སྒོ་དངོས་གཞི་ལེགས་པར་གྲུབ།
དེ་ཡང་བརྟན་བཞུགས་འདི་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མའི་རིགས་ཕྲ་མོ་ཙམ་ཡང་ཞར་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཕྱིར། བོད་རྒྱལ་ལོ་ ༢༡༤༧ རབ་གནས་ས་ཕག་ལོའི་ཚེས་བཅུའི་གཟབ་གསོལ་སྤྱན་འདྲེན་སྐབས། གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་བདེ་ཐབས་སླད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཟབ་ཆོས་གསང་བ་རྒྱ་ཅན་གྱི་ནང་ཚན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་རྒྱས་པ་བསྟར་འབུལ་ཞུ་དགོས་ཕེབས་དོན་བཞིན། བོད་གཞིས་བྱེས་གཞུང་དམངས་ལྷ་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་ཆོག་པ་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀའ་བཞེས་བཟང་པོ་སྤྱི་བོར་བསོད་ནམས་ཀྱི་དཔལ་དུ་ཐོབ་པ་ལྟར། བོད་རྒྱལ་ལོ་ ༢༡༤༧ བོད་ཟླ་ ༣ ཚེས་ ༧ ནས་ ༡༢ བར་དང། ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༡ ནས་ ༡༦ བར་ཉིན་དྲུག་རིང་རྡོ་རྗེ་སློབ་དཔོན་འཁོན་རིགས་བསྟན་པའི་མངའ་བདག་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང། རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང། གནས་ཆུང་གྲྭ་ཚང། ཀིརྟི་བྱེས་པ་གྲྭ་ཚང་བཅས་ཀྱི་ཆོག་གྲྭ་དང་། བླ་སྤྲུལ་བསྙེན་མཚམས་པ་ཁག་གཅིག་བཅས་དགེ་འདུན་ཞལ་གྲངས་ ༥༠ སྐོར་ནས་སྐུ་ཚེ་ཚེ་སྒྲུབ་སྔོན་དུ་བཏང་སྟེ་བོད་ཟླ་ ༣ ཚེས་ ༡༤ ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༧ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང། ཚོགས་མཆོད་འབུལ་གཤོམས་བཅས་སྔོན་ཏུ་བཏང་སྟེ་བརྟན་བཞུགས་དངོས་གཞི་བསྟར་འབུལ་ཞུས་ཡོད་པ་རེད།