༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལར་ར་ཤཱི་ཡའི་དད་ལྡན་སེར་སྐྱ་མི་མང་གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་ར་ཤཱི་ཡའི་དད་ལྡན་ཆོས་ཞུ་བ་ ༡༡༠༠ ཐམ་དང་། ་ཨི་སི་རལ་ནས་མི་གྲངས་ ༥༢༤ ཨ་རི་ནས་ ༡༩༤ ཨིན་ཇི་ནས་ ༡༤༧ འཇར་མན་ནས་ ༡༣༧ བཅས་ཀྱིས་གཙོས་རང་རིགས་སོགས་འཛམ་གླིང་ཡུལ་གྲུ་ཁག་ ༦༩ ནས་མི་གྲངས་ ༨༠༠༠ བརྒལ་བར་རྒྱུད་བླ་མ་དང་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་དབུ་འཛུགས་མཛད་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་ ༩།༠༠ ཐོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་དགའ་ལྡན་ཁྲི་གདན་ཟུར་ལ་དབུ་གཏུགས་དང་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ལ་མཆོད་མཇལ་ཞུས་ཏེ་ཁྲིར་༸ཞབས་སོར་འཁོད་མཚམས་ར་ཤཱི་ཡིའི་ཆོས་ཞུ་བའི་སྐུ་ཚབ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་ནས་ཆོས་ཞུ་བ་རྣམས་ནས་ར་ཤཱི་ཡའི་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན།
ར་ཤཱི་ཡིའི་ཁུངས་ཀྱི་སོག་རིགས་དེ་སྔ་ནས་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་ཞུགས་མཁན་ཡིན་པ་དང་། བོད་གངས་ཅན་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་ཞིག་རེད། ཁྱོད་རང་ཚོ་གཙོ་བོར་གྱུར་ནས་ནམ་རྒྱུན་ནས་ང་ཚོས་ངོ་ཤེས་པའི་ཆོས་གྲོགས་ཚོ་དེ་རིང་འདིར་འཛོམས་པ་རེད། ཀོ་རུ་ཡ་སོགས་ནས་འཆར་ཅན་ཡོང་སྡོད་མཁན་ཁ་ཤས་ཡོད་པ་རེད། དེ་བཞིན་རྒྱ་རིགས་ཆོས་གྲོགས་ཁ་ཤས་ཀྱང་ཡོད་པ་འདྲ། དེ་ནས་བོད་རིགས་བཅས་གང་ལྟར་ང་ཚོ་ཚང་མ་དད་པ་དང་དམ་ཚིག་གཡོ་བ་མེད་པ་བྱས་ནས་དེ་རིང་འདིར་འདུས་པ་རེད།
ལོ་ཤས་ཤིག་ནས་ཁལ་མིག་དང་ཐུ་བ། བྷོ་ར་དོ་སོགས་ནས་ཡིན་པ་ནང་པ་མང་པོ་ཞིག་ལ་མགོ་སྟོད་ལྡི་ལིར་བཀའ་ཆོས་བྱ་རྒྱུ་བྱས་པ་རེད། རྗེས་ལ་དེ་ལ་འགྲོ་སོང་ཁག་པོ་བྱེད་ཀྱི་འདུག་ཅེས་ལ་ཐི་ཝི་ཡའི་རི་རྒ་གྲོང་ཁྱེར་དུ་ལོ་ཁ་ཤས་རིང་བྱས་པ་དེ་ལྟར་རེད། དེ་ནས་ག་ལེར་ག་ལེར་ཁྱོད་རང་ཚོ་སྟབས་བདེ་བོ་ཞིག་ཡོད་པ་རེད་དེ། ངོས་རང་རྒྱ་གར་ནས་གནམ་གྲུའི་ནང་དུ་ཆུ་ཚོད་བརྒྱད་རིང་འགྲོ་དགོས་དུས་དེ་ཁག་པོ་བྱེད་ཀྱི་འདུག དེར་བརྟེན། ཐེངས་འདི་ལྡི་ལིར་བྱ་རྒྱུ་བྱས་པ་རེད། ཡིན་ནའང་། བར་སྐབས་ངོས་རང་གཟུགས་པོ་མ་བདེ་བ་དགའ་རབ་ཅིག་བྱས་སོང་། སྨན་ཁང་ལ་ཕྱིན་ནས་སྨན་བཅོས་ཏོག་ཙམ་ཛ་དྲག་བྱེད་རྒྱུ་བྱུང་། དེ་ནས་རྡ་རམ་ས་ལར་ཡར་ཡོང་ནས་བསྐྱར་དུ་མར་ལྡི་ལིར་འགྲོ་མི་དགོས་པར་ར་ཤཱི་ཡའི་ཁུངས་ལ་གསུང་ཆོས་དེ་ལྡི་ལིར་བྱེད་མི་དགོས་པ་བྱས་ཏེ་འདིར་བྱས་ན་ཞེས་འདི་ལྟར་བྱས་པ་རེད། ཁྱོད་རང་ཚོར་བརྡབ་གསིག་ཕྲན་བུ་བྱུང་ཡོད་པ་རེད་དེ་ལྡི་ལིར་དེང་སང་ཚ་བ་ཆེན་པོ་ཡོད་པ་དང་། ཁ་དབུགས་བཙོག་པ་རེད། རྡ་རམ་ས་ལ་མཁའ་རླུང་ཧ་ཅང་གཙང་མ་ཡོད་པ་རེད། དེར་བརྟེན ཁྱོད་རང་ཚོ་འདིར་སྐྱིད་པོ་ཡོང་བའི་རེ་བ་ཡོད།
ཕལ་ཆེར་སངས་རྒྱས་ཀྱི་མདོ་ཞིག་གི་ནང་དུ་ཡོང་ཡོད། ངའི་བསྟན་པ་བྱང་ནས་བྱང་དུ་དར་ཡོང་ཞེས་པའི་གསུངས་ཤིག་ཡོད་པ་རེད། དེ་སྔ་ང་ཚོའི་བོད་ལ་གོ་བ་ལེན་སྟངས་ནི་རྒྱ་གར་གྱི་བྱང་དེ་བོད་དང་། དེའི་བྱང་ཨུ་རུ་སུའི་ཁུངས་ཀྱི་སོག་པོ་ཚོར་གོ་སྡོད་ཀྱི་ཡོད་པ་རེད། ཕལ་ཆེར་དངོས་ཡོད་གནས་ཚུལ་ལ་འདི་བདེན་པ་ཆགས་ཡོད། དང་པོ་རྒྱ་གར་ནས་བོད་ལ་དར། རྩ་བའི་བོད་ལ་མ་དར་གོང་ལ་རྒྱ་ནག་ལ་དར་བ་རེད། རྒྱ་ནག་ནས་ཡར་བོད་ལ་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་བཟའ་དང་གཉེན་འབྲེལ་གནང་ནས་ལྷ་སའི་ཇོ་བོ་དེ་རྒྱ་ནག་ནས་ཡར་ཕེབས་པ་རེད། དམིགས་བསལ་གྱིས་འབྲེལ་བ་བྱུང་ཡོད་པ་རེད། དེ་ནས་དུས་རབས་བརྒྱད་པའི་ནང་དུ་ཁྲི་སྲོང་ལྡེ་བཙན་གྱིས་སངས་རྒྱས་པའི་ཆོས་དེ་ཐད་ཀར་རྒྱ་གར་ནས་ཚུར་ཞུ་བའི་དགོངས་པ་བཞེས་ནས། དུས་རབས་བརྒྱད་པ་དགུ་བར་དཔལ་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་གྲས་མཁན་ཆེན་ཞི་བ་འཚོ་ཁོང་གདན་ཞུ་གནང་བ་དང་། ཁོང་གིས་ཆོས་ཀྱི་འགྲོ་སྟངས་དེ་བཙུགས་པ་རེད། སངས་རྒྱས་པའི་ཆོས་ལ་པཱ་ལིའི་ཆོས་བརྒྱུད་གཅིག་དང་ལེགས་སྦྱར་གྱི་ཆོས་བརྒྱུད་གཅིག་བཅས་གཉིས་འདུག པཱ་ལིའི་ཆོས་བརྒྱུད་དེ་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད། དེང་སང་འཛམ་གླིང་འདིར་ནང་པའི་ཡུལ་གྲུ་ཚང་མར་པཱ་ལིའི་གཞུང་ནས་གསུངས་པའི་སྡེ་སྣོད་གསུམ་དང་། སྡེ་སྣོད་གསུམ་གྱི་བརྗོད་བྱ་བསླབ་པ་གསུམ་དང་འདུལ་བའི་ཉམས་ལེན་དག་ཕལ་ཆེར་གཅིག་གྱུར་ཆགས་འདུག སྡེ་བ་མི་འདྲ་བའི་ཐོག་ནས་མདོ་དེ་ཁ་ཤས་ཀྱི་པཱ་ལིའི་ཐོག་གསུངས་པ་དང་། ཁ་ཤས་ཀྱིས་ལེགས་སྦྱར་ཐོག་གསུངས་པའི་ཐོག་ནས་ལྟུང་བའི་གྲངས་འདྲེན་ཕྲན་བུ་རྒྱས་བསྡུས་ཡོད་པ་ཞིག་རེད་མ་གཏོགས་གཞན་གཅིག་པ་རེད། ཕམ་པ། ལྷག་མ། སྤང་ལྟུང་། ལྟུང་བྱེད། འབའ་ཞིག་པ། དེ་དག་ཚང་མ་གཅིག་པ་ཆགས་བསྡད་འདུག
འཛམ་བུའི་གླིང་འདིར་ནང་པའིི་ཆོས་གཅིག་གྱུར་གྱི་གཞི་མ་ནི་པཱ་ལིའི་གཞུང་ཆགས་ཡོད་པ་རེད། པཱ་ལིའི་གཞུང་ནས་གསུངས་པའི་འདུལ་བའི་འགྲོ་སྟངས་དེ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་རེད། དེ་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་ལ་དེའི་སྒང་ལ་གཙོ་བོ་ནཱ་ལེནྡྲ་དེ་དུས་མཁས་པའི་ལྟེ་གནས་ཤིག་ཆགས་འདུག དེར་བརྟེན། ཚད་མ་རིག་པ་དང་དོད་བྱེད་པ་ཞིག་དང་། དེ་ལ་དང་དོད་བྱེད་སྐབས་སེམས་འདུལ་དགོས་པ་རེད་ཅེས་པའི་སེམས་ཇི་ལྟ་བུ་ཞིག་ཡིན་པ་དང་། དེ་མ་བཏུལ་བར་བྱེད་མཁན་ཇི་ལྟ་བུ་ཞིག་ཡིན་པ། དེའི་འགལ་ཟླའམ་གཉེན་པོ་ཇི་ལྟ་བུ་ཡིན་པ་དེ་དག་ལ་ཞིབ་ཚགས་པོའི་ཐོག་ནས་སེམས་ཁམས་རིག་པས་འགྲེལ་བཤད་རྒྱག་པ་ཞིག་བྱུང་བསྡད་ཡོད་པ་རེད། ཚད་མ་རིག་པའི་ཐོག་ནས་བརྟག་དཔྱད་བྱས་ནས་ཡོང་དུས་སེམས་བཏུལ་བ་ཟེར་བ་ནི་སེམས་མ་བཏུལ་བ་གསལ་བའི་སྒོ་ནས་སེམས་བཏུལ་བ་བཟོ་རྒྱུ་རེད་མ་གཏོགས། དེ་ལས་ལོགས་སུ་སྨོན་ལམ་བརྒྱབ་པ་གཅིག་པུས་སེམས་བཏུལ་བ་ཡོང་ཐབས་མི་འདུག དེར་བརྟེན། སེམས་ཁམས་རིག་པ་ཧ་ཅང་རྒྱས་པོ་ཆགས་ཡོད་པ་རེད། སེམས་འདུལ་ཐུབ་ཀྱི་ཡོད་དང་མེད་ཟེར་བ་དེ་ནི་ལྟ་བའི་ཐོག་ལ་ཐུག་བསྡད་ཡོད་པ་རེད།
གཙོ་བོ་ལྟ་བའི་ཐོག་ལ་རྒྱ་གར་ལ་བྱེ་བྲག་སྨྲ་བ། མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་ཞེས་བཞི་བྱུང་བ་རེད། དེ་དག་གིས་གང་ལྟར་བདག་མེད་ཕྲ་རགས་གསུངས་པ་ནི་སེམས་མ་བཏུལ་བ་བྱེད་མཁན་དེ་བདག་ཏུ་འཛིན་པས་བྱེད་ཀྱི་ཡོད་པ་དེ་སྔོན་ལ་ལ་ངོས་བཟུང་། བདག་ཏུ་འཛིན་པ་སེལ་བར་བདག་མེད་པའི་ལྟ་བ་དགོས་ཀྱི་ཡོད་པ་དེ་ཐོན་ཡོང་གི་འདུག ལྟ་བ་ལའང་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས། ཆོས་ཀྱི་བདག་མེད་ལ་གཟུང་འཛིན་གཉིས་སྟོང་གི་ཆོས་ཀྱི་བདག་མེད་དང་། བདེན་སྟོང་གི་བདག་མེད་ཅེས་སེམས་མ་བཏུལ་བར་བྱེད་མཁན་དེ་ཉོན་མོངས་གཙོ་བོ་བདེན་འཛིན་གྱིས་བྱེད་ཀྱི་ཡོད་པ་ཡིན་པས་དེའི་གཉེན་པོ་དག་ཧ་ཅང་ཞིབ་ཚགས་པོ་བྱས་ཏེ་གསུངས་འདུག དེང་སང་བལྟས་ཡོང་སྐབས་དེ་དག་ཚན་རིག་དང་མཐུན་པ་རེད་འདུག དཔེར་ན། ཚད་རྡུལ་དངོས་ཁམས་རིག་པ་(Quantum physics)ནི་སེམས་ཙམ་པའི་ཕྱི་དོན་འགོག་པ་དང་། དབུ་མ་བའི་མིང་བརྡའི་བཞག་ཙམ་ཟེར་བ་དང་ཏག་ཏག་འགྲོ་བཞིན་འདུག དེང་སང་ཚད་རྡུལ་དངོས་ཁམས་ལ་དོ་སྣང་ཆེན་པོ་ཡོད་པ་ཚོས་ཁོ་ཚོའི་ཉམས་མྱོང་གི་ཐོག་ནས་ཆོས་གང་དང་གང་ཡིན་ནའང་ང་རང་ཚོར་སྣང་བ་ལྟར་དུ་གྲུབ་ཡོད་པ་མ་རེད་ཟེར་བའི་ལྟ་ཚུལ་དེ། ཆགས་སྡང་གི་ཡུལ་མཐོང་ཡོང་དུས་ཡུལ་ལ་ཨ་འཐས་ཀྱིས་འཛིན་པ་ཞུགས་པ་དེ་ཉུང་བ་འདུག་ཅེས་བཤད་ཀྱི་འདུག དེ་ནཱ་ལེནྡྲའི་མཁས་པའི་དབང་པོས་གཏན་ལ་ཕབ་ནས་བཤད་པ་དང་ཏག་ཏག་ར་འཕྲོད་ཡོང་གི་འདུག
ནཱ་ལེནྡྲའི་ཆོས་བརྒྱུད་དེ་བྱང་ནས་བྱང་དུ་དར་གསུངས་པ་ནང་བཞིན་བོད་ལ་ཧ་ཅང་ཤུགས་ཆེན་པོ་དར་བ་རེད། བོད་ནས་ཆེན་པོ་ཧོར་གྱི་ཡུལ་ལ་སོག་པོ་ཕྱི་ནང་དབྱེ་འབྱེད་ཡོད་པ་མ་རེད། དེང་སང་ཆབ་སྲིད་ཀྱི་དབྱེ་བ་ཞིག་ཕྱེས་ཡོང་སྐབས་ནང་སོག་དང་ཕྱི་སོག ཨུ་རུ་སུའི་ཁུངས་ཀྱི་བྷོ་རེ་ཡ་དུ་ལ་སོགས་པའི་སོག་རིགས་ཀྱི་ས་ཁུལ་ཚང་མར་ཁྱབ་བསྡད་པ་ཞིག་རེད། འདས་པའི་ལོ་ཕལ་ཆེར་སྟོང་ཕྲག་གི་རིང་ལ་ས་ཁུལ་དེ་དག་ནས་མཁས་པའི་དབང་པོ་སྟོང་ཕྲག་མང་པོ་བྱུང་ཡོད་པ་རེད། སངས་རྒྱས་ཀྱི་བསྟན་པ་ལ་བསླབ་སྟེ་གཞུང་ཆེན་མོའི་ཐོག་ལ་ལེགས་སྐྱེས་ཕུལ་མཁན་ཧ་ཅང་མང་པོ་བྱུང་ཡོད་པ་རེད། ཅེས་བཀའ་སློབ་སྩལ་བ་དང་། ཆུ་ཚོད་༡༠ པར་གསོལ་ཇ་ཡོད་མེད་བཀའ་འདྲི་དང་འབྲེལ་གསོལ་ཇ་སླེབས་སོང་ན་ངོས་ཀྱིས་ཇ་དེ་འཐུང་ནས་དགོངས་པ་ཞུས་བཞག་ན་དྲན་སོང་། ཁ་སང་ངོས་ཀྱིས་རོབ་ཙམ་བཤད་པ་ལྟར་ཡིན། དགའ་རབ་སྡུག་པོ་ན་བྱུང་། ད་ལྟ་གཞི་ནས་གཟུགས་པོ་སོས་ནས་ཡོང་དུས་ངལ་གསོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་འདུག་ཅེས་འབྲེལ་ཡོད་ཚང་མས་བཤད་སྡོད་ཀྱི་འདུག ན་བའི་རྐྱེན་བྱས་ཏེ་ངོས་ལ་གུང་སེང་ཡག་པོ་རག་གི་ཡོད་པ་རེད། ཅེས་དང་།
གཞན་ཡང་། གང་ལྟར་ལོ་སྟོང་ཕྲག་གི་རིང་ལ་བསྟན་པ་བྱང་ནས་བྱང་དུ་དར་གསུངས་པ་ནང་བཞིན་བྱས་ཏེ། ཧོར་གྱི་ཡུལ་ཁག་ནས་མཁས་པའི་དབང་པོ་མང་པོ་བྱུང་ནས་ལེགས་བཤད་བརྩམས་ཡོད་མཁན་ཧ་ཅང་མང་པོ་རེད། ངོས་ཀྱིས་སློབ་གཉེར་བྱེད་པའི་སྐབས་སུ་སོག་པོའི་མཁས་དབང་དག་གིས་བྲིས་པའི་ཕར་ཕྱིན་གྱི་སྐོར་དང་། དབུ་མའི་སྐོར། གྲུབ་མཐའི་སྐོར་སོགས་མང་པོ་ཞིག་ལ་ངོས་ཀྱིས་བལྟས་མྱོང་། ཧ་ཅང་ཕན་ཐོགས་པོ་བྱུང་། ངོས་ལ་མཚན་ཞབས་ཚོའི་ནང་ནས་དབུ་མའི་ལྟ་བའི་སྐོར་ལ་དོ་སྣང་གསར་པ་ཡོང་བ་དང་། བློ་བསྐྱེད་ཡོང་བར་རྒན་དངོས་གྲུབ་ཚོགས་གཉིས་གཙོ་བོ་རེད། རྒན་དངོས་གྲུབ་ཚོགས་གཉིས་ནང་སོག་ནས་ཕེབས་པ་རེད། དེར་བརྟེན། ངོས་ཀྱི་མི་ཚེ་འདིར་ཆ་བཞག་ནའང་སོག་པོའི་མཁས་དབང་ཚོས་ཧ་ཅང་ཕན་ཐོགས་བྱུང་། དེང་སང་ཡིན་ནའང་རྒྱ་གར་ལྷོ་ཕྱོགས་ལ་སོག་པོའི་གྲྭ་རྒྱུན་བརྒྱ་ཕྲག་ཁ་ཤས་ཤིག་ཡོད་པ་རེད། མ་འོངས་པར་ཏན་ཏན་བསྟན་པ་ལ་ཕན་ཐོགས་བྱེད་ཐུབ་པའི་དམིགས་སྒོ་ཆགས་ཡོད་པ་རེད།
སངས་རྒྱས་ཀྱི་བསྟན་པ་ངོས་ཀྱིས་བཤད་མ་ཐག་པ་ནང་བཞིན་རིག་པ་ལ་བརྟེན་ནས་འགྲོ་རྒྱུ་ཞིག་རེད་མ་གཏོགས། ལྷག་པར་ནཱ་ལེནྡྲའི་ཆོས་བརྒྱུད་ལ་རིག་པ་བརྟེན་ནས་འགྲོ་རྒྱུ་ཞིག་རེད་མ་གཏོགས་ལུང་ཙམ་ལ་ཡིད་ཆེས་བྱས་ནས་འགྲོ་རྒྱུ་ཞིག་མ་རེད། བཅོམ་ལྡན་འདས་ཁོང་གིས་ཀྱང་། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟགས་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་གསུངས་འདུག བཅོམ་ལྡན་འདས་ཁོང་གི་བཀའ་ལ་སངས་རྒྱས་ཀྱི་བཀའ་རེད་ཅེས་དད་པ་བྱས་ནས་ཁས་ལེན་དགོས་པ་མ་རེད། བཅོམ་ལྡན་འདས་ཀྱི་བཀའ་ལ་རྒྱབ་རྟེན་ཚད་མ་ཡོད་མེད་དཔྱད་པ་བྱས་ནས་དཔྱད་པའི་དཔྱད་མཐའ་ལ་ཚོད་ལྟ་བྱས་ཏེ་རྒྱུ་མཚན་ལྡན་པ་ཞིག་དང་། ཁ་ཡོད་ལག་ཡོད་ཀྱིས་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་ཡོད་ན་ཁས་ལེན་བྱོས་གསུངས་ཡོད། འཛམ་གླིང་འདིར་ཆོས་ལུགས་མང་པོ་ཡོད་པ་རེད། ཆོས་ལུགས་ཚང་མས་མི་དུང་ཕྱུར་མང་པོ་ལ་ཕན་གྱི་ཡོད་པ་རེད། རེད་དེ་རང་རང་གི་སྟོན་པ་ལ་ཡིད་ཆེས་བྱས་ཏེ་འགྲོ་བ་ཞིག་མ་གཏོགས་སྟོན་པ་རང་ཉིད་ཀྱི་གསུངས་པ་ལ་བརྟག་དཔྱད་བྱོས་ཞེས་ཕལ་ཆེར་ནཱ་ལེནྡྲའི་ཆོས་བརྒྱུད་ལ་མ་གཏོགས་ཡོད་པ་མ་རེད། དེར་བརྟེན། སངས་རྒྱས་པའི་ཆོས་འདི་རིགས་པ་གཙོ་བོ་བྱས་ཏེ་བརྟག་དཔྱད་བྱས་ནས་འགྲོ་བཞིན་ཡོད་པས་དེ་སང་ཚན་རིག་པའི་མཉམ་དུ་ཕན་ཚུན་བློ་བསྐྱེད་ལེན་རེས་བྱེད་པར་ཧ་ཅང་ཕན་ཐོགས་འདུག དེ་ལྟར་རེད།
ཁྱོད་རང་ཚོ་ལོ་རྒྱུས་ཀྱི་ཐོག་ནས་ཡོད་པའི་སངས་རྒྱས་ཀྱི་ཆོས་ཚུལ་འདི་དུས་རབས་ ༢༡ པའི་ནང་ལ་དངོས་གནས་ཚན་རིག་པའི་མཉམ་དུ་ཕན་ཚུན་བགྲོ་གླེང་བྱས་ནས་འགྲོ་ཐུབ་པའི་ཆོས་བརྒྱུད་ཅིག་ཆགས་ཡོད་པ་རེད། དེང་སང་འཛམ་གླིང་འདིར་གནས་ཚུལ་མང་པོ་ཞིག་ཤར་ནུབ་ལྷོ་བྱང་གི་ས་ཁུལ་མང་པོ་ཞིག་གི་གནས་ཚུལ་ལ་དོ་སྣང་བྱེད་མཁན་ཡོང་གི་ཡོད་པ་རེད་ལ། གནས་ཚུལ་ཤེས་མཁན་ཡང་མང་པོ་ཡོང་གི་ཡོད་པ་རེད། དེ་ལྟ་བུའི་ཐོག་ནས་དེ་སྔ་སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་མེད་པའི་ཡུལ་གྲུ་ཚོའི་ནང་ལ་ཡིན་ནའང་། སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་ཡོང་གི་འདུག དེ་ལྟ་བུའི་གནས་སྟངས་ཤིག་གི་འོག་ནས་ར་ཤཱི་ཡ་ས་ཆའི་བབ་ནས་ཡུ་རོབ་དང་ཨེ་ཤ་ཡ་མཐུད་རྒྱག་མཁན་རེད། དེར་བརྟེན། ཁྱོད་རང་ཚོ་ཏོག་ཙམ་གནད་འགག་ཆེན་པོ་རེད། ར་ཤཱི་ཡའི་མི་རིགས་དཀར་པོའི་ནང་དུའང་དེང་སང་དོ་སྣང་བྱེད་མཁན་དཔེར་ན། མའོ་སི་ཁོ་གཙུག་ལག་སློབ་གྲྭའི་ཐོག་ནས་དོ་སྣང་ཧ་ཅང་ཤུགས་ཆེན་པོ་བྱེད་ཀྱི་འདུག ཅེས་སོགས་བཀའ་སློབ་སྩལ་རྗེས་ཆུ་ཚོད་ ༡༠།༣༠ ཙམ་ལ་ཉིན་དང་པོའི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ནས་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་།
ཉིན་གསུམ་རིང་གི་གསུང་ཆོས་འདི་བཞིན་ཐེངས་འདིའི་ཆོས་འབྲེལ་ཨུ་རུ་སུ་དང་། ཧིན་ངྷི། སོག་པོ། རྒྱ་ནག ཨིན་ཇི། ཉི་ཧོང་། ཝི་ཏི་ནམ། ཀོ་རི་ཡ། ཨི་ཊ་ལི། ཕ་རན་སི། སི་པན། འཇར་མན་བཅས་ཀྱི་སྐད་ཡིག་ནང་གསུང་སྒྱུར་ཞུ་བཞིན་ཡོད་པ་མ་ཟད། སྐད་རིགས་སོ་སོའི་ཐོག་དྲ་ལམ་ནས་ཐད་གཏོང་ཞུ་བཞིན་པ་དང་། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་ནས་ཉིན་གསུམ་རིང་གི་གསུང་ཆོས་འདི་བཞིན་མོན་གྷོར་གནས་སྡོད་དད་ལྡན་སེར་སྐྱ་ཡོངས་ལ་དྲ་ལམ་ཐད་གཏོང་ལ་གསན་གཟིགས་ཀྱི་མཐུན་འགྱུར་ཞུས་ཡོད་འདུག་པ་བཅས།