༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༥ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོ་སྲུང་བརྩིའི་ལས་རིམ་དུ་གོ་སྒྲིག་ཞུས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོ་དགོངས་པ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོར་དབུ་བཞུགས་དང་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་༨།༠༠ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་རྣམ་གྲྭ་མཁན་རིན་པོ་ཆེས་སྤོས་སྣེས་མདུན་བསུ་དང་བཅས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་རྒྱུན་ཆགས་གསུམ་པ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས། ལམ་གཙོ་རྣམ་གསུམ། པཎ་གྲུབ་བསྟོད་ཆེན་བཅས་གསུང་འདོན་གནང་བ་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་དོན།
ཚེས་ ༨ ཉིན་ཡར་འབྱོར་བ་རེད། བདེ་ཐང་ཡིན། ཚེས་ ༩ ཡི་ཞོགས་པར་གཟུགས་པོ་འཁྱོར་ནས་ཧ་ཅང་མ་བདེ་བ་འདུག དེ་ནས་ལམ་སེང་ཐག་བཅད་ནས་མར་ལྡི་ལིར་མར་ཕྱིན་པ་ཡིན། མར་ནས་སྨན་བཅོས་བྱེད་པ་དེ་ཁབ་བཙུགས་ནས་དགའ་རབ་སྡུག་པོ་བཏང་བྱུང་། ན་ཚའི་ན་ཟུག་མེད་ཀྱང་སྨན་བཅོས་བྱས་པས་ཧ་ཅང་རྙོག་དྲ་བྱུང་ཡང་རྗེས་ལ་སེང་དྲག་རེད། ཡིན་ནའང་། ཏོག་ཙམ་ལྷོད་ལྷོད་བྱས་ཏེ་ངལ་གསོ་རྒྱག་དགོས་པ་གལ་ཆེན་པོ་འདུག ཕྱོགས་གཅིག་ནས་བསམ་བློ་བཏང་ན་ད་རེས་ན་ཚ་དགའ་རབ་ཤུགས་དྲག་པོ་བྱུང་བ་དེ་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། གུང་སེང་མང་པོར་བསྡད་དགོས་ཀྱི་འདུག ངོས་ཀྱི་ངོ་ཤེས་པ་བདེ་སྲུང་བ་ཁ་ཤས་ཀྱིས་མཛད་འཆར་ཉུང་རུ་གཏོང་དགོས་ཀྱི་འདུག་ཅེས་བཤད་ཀྱི་འདུག ངོས་ཀྱིས་ཀྱང་དེ་ག་རང་བྱས་ཏེ་ཉིན་རྟག་པར་མི་དགོས་པ་བྱས་ཏེ་བང་ཞིག་སྒྲིག་ཡོད། ཝ་ར་ན་སིར་སྔོན་མ་རྟགས་གསལ་གཏོང་བའི་སྐབས་སུ་རིན་པོ་ཆེས་ད་འདི་ཙམ་རེད་ཅེས་སྐད་བརྒྱབ་ནས་བཤད་རྒྱུ་ཞིག་ཡོད། དེ་བཞིན་ངོས་ཀྱིས་མང་དྲག་གི་ཡོད་ན་ད་འདི་ཙམ་རེད་ཅེས་ལབ་ཤོག་ཅེས་སོགས་བཞད་མོ་དང་སྦྲགས་བཀའ་ཕེབས་རྗེས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས།
དེ་ནས་རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་རྗེས་དྲན་བགྲོ་གླེང་ཆེན་མོའི་དགོས་དམིགས་སྐོར་གསུང་བཤད་གནང་བ་དང་། དེ་རྗེས་རྣམ་གྲྭ་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ནས་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་གི་བརྗོད་གཞི་དང་། གསུང་བཤད་པ། གཙོ་སྐྱོང་བ། ཉིན་རེའི་མཛད་རིམ། ཟུར་ཉན་ཚོགས་ཞུགས་པའི་གྲུབ་ཆ་བཅས་ངོ་སྤྲོད་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
ངོས་ཀྱིས་དེ་རིང་ཁ་སང་ང་ཚོ་ནང་པ་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་བྱེད་དགོས་པ་རེད་ཅེས་འཆར་ཅན་བཤད་སྡོད་ཀྱི་ཡོད། ང་རང་ཚོ་བོད་ལ་ཆ་བཞག་ན་ཕལ་ཆེར་ཆོལ་ཁ་གསུམ་རྒྱ་ཁྱབ་ཡོངས་རྫོགས་ནང་པའི་རྗེས་སུ་ཞུགས་མཁན་རེད། བོན་ཡོད་པ་རེད། བོན་ནི་ནང་པའི་གཞུང་དང་འདྲེས་ནས་ནང་པའི་གཞུང་ལ་སློབ་སྦྱོང་བྱེད་ཀྱི་ཡོད་པ་རེད། དེར་བརྟེན། བོད་ལ་སངས་རྒྱས་པའི་ཆོས་ནི་དཀར་འཇམ་ཡུག་གཅིག་ཏུ་ཁྱབ་ཡོད་པ་ཞིག་རེད། ཡིན་ནའང་། ཏོག་ཙམ་ཞིབ་ཚགས་པོ་བྱས་ཏེ་བལྟས་པ་ཡིན་ན་དད་པ་ཡོད་པ་རེད། དད་པའི་ཐོག་ནས་སྨོན་ལམ་བརྒྱབ་པ་དང་ཆོ་ག་ཕྱག་ལེན་བཏོན་བསྡད་པ་ལྟ་བུ་བྱེད་ཀྱི་ཡོད་པ་རེད། སངས་རྒྱས་པའི་ཆོས་ཟེར་བ་དེ་ལ་ཁྱད་ཆོས་ག་རེ་ཡོད་པ་རེད་དམ། རྒྱ་གར་ནས་བྱུང་བ་རེད། རྒྱ་གར་ལ་མ་བྱུང་གོང་ལ་ཞི་གནས་དང་ལྷག་མཐོང་ཟེར་བ་སོགས་ཡོད་པ་རེད། སངས་རྒྱས་ཀྱིས་མི་འདྲ་བ་གང་དག་གསུངས་ཡོད་པ་རེད། དེ་རྒྱུ་མཚན་ཅི་ཞིག་གི་ཐོག་ནས་གསུངས་འདུག མཐར་གཏུགས་ན་རྟེན་འབྱུང་གི་དེ་ཁོ་ན་ཉིད་རེད་འདུག རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པ་ནི་བཅོམ་ལྡན་འདས་ཉག་གཅིག་གིས་མ་གཏོགས་གཞན་སུ་གཅིག་གིས་གསུངས་ཀྱི་ཡོད་པ་མ་རེད། སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་དངོས་མ་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཅེས་པ་འདིའི་ཐོག་ནས་ཡོང་གི་ཡོད་པ་རེད། ངོ་སྤྲོད་ཙམ་མ་ཡིན་པར་རྟེན་འབྱུང་གི་དེ་ཁོ་ན་ཉིད་ཀྱིས་སེམས་ལ་འགྱུར་བ་ཅི་ལྟར་གཏོང་གི་ཡོད་མེད། བདེ་སྐྱིད་ཅེས་པ་ནི་སེམས་བཏུལ་ན་བདེ་བ་དང་ཞི་བ་རེད། སེམས་མ་བཏུལ་ན་སྡུག་བསྔལ་རེད། དེར་བརྟེན། སེམས་མ་བཏུལ་བ་བཏུལ་བར་ཅི་ལྟར་བྱེད་དགོས་ཀྱི་འདུག མ་ཞི་བ་ཞི་བར་ཅི་ལྟར་བྱེད་དགོས་ཀྱི་འདུག སྨོན་ལམ་བརྒྱབ་ནས་སངས་རྒྱས་མཁྱེན། སངས་རྒྱས་མཁྱེན། ང་རང་ཚོས་ནམ་རྒྱུན་བླ་མ་མཁྱེན་ཟེར་བསྡད་ཀྱི་ཡོད་པ་རེད།
ངོས་ལ་འདིའི་ཐད་སྒྲུང་ཞིག་ཡོད། ཀརྨ་པ་རིན་པོ་ཆེའང་ངོས་ཀྱིས་འདི་ཞུས་པ་ཡིན། ཁམས་པ་ཕལ་ཆེར་ཞིག་ཡོང་གི་ཡོད་པ་རེད། ཁོ་ཚོས་གཡག་ཁ་ཤས་བདས་ཡོད་འདུག ཁོ་ཚོ་གཙང་པོའི་ཆུ་ལ་བརྒལ་སྐབས་ཀརྨ་པ་མཁྱེན། ཀརྨ་པ་མཁྱེན་ཞེས་སྨོན་ལམ་བརྒྱབ་པ་རེད། དེ་ནས་གཡག་གཅིག་ཆུས་འཁྱེར་བ་རེད། དེ་ནས་ཀརྨ་པའི་རོ་ལབ་པ་རེད། དད་པ་ཡོད་པ་རེད་དེ་རྒྱུ་མཚན་ལ་བརྟག་དཔྱད་བྱས་ནས་ཕྱི་ནང་གི་ཁྱད་པར་ཅི་ཡིན་པ་དང་། སངས་རྒྱས་པའི་ཆོས་སྤྱི་དང་། སངས་རྒྱས་པའི་ཆོས་ཟེར་དུས་བདེན་བཞི་མི་རྟག་སོགས་བཅུ་དྲུག་ནས་བྱང་ཕྱོགས་སོ་བདུན་སོགས་པཱ་ལིའི་གཞུང་དང་ལེགས་སྦྱར་གྱི་གཞུང་ཚང་མ་ཐུན་མོང་པ་རེད། དེ་གལ་ཆེན་པོ་འདུག ཡང་སྐབས་རེར་ང་ཚོ་ཐེག་ཆེན་པ་རེད། ཁོང་ཚོ་ཐེག་དམན་པ་རེད་ཅེས་བཤད་པ་དེ་ནོར་འཁྲུལ་རེད། ཐེག་དམན་པ་ཅེས་དམན་པར་འཇོག་པ་ཞིག་མདོ་སྡེ་རྒྱན་ནང་དུ་ཐ་སྙད་དེ་ཡོང་ཨེ་ཡོད། གང་ལྟར་པཱ་ལིའི་གཞུང་སངས་རྒྱས་པའི་ཆོས་ཀྱི་གཞི་མ་ཆགས་ཡོད་པ་རེད། ཡུལ་ཝ་ར་ཎ་སི་ནས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་དང་པོ་གསུངས་པའི་ནང་ཡོད་པ་ནི་པཱ་ལིའི་གཞུང་རེད། དེ་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་རེད། དེ་ལ་ང་ཚོས་དོ་སྣང་ཡག་པོ་བྱས་ན་འཛམ་གླིང་གི་ནང་པའི་གནས་ཚང་མ་གཅིག་གྱུར་ཆགས་ཐུབ་ཀྱི་འདུག
དེ་ནས་ལེགས་སྦྱར་གྱི་ཆོས་བརྒྱུད་སྤྱི་དང་ལྷག་པར་སྔགས་ཀྱི་ཕྱོགས་ལ་སླེབས་ཡོང་སྐབས་ནང་པ་གཞན་དང་ཏོག་ཙམ་མི་འདྲ་བ་ཆགས་ཡོང་མཁན་ཞིག་འདུག གང་ལྟར་ཡང་སྙིང་སངས་རྒྱས་པའི་ཆོས་པཱ་ལིའི་ཆོས་བརྒྱུད་ནང་ཡོད་པ་དེ་དག་རྨང་གཞི་རེད། དེའི་སྒང་ལ་ནཱ་ལེནྡྲ་མཁས་པའི་ལྟེ་གནས་ཤིག་ཡིན་པས་སངས་རྒྱས་པའི་ཆོས་ཀྱི་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། ལྷག་པར་དུ་སྟོང་བདག་མེད་སོགས་ལ་ཞིབ་ཚགས་པོའི་ཐོག་ནས་འགྲེལ་བཤད་སྐྱོན་ཡོད་པ་ནི་འཁོར་ལོ་བར་བའི་ནང་ལ་ཆགས་ཡོད་པ་རེད། ཅེས་སོགས་དང་། གཞན་ཡང་། ཐ་མག་འཐེན་ན་གཟུགས་པོར་གནོད་ཀྱི་ཡོད་པའི་སློབ་གསོ་མང་ནའང་སྤངས་ཐུབ་ཀྱི་མེད་སྐོར་རྒྱ་གར་གྱི་མཁས་པ་ཁག་གཅིག་དང་བཀའ་མོལ་བྱུང་བར་མགོན་པོ་གང་ཉིད་མཆོག་གིས་ཐོས་བྱུང་གི་ཤེས་རབ་གཅིག་པུ་མ་ཡིན་པར་བསམ་བྱུང་གི་ཤེས་རབ་ཐོག་ནས་ཡང་ཡང་བསམ་ནས་ངེས་པ་རྙེད་པར་བྱེད་དགོས་པ་སོགས་བཀའ་སློབ་ལམ་སྟོན་སྩལ་བའི་སྐོར་དང་། དེ་ནས་དཔལ་དུས་ཀྱི་འཁོར་ལོའི་སྐོར་ལ་བཀའ་སླབ་སྩལ་རྗེས་་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་མོ་དགོངས་པ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་པོ་ ༦༠༠ འཁོར་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོར་དབུ་བཞུགས་མཛད་རིམ་ལེགས་པར་གྲུབ་ནས་བཞུགས་སྒར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།