༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་འཆོག་ཆོག་མཛད་ཡོད་པ་རེད།
དེ་ཡང་ཐོག་མར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། སྔོན་དུ་ངོས་ཀྱིས་གཞི་བདག་གཏོར་མ་ཞིག་གདོན་རྒྱུ་ཡིན། ནམ་རྒྱུན་བགེགས་གཏོར་འདོན་བཞིན་ཡོད། བླ་མ་རྣམ་པ་ཚོས་སོ་སོའི་ནམ་རྒྱུན་ཕྱག་ལེན་གང་ཡོད་པ་དེ་དག་མུ་མཐུད་གནང་བ་ཡིན་ན་ཡག་རྒྱུ་རེད། ངོས་ཀྱི་ངོས་ནས་སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། ཟེར་བ་དེར་ཉིན་རེ་བཞིན་བསམ་བློ་གཏོང་བཞིན་ཡོད། དེའི་ལག་རྗེས་སུ་སྣང་སྲིད་གཉེན་ལ་ཤར་བ་མ་གཏོགས་གདུལ་རྒྱུའི་དགྲ་དང་སྐྲོད་རྒྱུའི་བགེགས་ཟེར་བ་བློ་ལ་རྩ་བ་ནས་ཤར་གྱི་མི་འདུག
དེ་སྔ་ང་ཚོས་བོད་དུ་བགེགས་གཏོར་བཏང་ནས་བགེགས་མཐའ་དག་རྒྱ་མཚོའི་ཕ་རོལ་དུ་བསྐྲད་ཟེར་གྱི་ཡོད། རྒྱ་གར་ལ་མཚོན་ན་གང་ཙམ་རྒྱ་མཚོའི་འགྲམ་ལ་ཡོད། དེ་ནས་ད་དུང་ཕ་རོལ་དུ་བསྐྲད་པ་ཡིན་ན་སིནཧཱ་ལ་དང་། དེ་ནས་ཨ་ཕི་རི་ཀ། ད་དུང་བསྐྲད་པ་ཡིན་ན་ཨ་རིར་བསླེན་ཉེན་ཡོད། དེང་སྐབས་ང་ཚོའི་མི་མང་པོ་ཞིག་ཨ་རིར་དོན་གཉེར་ཆེན་པོ་བྱས་ནས་འགྲོ་བཞིན་འདུག ༼ ཞལ་ཤོབ་མཛད་ ༽ དེར་བརྟེན། ངོས་རང་བགེགས་གཏོར་དེ་བློར་རྩ་བ་ནས་བབ་པོ་ཞིག་མི་འདུག
ལྷའི་རྣལ་འབྱོར་བཏོན་ནས་གཏོར་མ་བཏང་བ་དེ་གྲས་གང་ལྟར་སྣང་སྲིད་ཀྱི་སེམས་ཅན་ཚང་མ་གཉེན་དུ་བལྟས། ཚེ་རབས་ནས་ཚེ་རབས་དེ་དག་ལ་དངོས་དང་བརྒྱུད་པའི་སྒོ་ནས་ཕན་ཐོགས་བྱས་བསམས་པ་མ་གཏོགས་འདིས་ངོས་ལ་གནོད་རྒྱུ་རེད་བསམས་པ་དང་། དེས་ངོས་ལ་འཚེ་བ་བྱ་རྒྱུ་རེད་བསམས་པ་གང་ཡང་དྲན་གྱི་མིན་འདུག དེར་བརྟེན་ངོས་ཀྱིས་བགེགས་གཏོར་བཏོན་གྱི་མེད།
དེ་རིང་གསང་སྔགས་ཀྱི་ཆོས་ཁ་སང་ངོས་ཀྱིས་ལབ་པ་དེ་རེད། ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་སོགས་པ་འཁོར་ལོ་གསུམ་པོ་སྤྱི་ཡོངས་དེ་བསྟན་པ་སྤྱི་བཙན་དབང་དུ་གསུང་པ་རེད། གསང་སྔགས་དེ་དག་གང་ཟག་སྒོས་བཙན་བྱས་ནས་དམིགས་བསལ་ཁམས་དང་མོས་པ་སོགས་ཆ་རྐྱེན་ཡོད་པ་ཞིག་གི་ཐོག་ནས་གང་ཟག་སྒོས་བཙན་ཟེར་ནས་སྔགས་ཀྱི་ཆོ་ག་དེ་གསུང་པ་རེད། སྔགས་ཀྱི་ཆོ་ག་ལ་རྒྱུད་སྡེ་བཞི་ཡོད། ཡང་ཕྱི་རྒྱུད་དྲུག ནང་རྒྱུད་དྲུག་བྱས་ནས་ཐེག་པ་རིམ་པ་དགུ་བཤད་པ་ཡིན་ན་ཉན་ཐོས་རང་རྒྱལ། བྱང་སེམས། ཀྲི་ཡ་ཨུ་པ་ཡོ་ག མ་ཧཱ་ཨ་ནུ་ཨ་ཏི། ཨ་ཏི་རྫོགས་པ་ཆེན་པོ་ཟེར་ནས་ཐེག་པ་རིམ་པ་དགུ་བཤད་རྒྱུ་ཡོད། ཕྱི་རྒྱུད་ཟེར་ནའང་འདྲ། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་དེ་དག་སྔོན་འགྲོ་ལྟ་བུ་རེད་འདུག སྔགས་ཀྱི་ཟབ་ཁྱད་ཀྱི་ཁྱད་ཆོས་ཆ་ཚང་ཐོན་ཡག་དེ་སྔགས་བླ་མེད་སྐབས་སུ་འཐོན་གྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ།
ཐེངས་འདིར་རྒྱ་གར་ལྷོ་ཕྱོགས་དགོན་སྡེ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུ་པ་ལྟར་མགོན་པོ་གང་ཉིད་འབྱུང་འགྱུར་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་ཆིབས་སྒྱུར་བསྐྱང་རྒྱུའི་དགོངས་པ་བཞེས་བཞིན་ཡོད་པ་སོགས་བཀའ་སློབ་སྩལ།