༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་༩།༠༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་མཎྚལ་རྟེན་གསུམ་འདེགས་འབུལ་ཞུགས་པ་དང་། དེ་ནས་སྨྲ་བསམ་བརྗོོད་མེད་སོགས་གསུང་འདོན་གནང་རྗེས་བཀའ་སློབ་སྩལ་དོན། དེ་རིང་དབུ་མའི་སྙིང་པོའི་ཆོས་འབྲེལ་ཞུ་རྒྱུ་རེད། སྔོན་ལ་ངོས་ཀྱིས་འདི་བཤད་འདོད་བྱུང་། རྗེ་རིན་པོ་ཆེའི་སྔགས་རིམ་ཆེན་མོའི་ལེའུ་དང་པོའི་གཞུག་ཏུ། དེའི་ཕྱིར་ཀྱེ་ཀྱེ་བློ་གྲོས་འདུན་ལྡན་དག། རྣམ་དག་རིགས་པས་བློ་གྲོས་མིག་སྦྱོངས་ལ།། ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི།། བསྟན་པའི་གནད་ལ་ངེས་པ་བརྟན་པོ་འཚོལ།། ཞེས་གསུངས་ཡོད། འདི་ཡིས་རྣམ་དག་རིགས་པས་བློ་གྲོས་ཀྱི་མིག་སྦྱོངས་དགོས་པ་རེད། ལུང་ཙམ་གྱིས་དད་པ་བྱས་པས་ལྡེང་གི་ཡོད་པ་མ་རེད། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་མཇུག་ཏུ་ངོས་ཀྱིས་བྲིས་ཡོད། གཞི་ཡི་གནས་ཚུལ་བདེན་གཉིས་དོན་ཤེས་པས།། བདེན་བཞིས་འཁོར་བ་འཇུག་ལྡོག་ཇི་བཞིན་ངེས།། ཚད་མས་དྲངས་པའི་སྐྱབས་གསུམ་དད་པ་བརྟན།། ཐར་ལམ་རྩ་བ་ཚུགས་པར་བྱིན་གྱིས་རློབས།། ཞེས་བྲིས་ཡོད། འདིའི་བསམ་བློ་གཏོང་ས་ནི་མངོན་རྟོགས་རྒྱན་གྱི་ནང་དུ། སྒྲུབ་དང་བདེན་པ་རྣམས་དང་ནི།། སངས་རྒྱས་ལ་སོགས་དཀོན་མཆོག་གསུམ།། མ་ཞེན་ཡོངས་སུ་མི་ངལ་དང་།། ཞེས་གསུངས་ཡོད་པ་ལྟར་སངས་རྒྱས་པའི་ཆོས་ཀྱི་ངོ་སྤྲོད་འདི་ལྟར་བྱེད་དགོས་པ་རེད་འདུག གཞི་བདེན་པ་གཉིས། བདེན་པ་གཉིས་ཀྱི་ཁུངས་ནས་བདེན་བཞི་དང་། དེ་ལ་བརྟེན་ནས་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་ངོ་འཕྲོད། དེ་ལྟ་བུའི་ཆོས་དཀོན་མཆོག་སྟོན་མཁན་གྱི་སྟོན་པ་པོ་དེ་རྐང་གཉིས་རྣམས་ཀྱི་མཆོག་ཡིན་པ་ཤེས་ཐུབ་པ་ཞིག་དང་། དེ་ནས་འགོག་ལམ་གྱི་ཆོས་ལ་གོ་བ་ཆགས་ཡོང་དུས་ཆོས་རྣམས་ཀྱི་མཆོག་ཞི་བ་མྱ་ངན་ལས་འདས་པའི་ཆོས་ལ་སྐྱབས་སུ་མཆིའོ།། དེ་ནས་ཚོགས་རྣམས་ཀྱི་མཆོག་འཕགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ།། ཞེས་སླེབས་ཡོང་གི་ཡོད། དེར་བརྟེན། གཞུང་ལ་བལྟ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།
བོད་གངས་ཅན་གྱི་ལྗོངས་སུ་ལྷ་གཅིག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཕེབས་ནས་ལམ་སྒྲོན་མཛད་པ་དང་། དེ་ནས་བོད་ཀྱི་ཆོས་བརྒྱུད་ཚང་མས་ལམ་སྒྲོན་གྱི་འགྲོ་སྟངས་རྩ་བ་བྱས་ཏེ། དཔེར་ན། ས་སྐྱའི་ལམ་འབྲས་ནང་སྣང་གསུམ་གསུངས་སྐབས་ལམ་སྒྲོན་ནང་བཞིན་གསུངས་ཀྱི་འདུག དྭགས་པོ་ཐར་རྒྱན་ལ་ཆ་བཞག་ན་ལམ་སྒྲོན་ནང་བཞིན་གསུངས་ཀྱི་འདུག ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་སེམས་ཉིད་ངལ་གསོ་ཡང་དེ་བཞིན་ཡོང་གི་འདུག དེར་བརྟེན། བོད་གངས་ཅན་གྱི་སྔོན་གྱི་མཁས་པ་དག་གིས་ལམ་སྒྲོན་གྱི་འགྲོ་སྟངས་འདི་ལ། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ།། དམ་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི།། བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་འདི།། འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར།། ཞེས་འདི་ལྟ་བུའི་བསྔགས་བརྗོད་ཆེན་པོ་ཡོད་པ་ཞིག་ཆགས་ཡོད། ཡིན་ནའང་། ཇོ་བོ་རྗེ་བོད་ལ་ཕེབས་པའི་སྐབས་སུ་མུ་སྟེགས་པའི་འདོད་པ་སློབ་ཁྲིད་བྱས་ཏེ་ཉམས་ལེན་བྱེད་མཁན་ཡོད་པ་མ་རེད། ཆོས་རྒྱལ་བཀའ་དྲིན་ཅན་ཚོའི་ཐུགས་རྗེ་ལ་བརྟེན་ནས་སངས་རྒྱས་པའི་ཆོས་དཀར་འཇམ་ཡུག་གཅིག་ལ་ཁྱབ་པ་ཞིག་ཆགས་འདུག
དེང་སང་གི་དུས་འདིར་ངོས་ཀྱིས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་བྱེད་དགོོས་པ་རེད་ཅེས་ཟེར་དུས། ཕྱི་ནང་གི་ཆོས་ལ་ལྟ་གྲུབ་མི་འདྲ་བ་གང་དག་ཡོད་པ་ཤེས་པ་བྱས་ཏེ་ཁྱད་པར་ཡག་པོ་ཤེས་པའི་ཐོག་ནས་སངས་རྒྱས་པའི་ཆོས་ལ་ཐུན་མོང་མ་ཡིན་པའི་འགྲོ་སྟངས་གང་དག་ཡོད་པ་རྒྱུ་མཚན་ལྡན་པ་དང་། དེ་ཡང་ལུང་གི་སྒྲུབ་བྱེད་ཙམ་མ་ཡིན་པར་རིགས་པས་སྒྲུབ་བྱེད་ཀྱི་ཐོག་ནས་བཤད་རྒྱུ་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ལ་ང་རང་ཚོས་སློབ་སྦྱོང་བྱེད་ཐུབ་པ་ཡིན་ན། ཕས་ཀྱི་རྒོལ་བས་བསྐྱོད་པར་མི་ནུས་པའི།། ཞེས་པ་ལྟར། ཕས་ཀྱི་རྒོལ་བས་སྐྱོན་བརྗོད་ལྟ་བུ་ཅི་འདྲ་ཞིག་བྱུང་བ་ཡིན་ནའང་ཞིབ་ཚགས་པོའི་ཐོག་ནས་ལན་རྒྱག་རྒྱུ་ཡོད་པ་ཞིག་ཆགས་ཡོད་པས་བསྟན་པའི་གནད་ལ་ངེས་པ་བརྟན་པོ་འཚོལ་ཞེས་གསུངས་ཡོད་པ་གལ་ཆེན་པོ་རེད།
དེ་ལ་ད་ལྟ་ཞུ་རྒྱུའི་རྒྱ་གར་མཁས་པའི་གཞུང་ནི་མུ་སྟེགས་མཁས་པའི་གཞུང་འདྲ་མི་འདྲ་ཡོད་སའི་དཀྱིལ་དེར་གསུངས་ཡོད་པ་རེད། དཔེར་ན། འདིར་དབུ་མ་སྙིང་པོར་ཆ་བཞག་ན་ལེའུའི་གཤམ་དུ་མུ་སྟེགས་པའི་འདོད་པ་དེ་དག་གསུངས་ནས་ཡོང་གི་འདུག དེར་བརྟེན། རྒྱ་གར་མཁས་པའི་གཞུང་དག་རྒྱ་གར་འཕགས་པའི་ཡུལ་དུ་གྲངས་ཅན་པ་དང་། རིགས་སྤྱི་ཐར་པ། གཅེར་བུ་པ་སོགས་ཀྱི་ལྟ་གྲུབ་འདྲ་མིན་ཡོད་ས་ནས་གསུངས་ཡོད་པས་དེ་ལ་དམིགས་བསལ་གྱིས་ཟབ་ཁྱད་ཡོད་པ་ལྟ་བུ་མཐོང་གི་འདུག ཇོ་བོ་རྗེ་ཡི་ལམ་སྒྲོན་དང་ལམ་རིམ་ཆེ་ཆུང་དག་ཏུ་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི་འགྲོ་སྟངས་སུ་སེམས་འདུལ་ཐབས་གཙོ་བོར་བྱས་ཏེ་གསུངས་ཡོད་པ་ཞིག་མ་གཏོགས་དགག་བཞག་སྤོང་གསུམ་གྱི་འགྲོ་སྟངས་ཧ་ཅང་མང་པོ་མི་འདུག དེར་བརྟེན། རྒྱ་གར་མཁས་པའི་གཞུང་དག་ཧ་ཅང་གལ་ཆེན་པོར་མཐོང་གི་འདུག
དེ་ནས་ཁ་སང་ཞུས་པ་དེ་རེད། དབུ་མ་སྙིང་པོ་ནི་གཞུང་གལ་ཆེན་པོ་ཞིག་རེད། ཡིན་ནའང་། འདི་ལ་བཤད་རྒྱུན་མི་འདུག ངོས་ཀྱིས་དེ་ལ་གང་དྲག་བསམ་ནས་འདི་ལ་བཤད་རྒྱུན་ཞིག་སྤེལ་དགོས་ཀྱི་འདུག་བསམ་སོང་། ཡིན་ནའང་། གཞུང་ཆེན་བཅུ་གསུམ་གྱིས་མཚོན་པའི་གཞུང་མང་པོ་ཞིག་གི་བཤད་རྒྱུན་ངོས་ཀྱིས་ཁུ་ནུ་བླ་མ་རིན་པོ་ཆེ་དང་། རྒན་རིག་འཛིན་བསྟན་པ། དེ་ནས་ས་སྐྱའི་མཁན་པོ་སངས་རྒྱས་བསྟན་འཛིན། དེ་བཞིན་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ལ་སོགས་པ་མང་པོ་ཞིག་གི་ས་ནས་བཤད་ལུང་ཡོད་པ་དེ་དག་གལ་ཆེན་པོ་བྱས་ཏེ་བཤད་ལུང་མང་པོ་ཐོབ་ཡོད་པ་རེད། དེ་ནས་དབུ་མ་སྙིང་པོ་ལ་བཤད་ལུང་ཞིག་དགོས་ཀྱི་འདུག་བསམ་ནས་ངོས་རང་ལ་འདོད་པ་ཡོད་པ་ཞིག་ཡིན་ཀྱང་དེའི་ཞལ་ལུང་མི་འདུག དེར་བརྟེན། དབུ་མ་སྙིང་པོའི་མཆན་འགྲེལ་ཞིག་བྱུང་ན་མཆན་འགྲེལ་དེའི་ཐོག་ནས་བཤད་ལུང་ཞིག་ཞུས་ཏེ་དབུ་མ་སྙིང་པོའི་བཤད་ལུང་གི་རྒྱུན་ཞིག་བྱུང་ན་བསམ་པའི་ཀུན་སློང་འདི་འཁྱེར་བ་རེད། དེ་ནས་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་ལ་མཆན་འགྲེལ་ཞིག་རྩོམས་རོགས་གནང་ཞེས་ཞུས་པ་ཡིན། རིན་པོ་ཆེས་འདི་བརྩམས་གནང་བ་དེ་ལྟར་རེད། དབུ་མ་སྙིང་པོའི་རྩ་བ་དང་འགྲེལ་བ་རྟོག་གེ་འབར་བ་སྟེ་རྩ་འགྲེལ་གཉིས་པོ་འདི་ཧ་ཅང་གལ་ཆེན་པོ་རེད། ནམ་རྒྱུན་གང་ཟག་གི་བདག་མེད་ཙམ་མ་གཏོགས་ཆོས་ཀྱི་བདག་མེད་མི་འདོད་མཁན་གྱི་དོན་སྨྲ་བདེན་གཉིས་དང་། དེ་ནས་ཆོས་ཀྱི་བདག་མེད་འདོད་མཁན་ལ་དབུ་སེམས་གཉིས། དབུ་མ་པ་ལ་ཐལ་རང་གཉིས་དང་། རང་རྒྱུད་པའི་ནང་ལ་ས་སྐྱའི་མཁན་པོ་ཚོས་འདི་ལྟར་གསུངས་ཀྱི་འདུག མཁན་ཆེན་ཞི་བ་འཚོས་རྣམ་རིག་པའི་ལྟ་བ་འདི་གཞི་ལ་བཞག་ནས་བདེན་མེད་ཀྱི་ལྟ་བ་ཡང་གསུངས་པས་སེམས་ཙམ་པ་རང་རྒྱུད་གོང་མ་དང་། སློབ་དཔོན་ལེགས་ལྡན་གྱི་དབུ་མའི་གཞུང་དེར་ཐ་སྙད་དུ་ཕྱི་དོན་ཞལ་གྱིས་བཞེས་ནས་མདོ་སྡེ་པས་ཕྱི་དོན་གསུངས་པ་ནང་བཞིན་བྱས་ཏེ་གསུངས་པ་ཡིན་པས་རང་རྒྱུད་འོག་མ་ཞེས་གསུངས་ཀྱི་འདུག སེམས་ཙམ་པ་ལ་གྲུབ་མཐའ་གོང་མ་དང་། མདོ་སྡེ་བ་གྲུབ་མཐའ་འོག་མ་ཡིན་པས་དེ་དང་ཕྱོགས་མཐུན་པར་དབུ་མའི་ལྟ་བ་གསུངས་ཡོང་དུས་རང་རྒྱུད་གོང་མ་དང་རང་རྒྱུད་འོག་མ་ཞེས་པ་ཆགས་བསྡད་ཡོད་པ་རེད། ཅེས་སོགས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་རྗེས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མ་སྙིང་པོའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་དང་། ཉིན་གྲངས་ལྔའི་རིང་གི་དབུ་མ་སྙིང་པོའི་གསུང་ཆོས་ལ་རྒྱལ་ཁབ་མི་འདྲ་བ་ ༥༨ ནས་ཆོས་ཞུ་བ་སེར་སྐྱ་མི་གྲངས་ ༧༠༠༠ བརྒལ་བ་ཆེད་ཕེབས་གནང་ཡོད་པ་བཅས།