༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བ་ནས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་དང་། ཕྱི་ལོ་ ༢༠༡༥ ལོར་གདན་ས་བཀྲ་ཤིས་ལྷུན་པོ་རུ་གནང་བའི་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་དབུ་འཛུགས་མཛད་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་ ༨།༠༠ ཙམ་ནས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་བླ་སྤྲུལ་དང་རྒྱལ་ཁབ་འདྲ་མིན་གྱི་མི་མང་ཁག་གཅིག་ལ་ཆུ་ཚོད་ཕྱེད་ཀའི་རིང་མཇལ་ཁ་སྩལ་རྗེས་སྤོས་སྣེས་མདུན་བསུ་དང་བཅས་རྡོར་གདན་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་རྒྱ་གར་དང་ཐའེ། འབར་མ། ཅང་མ། བྷང་ལ་རྡེ་ཤཱི་སོགས་ཀྱི་གནས་བརྟན་སྡེ་བའི་དགེ་འདུན་པ་ཁག་གཅིག་གིས་བཀྲ་ཤིས་པའི་ཚིགས་སུ་བཅད་པ་གསུངས་འདོན་གནང་བ་དང་། དེ་ནས་རྒྱ་གར་གྱི་སློབ་ཕྲུག་ཁག་གཅིག་གིས་ལེགས་སྦྱར་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན། དེ་བཞིན་རྒྱ་རིགས་ཀྱི་དགེ་འདུན་པ་དང་བཙུན་མ་མི་སྐྱ་ཕོ་མོ་ཁག་གཅིག་གིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་བསྟུན་ཉིན་དང་པོའི་གསུང་ཆོས་སྦྱིན་བདག་བཀྲ་ཤིས་ཕུན་ཚོགས་ནང་མིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨྲ་བསམ་བརྗོད་མེད་སོགས་གསུང་འདོན་མཛད་དེ་བཀའ་སློབ་སྩལ་དོན།
གནས་ཁྱད་པར་ཅན་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་རྡོ་རྗེ་གདན་དུ་དེ་རིང་ང་ཚོ་ཡང་བསྐྱར་འཛོམས་རྒྱུ་བྱུང་བ་རེད། སྐལ་བ་བཟང་པོ་རེད། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནི་སྨོན་ལམ་བརྒྱབ་ནས་འདུག་རྒྱུ་གཅིག་པུ་མ་རེད། བཅོམ་ལྡན་འདས་ཀྱིས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།། འགྲོ་བའི་སྡུག་བསྔལ་ཕྱག་གི་མི་སེལ་ལ།། ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།། ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར།། ཞེས་གསུངས་འདུག འདི་ནི་དམིགས་བསལ་བ་ཞིག་དང་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་རེད། ཆོས་ལུགས་གཞན་པ་མང་པོ་ཞིག་ཧ་ཅང་ཡག་པོ་རེད་དེ། ང་རང་ཚོའི་བདེ་སྡུག་ཚང་མ་འཇིག་རྟེན་བཀོད་པ་པོའི་ཕྱག་ཏུ་ཡོད་པ་ཞིག་དང་། འཇིག་རྟེན་བཀོད་པ་པོར་མཁྱེན་བརྩེ་ནུས་པ་མཐར་ཐུག་པ་ཞིག་བཤད་བཞིན་དཀོན་མཆོག་གིས་བཀོད་པའི་འཇིག་རྟེན་དུ་རྙོག་དྲ་དང་སྡུག་བསྔལ་མང་པོ་ཡོང་བསྡད་པ་ལ་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་སྟོན་པ་ཡིན། ཆོས་སྟོན་མཁན་ཡིན། བླང་དོར་གྱི་གནད་སྟོན་མཁན་ཞིག་ཡིན། བླང་དོར་གྱི་གནད་སྟོན་མཁན་ཁོང་ཡང་རྟག་པ་རང་བྱུང་གི་སྐྱེས་བུ་མ་ཡིན་པར་སྔོན་བསླབ་པ་ལམ་གྱི་གནས་སྐབས་སྔོན་དུ་སོང་ནས་རིམ་བཞིན་ཉམས་བཞེས་གནང་སྟེ། ཤེས་རབ་སྙིང་པོའི་སྔགས་ལྟར། ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ། ཞེས་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཅས་སྔོན་དུ་མཛད་ནས་མཐར་མངོན་པར་རྫོགས་པར་སངས་རྒྱས་པ་རེད། དེར་བརྟེན། ཁོང་གིས་ཉམས་མྱོང་གི་སྟེང་ནས་ལས་དང་པོ་བ་ལམ་མ་ཞུགས་ཀྱི་གནས་སྐབས་ནས་ཐབས་དང་ཤེས་རབ་ཀྱི་ལམ་ལ་བརྟེན་ནས་རིམ་བཞིན་རྟོགས་པ་ཆེ་ཙམ་ཆེ་ཙམ་ལ་ཕྱིན། རྟོགས་པ་ཆེ་ཙམ་ལ་ཕྱིན་པ་ནི་མཁྱེན་པའི་ཡོན་ཏན་གོང་འཕེལ་ལ་ཕྱིན་པ་དང་། དེའི་ཚོད་ཀྱིས་གཞན་དོན་སྒྲུབ་པའི་ནུས་པ་ཆེ་རུ་ཕྱིན་ནས་མཐར་སྤངས་རྟོགས་མཐར་ཕྱིན་པ་བྱུང་བ་ཁོང་གི་ཉམས་མྱོང་གི་སྟེང་ནས་ང་ཚོར་བློར་འགྱུར་བ་ཇི་ལྟར་གཏོང་དགོས་པ་དང་། བློ་ལ་འགྱུར་བ་བཏང་ན་འགྱུར་བ་འགྲོ་རྒྱུ་ཡོད་མེད་གསུངས་བཞིན་ཡོད།
པཱ་ལིའི་བཀྲ་ཤིས་པའི་མདོ་གསུངས་པ་དེ་སོགས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་འཁོར་རིམ་པ་དང་པོ་དེ་ཝཱ་ར་ན་སིར་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ཐོགས་པར་གསུངས་པ་པཱ་ལིའི་གཞུང་དུ་སྡེ་སྣོད་གསུམ་དུ་བཀོད་པ་ཞིག་ཆགས་ཡོད། སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་འདི་རེད། དེ་ནས་འཁོར་ལོ་བར་བ་གནས་བྱ་རྒོད་ཕུང་པོའི་རི་ལ་གསུངས་ནས་དེ་ལེགས་སྦྱར་སྐད་ཀྱི་ཐོག་བཀོད་པ་རེད། བཀའ་བསྡུ་བ་བོ་ནི་མིའི་རྟེན་ཅན་གྱི་དགྲ་བཅོམ་པ་ཙམ་མ་ཡིན་པར་བྱམས་འཇམ་དབྱངས་དང་། ཕྱག་ན་རྡོ་རྗེ་ཀུན་བཟང་ལ་སོགས་པ་ཡིན་པ་རེད། ཤེས་རབ་སྙིང་པོ་གསུངས་པའི་སྐབས་སུའང་འཕགས་པ་སྤྱན་རས་གཟིགས་སོགས་དྲི་བ་དྲིས་ལན་མཛད་ནས་གསུངས་འདུག གང་ལྟར་འཁོར་ལོ་དང་པོ་གསུངས་པའི་སྐབས་སུ་བདེན་གཞིའི་ཆོས་འཁོར་ཞེས་གསུངས་པ་དེ་ནི་སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། སྡུག་བསྔལ་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་འབྲས་གཉིས་གསུངས། དེ་སེལ་ཐབས་དང་སྤངས་ཐབས་ཡོད་མེད་ཟེར་དུས་འགོག་པའི་བདེན་པའམ་བྲལ་བའི་ཡོན་ཏན་དེ་གསུངས་ཡོད། དེ་ལྟ་བུའི་སྡུག་བསྔལ་ཉེ་བར་ཞི་བའི་འགོག་བདེན་སྤྱིར་ཤེས་བྱ་ལ་ཡོད་པ་དང་། ཡང་སྒོས་སེམས་ཅན་གྱི་རྒྱུད་ལ་འབྱུང་རུང་ཡིན་པ་ཞིག་མཐོང་ཡོང་སྐབས་དེ་སྒྲུབ་བྱེད་ཀྱི་ལམ་ལ་བསླབ་པ་ཞིག་ཡོང་གི་འདུག དེར་བརྟེན། བདེན་པ་བཞི་རེ་རེའི་སྟེང་མི་རྟག་སྡུག་བསྔལ་སྟོང་བདག་མེད་བཞི། རྒྱུ་ཀུན་འབྱུང་རབ་སྐྱེ་རྐྱེན་བཞི། འགོག་པ་ཞི་བ་གྱ་ནོམ་ངེས་འབྱུང་ཞེས་གསུངས་སྐབས་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན་ཚོར་བ་ཞིག་ཡོང་གི་འདུག་གཱ། ཞེས་སོགས་བདེན་པ་བཞིའི་སྐོར་ངོ་སྤྲོད་དང་འབྲེལ་དེ་ནི་གཏན་གྱི་བདེ་བ་ཞིག་ཆགས་ཀྱི་ཡོད་པ་བཀའ་སྩལ་བ་དང་།
དེ་ནས་མུ་མཐུད་ཆོས་བརྒྱུད་ཚང་མས་བྱམས་བརྩེ་སྟོན་གྱི་ཡོད་པ་དང་། འཚེ་བ་མེད་པ་ཡོང་བ་ལ་བྱམས་བརྩེ་དགོས་པ། ཞེ་སྡང་གི་དབང་གིས་འཚེ་བ་ཡོང་གི་ཡོད་པས་བྱམས་བརྩེ་གལ་ཆེན་པོ་ཡིན་པའི་སྐོར་དང་། བྱམས་བརྩེའི་བློ་ཡོད་ཚེ་འབྱུང་བཞི་བདེ་ཐང་ཡོང་རྒྱུ་ཡིན་པས་ཆོས་ཁས་མི་ལེན་ཡང་བྱམས་བརྩེ་དགོས་པ་སོགས་བཀའ་སློབ་སྩལ་རྗེས་གསོལ་ཇའི་བར་གསེང་དང་འབྲེལ། མི་མང་པོ་ཞིག་འདུས་པས་འཇམ་དབྱངས་ཆོས་སྐོར་གྱི་བཀའ་དབང་ཉུང་ཤས་ཤིག་ལ་ཟུར་དུ་གནང་མ་དགོས་པར་མང་ཚོགས་ལ་གནང་རྒྱུ་ཡིན་པ་སོགས་བཀའ་ཕེབས་རྗེས་ཆོས་འབྲེལ་འདིར་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་དགོས་པ་སོགས་བཀའ་ཕེབས།
དེ་རྗེས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཡིག་རྒྱ་ནག་ལ་དཔེ་མ་བལྟས་པར་རྒྱ་གར་ལ་དཔེ་བལྟས་ནས་བཟོས་པའི་ལོ་རྒྱུས་དང་། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོའི་ཡང་རྩེ་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་ནས་ནཱ་ལེནྡྲའི་བཞེད་སྲོལ་དྲི་མ་མེད་པ་བོད་དུ་དར་བའི་སྐོར་སོགས་བཀའ་སློབ་དང་། ཆོས་ཆོས་སུ་སོང་བ་བྱེད་པ་ལ་དང་པོ་ཀུན་སློང་གཙང་མ་དགོས་པ་དང་། མགོན་པོ་གང་ཉིད་མཆོག་གི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གཟིགས་དཔེ་དེ་བཞིན་ལྷ་བཙུན་རིན་པོ་ཆེས་དཔར་བྱང་སྨོན་ཚིག་དང་བཅས་པ་མཛད་དེ་ཕུལ་བ་དང་། ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་གྱི་དྲུང་ནས་བཤད་ལུང་གི་རྒྱུན་གསན་བཞེས་མཛད་ཚུལ་སོགས་བཀའ་སློབ་དང་འབྲེལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་དབུ་འཛུགས་མཛད་དེ། གང་ཞིག་བསྟེན་ན་ཉེས་པ་ཟད་འགྱུར་ཞིང་།། ཡོན་ཏན་ཡར་ངོའི་ཟླ་ལྟར་འཕེལ་འགྱུར་བའི།། བཤེས་གཉེན་དམ་པ་རང་གི་ལུས་ལས་ཀྱང་།། གཅེས་པར་འཛིན་པ་རྒྱལ་སྲས་ལག་ལེན་ཡིན།། ཞེས་པའི་མཚམས་ནས་མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་མཆན་འགྲེལ་བཏབ་པའི་ཚད་མ་རྣམ་འགྲེལ་གྱི་བཀའ་ཁྲིད་མཛད་དེ་ཆུ་ཚོད་ ༡༡།༤༠ ཙམ་ལ་ཉིན་དང་པོའི་བཀའ་ཆོས་ལེགས་པར་གྲུབ་ནས་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས།
ཉིན་དང་པོའི་གསུང་ཆོས་ལ་དགའ་ལྡན་ཁྲི་ཐོག་བརྒྱ་དང་བཞི་པ་མཆོག་དང་། ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག དཔལ་ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་མཆོག ཤར་བྱང་ཆོས་རྗེ་རྣམ་པ་གཉིས། ཏེ་ལོ་རིན་པོ་ཆེ། གླིང་རིན་པོ་ཆེ། ཐུགས་སྲས་རིན་པོ་ཆེ། ཀུན་བདེ་གླིང་རིན་པོ་ཆེ། འཁྲུལ་ཞིག་རིན་པོ་ཆེ། སྟག་འཚེར་རིན་པོ་ཆེའི་ཡང་སྲིད། འབྲས་སྤུངས་ཁྲི་རིན་པོ་ཆེ་སོགས་ཀྱིས་གཙོས་འཛམ་གླིང་གི་རྒྱལ་ཁབ་མ་འདྲ་བ་ ༧༡ ནས་བླ་སྤྲུལ་དང་མཁན་པོ་དགེ་བཤེས་སོགས་ཀྱིས་གཙོས་སེར་སྐྱ་མི་མང་མཚན་ཐོ་དེབ་འགོད་བྱུང་བ་ཁྱོན་མི་གྲངས་ ༡༤༥༨༠ དང་། གསུང་ཆོས་ར་བའི་ཕྱི་རོལ་ཏུ་ཡོད་པ་སྟོང་ཕྲག་ཁ་ཤས་བཅས་ཕེབས་ཡོད་པ་རེད།