༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་བཅོ་བརྒྱད་མཉམ་དུ་འདུས་པའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱལ་ཁབ་ ༦༥ ནས་ཕེབས་པའི་ཆོས་ཞུ་བ་ ༦༥༠༠ བརྒལ་བར་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་གསུང་ཆོས་དང་། ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད། དེ་བཞིན་དགེ་བསྙེན་གྱི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་པ་གནང་བ་མ་ཟད། སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཀའ་དྲིན་སྩལ་ཏེ་ཐེངས་འདིའི་ཉིན་གྲངས་བཞིའི་རིང་གི་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༨།༡༥ ཙམ་ལ་རྒྱལ་བའི་ཕོ་བྲང་ནས་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་མི་སྣས་སྤོས་སྣེས་མདུན་བསུ་དང་བཅས་ཕེབས་བསུ་ཞུས་པ་དང་། ཕོ་བྲང་སྒོ་ཆེན་དུ་ཕྱི་རྒྱལ་བ་སྐོར་ཁག་གཉིས་ལ་མཇལ་ཁ་དང་སྐུ་པར་ལྷན་སྒྲོན་མཛད་རྗེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཐའེ་ཡི་དགེ་འདུན་པ་ཁག་ཅིག་གིས་རང་སྐད་དུ་བཀྲ་ཤིས་པའི་མདོ་གསུང་འདོན་དང་། དེ་ནས་རྒྱ་རིགས་ཆོས་ཞུ་བ་ཡོངས་ཀྱིས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་དབྱངས་རྟ་དང་བཅས་གསུང་འདོན་གནང་མཚམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྒྲུབ་ཞག་གནང་སྐབས་ཚང་མས་མ་ཎི་འདོན་དགོས་པའི་བཀའ་ཕེབས་པ་དང་བསྟུན་མི་མང་གིས་མ་ཎི་བཏོན་ནས་སྒྲུབ་ཞག་གྲུབ་མཚམས་བཀའ་སློབ་སྩལ་དོན།
དེ་རིང་མཇུག་ཏུ་དགེ་བ་ལ་ཁ་སང་ནས་སྔགས་ཀྱི་སྐོར་ལ་གང་ཞིག་ཡག་པོ་ཡོད་ན་བསམ་པ་ཡིན། སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་འདི་ངོས་ཀྱིས་བསྙེན་པ་ཡང་མང་པོ་བཏང་ཡོད། ངན་སོང་ཀུན་གྲོལ་གྱི་སྒོམ་བཟླས་དང་འབྲེལ་བའི་ཐོག་ནས་མ་ཎི་འབུམ་དྲུག་བསགས་ཡོད། དེར་བརྟེན། སྤྱན་རས་གཟིགས་ངན་སོང་ཀུན་གྱི་རྗེས་གནང་བྱས་ན་དྲན་སོང་། ཆོ་ག་དེ་བསྡུས་པ་འདུམས་བདེ་བོ་རེད། འདིའི་ཆོ་གའི་ནང་དུ་སེམས་བསྐྱེད་ཡོད་པ་རེད། དེ་ཅུང་རྒྱས་པར་བཏང་ནས་ང་རང་ཚོས་ནམ་རྒྱུན་བྱང་སེམས་ཆོ་ག་ཞེས་པ་བྱང་སྡོམ་སྲུང་བ་ངོས་ནས་ནམ་རྒྱུན་འདོན་གྱི་ཡོད། དེ་བྱ་རྒྱུ་བྱེད། དེའི་སྔོན་ལ་ཁྱོད་རང་ཚོ་ཁྱིམ་པ་ཕོ་མོ་ཚོའི་ནང་དགེ་བསྙེན་སྒྲུབ་འདོད་ཡོད་མཁན་ཚོར་ཚངས་སྤྱོད་དགེ་བསྙེན་མིན་པར་ཡོངས་རྫོགས་དགེ་བསྙེན་སྒྲུབ་ཐུབ་ན་ཡག་པོ་ཡོད་པ་རེད། དེའི་གོང་ལ་ལམ་གཙོའི་བཤད་ལུང་བསྡུས་པ་ཞིག་བྱེད།
ང་ཚོས་ཉིན་གསུམ་རིང་ལ་ནང་ཆོས་སྤྱི་ངོ་སྤྲོད་བྱས་པ་རེད། དེ་རིང་འདིར་ལམ་གྱི་གཙོ་བོ་རྣམ་པ་གསུམ་ཞེས་མ་གཞི་ཁ་སང་ཞུས་ཟིན་པ་ལྟར། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བའི་ནང་དུ་མངོན་མཐོ་སྒྲུབ་པ་དང་ངེས་ལེགས་སྒྲུབ་པ་ཞེས་གཉིས་གསུངས་ཀྱི་འདུག། དེ་ཁུངས་བྱས་ནས་དབུ་མ་བཞི་བརྒྱ་བའི་ནང་དུ། བསོད་ནམས་མིན་པ་དང་པོར་བཟློག། བར་དུ་བདག་ནི་བཟློག་པ་དང་།། ཞེས་སོགས་ཀྱི་ཐོག་ནས་བློ་རིམ་གྱིས་སྦྱོང་སྟངས་གསུངས། དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོས་ཀླུ་སྒྲུབ་ཡབ་སྲས་ཀྱི་གསུང་དེ་བཞིན་ཉམས་བཞེས་གནང་གི་ཡོད་པ་རེད། བོད་གངས་ཅན་གྱི་ལྗོངས་ལ་དུས་རབས་བཅུ་པ་དང་བཅུ་གཅིག་པར་བྱུང་བ་དང་། བར་སྐབས་ཤིག་ལ་བོད་ལ་སངས་རྒྱས་ཀྱི་བསྟན་པར་ཉམས་ཆག་ཆེན་པོ་བྱུང་བ་རེད། ཕལ་ཆེར་དབུས་ཁུལ་དུ་རབ་བྱུང་ངུར་སྨིག་འཆང་བ་མཐོང་རྒྱུ་མེད་པར་ལོ་དྲུག་ཅུ་སྐོར་ཞིག་བསྡད་པ་རེད། དེ་ནས་སྟོད་མངའ་རིས་ལ་མངའ་རིས་ཆོས་རྒྱལ་གྱིས་ཐུགས་ཁུར་བཞེས་ནས་ཇོ་བོ་རྗེ་གདན་ཞུ་གནང་བ་རེད། དེ་ལྟར་ཇོ་བོ་རྗེ་ཡིས་མཐོ་ལྡིང་ལ་ཡིན་པ་ཡོད། དེ་ལ་ལམ་སྒྲོན་མཛད་པ་རེད། ལམ་སྒྲོན་ནི་འབྲོམ་སྟོན་པས། ངོ་མཚར་བཀའ་ནི་སྡེ་སྣོད་གསུམ་ཡིན་ཏེ།། དམ་པ་སྐྱེས་བུ་གསུམ་གྱིས་མཛེས་པ་ཡི།། བཀའ་གདམས་རིན་ཆེན་གསེར་གྱི་ཕྲེང་བ་འདི།། འགྲོ་བ་གང་གིས་བགྲངས་ཀྱང་དོན་ཡོད་འགྱུར།། ཞེས་གསུངས་འདུག། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྡེ་སྣོད་གསུམ་གསུངས་ཡོད་པ་རེད། དེ་ངོ་མཚར་བཀའ་ནི་རེད། ཁ་སང་ཁེ་ཉིན་སྐད་ཆ་བྱུང་བ་ལྟར་དད་པ་གཅིག་པུའི་སྐད་ཆ་མིན་པར་དངོས་གནས་རིགས་པའི་སྒྲུབ་བྱེད་མང་དུ་བཀོད་དེ་མཐར་མྱོང་བ་ལ་གཏུགས་ནས་གསུངས་པ་ཞིག་རེད། མི་འདྲ་བ་ཞིག་རེད། དེར་བརྟེན། དེ་ལྟ་བུའི་སྡེ་སྣོད་གསུམ་གྱི་སྙིང་པོ་བསྡུས་པ་སྐྱེས་བུ་གསུམ་གྱི་ལམ་རིམ་ལ་བསྡུས་ནས་གསུངས་པ་ཞིག་རེད་ཅེས་གསུངས་པ་རེད།
རྗེ་རིན་པོ་ཆེས་ལམ་གྱི་གཙོ་བོ་རྣམ་པ་གསུམ་གང་རེད་ཅེ་ན། ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་དེ་གསུམ་གསུངས་པ་རེད། དང་པོ་མགོ་སྟོད་རྗེ་རིན་པོ་ཆེ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་ཐད་ཀར་ཡོང་གི་ཡོད་པ་མ་རེད། ཁམས་ནས་ཡིན་པ་བླ་མ་དབུ་མ་བ་དཔའ་བོ་རྡོ་རྗེ་ཟེར་བ་ཞིག་ཡོད་པ་རེད། ཁོང་སྔོན་གྱི་བག་ཆགས་སད་ནས་ཕྱུགས་རྫི་ལ་ཁྱུག་ཙམ་བཞུགས་སྐབས་ཉིན་གཅིག་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་ནག་པོ་ཞིག་ཁྲ་ལམ་མེར་གཟིགས་པ་དང་། དེ་ནས་བཟུང་རྗེ་བཙུན་འཇམ་པའི་དབྱངས་ཞལ་གཟིགས་གནང་ནས་བཀའ་མོལ་གནང་བ་དེ་འདྲ་ཡོང་གི་ཡོད་པ་རེད། རྗེ་རིན་པོ་ཆེ་མདོ་སྨད་ནས་ཡར་དབུས་གཙང་ལ་ཕེབས་ནས་བསླབ་པ་སློབ་གཉེར་རྒྱ་ཆེན་པོ་གནང་། སྐབས་དེར་དབུས་ཁུལ་ན་ཡོད་པའི་བཤད་གྲྭ་གསང་ཕུ་ལ་སོགས་པར་གྲྭ་སྐོར་གནང་བ་དང་། དེ་ནས་སྐབས་ཤིག་དགའ་གདོང་ལ་གནས་ཤིག་ཡོད་པ་རེད། དེར་ཁོང་རྣམ་པ་གཉིས་སྐུ་མཚམས་ལ་བཞུགས་པའི་སྐབས་སུ་རྗེ་བཙུན་འཇམ་པའི་དབྱངས་ཞལ་གཟིགས་པ་རེད། དེ་ནས་བཟུང་རྗེ་བཙུན་འཇམ་པའི་དབྱངས་རྗེ་རིན་པོ་ཆེས་ནམ་འདོད་ཞལ་གཟིགས་པ་ཞིག་དང་། ཞལ་གཟིགས་པའི་སྐབས་སུ་ཟབ་རྒྱས་ཀྱི་ལམ་གྱི་རིམ་པ་དང་། ལྷག་པར་དུ་སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་འཇམ་པའི་དབྱངས་ལ་བཀའ་འདྲི་ཞུས་པར་འཇམ་པའི་དབྱངས་ཀྱིས་བསྡུས་བསྡུས་སྙིང་པོ་ཞིག་གསུངས་པར་འདི་གོ་གི་མི་འདུག་ཅེས་ཡར་ཞུས་པར་འཇམ་པའི་དབྱངས་ཀྱིས་སྐྱོན་ཡོད་པ་མ་རེད། དཔེ་ཆར་ལྟོས་གསུངས་པ་རེད། འཇམ་པའི་དབྱངས་ཀྱི་རལ་གྲི་དེ་རྗེ་རིན་པོ་ཆེའི་ཐུགས་ཀར་བཙུགས་ནས་སྟོང་ཉིད་རྟོགས་པ་བྱུང་མི་འདུག། དཔེ་ཆར་ལྟོས་གསུངས་འདུག། དེ་བཞིན་ཚོགས་བསགས་སྒྲིབ་སྦྱོང་བྱོས་གསུངས་འདུག། ཅེས་སོགས་བཀའ་སློབ་སྩལ་རྗེས་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་བཀའ་དྲིན་སྩལ་བ་དང་།
དེ་ནས་ཁྱིམ་པ་ཕོ་མོ་རྣམས་ལ་དགེ་བསྙེན་བསྒྲུབས་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་པ་མཛད་རྗེས། སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་བཀའ་དྲིན་སྩལ། དེ་ཡང་གཙོ་བོ་རང་དོན་ཡིད་བྱེད་སྡོམ་པའི་སྟེང་ནས་ཉམས་བཞེས་གནང་རྒྱུ་གལ་ཆེ་བ་དང་། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་པ་ནས་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། ཅེས་པའི་བར་ལན་གསུམ་གྱིས་བྱང་སེམས་ཀྱི་སྡོམ་པ་འབོག་པ་གནང་། ཉིན་རེ་བཞིན་དུ་སེམས་བསྐྱེད་པའི་འདི་གལ་ཆེ། སེམས་འཁྲུགས་པ་དང་ཞུམ་པ། གུ་དོག་པོ་ཆགས་པའི་སྐབས་སུ་འདི་ལྟར་བསམ་བློ་ཐོངས་དང་ཕན་གྱི་རེད། ཅེས་དང་། རྫོགས་སངས་རྒྱས་སྐུ་འཕྲོ་ཕྱིར་དང་།། ཞེས་སོགས་གསུངས་པ་ལྟར་དགོངས་བཞེས་དགོས་ཞེས་དེ་ལྟར་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་རྗེས་གནང་ལེགས་པར་གྲུབ་སྟེ་ཉིན་བཞིའི་རིང་གི་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་པ་དང་། མཐར་ཐའེ་ཝན་གྱི་ཆོས་ཞུ་བ་ཡོངས་ནས་རྒྱ་སྐད་ཀྱི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་བརྟན་གསོལ་འདེབས་རབ་འབྱམས་རྒྱལ་བ་མ་གསུང་འདོན་དང་། ཐའེ་ཝན་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་ནས་རྩིས་ཁྲ་སྙན་སྒྲོན་ཞུས་ཡོད་པ་བཅས།།