༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༧ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་མངའ་སྡེ་གཞུང་གིས་གཞུང་འབྲེལ་སློབ་གྲྭ་ཡོངས་ཀྱི་སྔོན་འགྲོ་ནས་འཛིན་རིམ་ ༨ བར་གྱི་སློབ་ཚན་ནང་མི་ཚེའི་ནང་བདེ་སྐྱིད་བསྐྲུན་ཐབས་སྐོར་གྱི་སློབ་ཚན་གསར་འཇུག་གཏན་འབེབ་གནང་ཡོད་པའི་དབུ་འབྱེད་མཛད་སྒོར་གདན་ཞུ་ཞུས་དོན་ལྟར་ཆིབས་བསྒྱུར་བསྐྱངས་ནས་སློབ་གྲྭ་སྟོང་གཅིག་གི་སློབ་སྤྱི་དང་། དགེ་རྒན་བཞི་སྟོང་བཅས་ཁྱོན་སློབ་སྤྱི་དང་དགེ་རྒན་སྟོང་ལྔ་ལ་བཀའ་སློབ་སྩལ་ཡོད་པ་རེད།
དེ་རིང་སྔ་ཐོག་ཚོུད་ ༩ པ་ཡོལ་ཙམ་ལ་ལྡི་ལི་མངའ་སྡེ་གཞུང་གིས་གོ་སྒྲིག་གནང་ཐོག་ཁུལ་དེར་རྟེན་གཞི་བྱས་པའི་ Thyagaraj ཚོམས་ར་ཆེན་མོར་སྐུ་མགྲོན་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ Arvind Kejrewal ལགས། དམིགས་བསལ་སྐུ་མགྲོན་ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དང་ཤེས་རིག་བློན་ཆེན་གཅིག་ལྕོགས་སྐུ་ཞབས་ Manish Sisodia ལགས། ལྡི་ལི་མངའ་སྡེ་གཞུང་གི་སྟངས་འཛིན་འོག་ཡོད་པའི་གཞུང་གི་སློབ་གྲྭ་ཁག་ཆིག་སྟོང་ལྷག་ཙམ་གྱི་འབྲེལ་ཡོད་དགེ་ལས་སློབ་མ་བཅས་ལྷན་ཞུགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིིས་མི་ཚེའི་ནང་བྱམས་སྙིང་རྗེ་དང་བདེ་སྐྱིད་ཀྱི་བསླབ་བྱ་དེ་དག་ལག་བསྟར་གང་མང་གནང་ཐུབ་ཚེ་ཁོང་ཁྲོ་དང་རང་གཅེས་འཛིན་གྱི་བསམ་བློ་སོགས་སེམས་ཚོར་དྲག་པོའི་ཆ་དེ་དག་ལ་ཉུང་དུ་འགྲོ་བར་དགེ་མཚན་ཆེན་པོ་ཡོད་པའི་སྐོར་དང་། འཛམ་བུ་གླིང་འདིར་ཡོད་པའི་འགྲོ་བ་མི་ཐེར་འབུམ་བདུན་པོ་ཚང་མར་འཛམ་གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་བཟོ་རྒྱུའི་འགན་དང་ནུས་པ་གཅིག་མཚུངས་ཡོད་སྟབས། ཚང་མས་བྱམས་སྙིང་རྗེ་དང་བདེ་སྐྱིད་ཀྱི་བསླབ་བྱ་ཉམས་ལེན་གནང་ནས་རིམ་བཞིན་རང་ཉིད་ཀྱི་ནང་མི་དང་ཁྱིམ་མཚེས། དེ་བཞིན་སྤྱི་ཚོགས་ཁྱོན་ལ་ཁྱབ་སྤེལ་གནང་རྒྱུ་གལ་ཆེན་ཡིན་པའི་བཀའ་སྩལ།
གཞན་ཡང་། ལྡི་ལི་མངའ་སྡེ་གཞུང་ནས་སློབ་གྲྭ་ཁག་གི་སློབ་དེབ་དང་བདེ་སྐྱིད་སྐྲུན་ཐབས་ཀྱི་བསླབ་གཞི་གསར་པ་གཏན་འབེབས་གནང་བར་བསྔགས་བརྗོད་དང་སྦྲགས། བསླབ་གཞི་དེ་དག་སློབ་ཁྲིད་ཡང་དག་པ་ཞིག་ཐུབ་པར་དགེ་རྒན་གསོ་སྐྱོང་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། བདེ་སྐྱིད་དང་བྱམས་བརྩེའི་སྐོར་ཙམ་མིན་པར་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ཀྱང་དེ་མཚུངས་ཀྱི་སློབ་ཁྲིད་གནང་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པ་སོགས་བཀའ་སྩལ་རྗེས་དགེ་ལས་ཁག་ཅིག་གི་བཀའ་འདྲིར་བཀའ་ལན་དང་འབྲེལ། མགོན་པོ་གང་ཉིད་མཆོག་དགུང་ལོའི་བབས་ཀྱི་ཆ་ནས་ལོ་རེ་བཞིན་བགྲེས་བཞིན་ཡོད་ཀྱང་། ནང་བསམ་བློའི་ཆ་ནས་ད་ལྟའང་གཞོན་ཉམས་དོད་པོ་དང་། ལྷག་དོན་བློ་རིགས་མུ་མཐུད་ནས་ཇེ་གསལ་དུ་འགྲོ་བཞིན་ཡོད་པ་དང་། ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། ། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག་ཅེས་ཐུགས་སྨོན་མཛད་བཞིན་ཡོད་པའི་བཀའ་ཕེབས་ཡོད་པ་བཅས།།