༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡ ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐྱེ་འགྲོ་སྤྱི་དང་བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཟབ་མོ་མཐའ་དག་ལྷུན་གྱིས་འགྲུབ་པའི་ཕྱིར་སྐུ་བཅར་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བོད་ཀྱི་རིས་མེད་བཙུན་མ་ཞལ་གྲངས་ ༥༤ ཡིས་སྒྲོལ་དཀར་ཚེ་སྒྲུབ་ཀྱི་ཆོ་གའི་སྒོ་ནས་སྒྲུབ་ཞག་ཉིན་བདུན་སྔོན་བཏང་གིས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་བཙུན་མ་སྤྱི་ནས་སྒྲོལ་དཀར་ཚེ་སྒྲུབ་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་བདུན་པ་ཙམ་ལ་ཕོ་བྲང་དུ་བོད་རིགས་དང་རྒྱ་རིགས། སོག་རིགས་མཇལ་ཞུ་བ་ཁག་ཅིག་ལ་མཇལ་ཁ་གནང་བ་དང་། ཆུ་ཚོད་བརྒྱད་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་གདན་འདྲེན་ཞུ་སྐབས་ཕེབས་ལམ་གཡས་གཡོན་གཉིས་སུ་བཙུན་མ་རྣམས་ནས་སེར་སྦྲེང་དང་། རིས་མེད་བཙུན་མའི་འཐུས་ཚབ་རྣམས་ནས་སྤོས་སྣེ། སྤྱན་རྒྱ། སྤོས་འཛིན་དང་བཅས་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་བཞུགས་ཁྲི་རིན་པོ་ཆེར་ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་དབུ་བཞུགས་མཁན་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་གནང་། དེ་རྗེས་དབུ་མཛད་ཀྱིས་གསུང་ཆོག་དབུ་འཛུགས་གནང་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ། གུ་རུའི་ཐུགས་དམ་གནད་སྐུལ། པཎ་གྲུབ་བཅུ་བདུན་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་བཅས་གསུང་མུར་གསོལ་ཇ་འབྲས་སིལ་རིམ་པར་ཕེབས་པ་དང་།
བརྟན་བཞུགས་དངོས་གཞིར་བླ་མ་ལྷར་བསྐྱེད་ནས་བཟླས་པའི་བར་ཆོག་གཞུང་ལྟར་ཕེབས་རྗེས། ཙ་རུའི་ཚོགས་འཁོར་འབུལ་བཞེས་གནང་།གསོལ་འདེབས་མཎྜལ་སྐབས་དབུ་བཞུགས་མཁན་རིན་པོ་ཆེ་དང་བཙུན་མའི་འཐུས་ཚབ་རྣམ་གསུམ་ནས་མཎྜལ་ཚོམ་བུ་འདེགས་འབུལ་ཞུས། དབུ་བཞུགས་རྡོ་རྗེ་སློབ་དཔོན་མཆོག་ནས་ཞལ་འདོན་ཚིག་བསྟུན་གྱིས་སྐུ་དང་། གསུང་།ཐུགས། བུམ་པ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། རྒྱལ་སྲིད་སྣ་བདུན། བཀྲི་ཤིས་རྟགས་བརྒྱད་དང་རྫས་བརྒྱད་བཅས་རིམ་པར་ཕུལ་བ་དང་། དབུ་བཞུགས་མཁན་རིན་པོ་ཆེ་མཆོག་དང་རིས་མེད་བཙུན་མའི་དགོན་སྡེ་སོ་སོའི་འཐུས་མི་བདུན་ནས་མཇལ་བཅར་ཞུས་ཏེ། ༸རྒྱལ་བའི་ཞབས་བརྟན་གསུང་མུར། འབུལ་དངོས་བསྟར། ཞལ་འདོན་གསུང་མུར་ཚོགས་འགྲེམས། ཡོན་འབུལ་སོགས་གནང་མཚམས་ཆུ་ཚོད་ ༩།༥༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་སྩལ་དོན།
རིས་སུ་མ་ཆད་པའི་བཙུན་དགོན་ཁག་ཐུན་མོང་གི་ཐོག་ནས་སྒྲོལ་དཀར་འཆི་མེད་ཡེ་ཤེས་འཁོར་ལོའི་སྒྲུབ་པ་དང་འབྲེལ་ནས་དེ་རིང་འདིར་བརྟན་བཞུགས་གནང་གི་ཡོད་པ་རེད། ཁྱོད་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྟན་བཞུགས་འབུལ་རྟེན་གྱི་ནང་དུ་ “བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐལ་བཟང་གི་དུས་འདིར་དམ་བཅའ་འབུལ་རྒྱུར། དང་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར་བཀའ་སློབ་ལམ་སྟོན་ཐོག་དད་དམ་གཡོ་བ་མེད་པའི་ངང་ཤར་བསྐྱོད་བྱ་རྒྱུ། གཉིས་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་བཞེངས་ཕྱོགས་དབུ་མའི་ལམ་ལ་ཤར་བསྐྱོད་བྱ་རྒྱུ། གསུམ་པ། དོལ་རྒྱལ་བསྟེན་གསོལ་མི་བྱེད་པ་མ་ཟད། ཁོ་བའི་རྗེས་འབྲངས་རྣམས་དང་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་དམ་བཅའ་འབུལ་རྒྱུ།” ཞེས་སོགས་འཁོད་ཡོད་པ་ལྗགས་ཀློག་མཛད་པ་དང་།
དེ་ནས་མུ་མཐུད་བཀའ་སློབ་སྩལ་དོན། བརྟན་བཞུགས་ཞེས་པ་ནི་ཆོ་ག་བཏོན་པ་གཅིག་པུའི་སྐད་ཆ་མ་རེད། རྒྱུན་དུ་དད་པ་དང་དམ་ཚིག་གཡོ་བ་མེད་པར་ཡོད་ཚེ་བླ་མའི་ཚེ་ཡུན་དུ་གནས་པ་ལ་ཁྱད་པར་ཡོད་པ་རེད། དེར་བརྟེན་ཁྱོད་རང་ཚོས་དད་དམ་གཡོ་བ་མེད་པའི་སོ་སོའི་གནས་སྟངས་གསུངས་པ་རེད། ཧ་ཅང་ཡག་པོ་རེད། འདིའི་ནང་དུའང་བཀོད་འདུག ང་ཚོ་རྒྱ་གར་ལ་སླེབས་ནས་བཙུན་མ་ཚོས་དཔེ་ཆ་བལྟ་དགོས་པ་རེད་ཅེས་འབོད་སྐུལ་ཞུས་པ་གཞིར་བཟུང་གིས་བཙུན་མ་ཚོས་ཀྱང་གཞུང་ཆེན་ལ་བལྟས་ནས་བཙུན་མའི་དགེ་བཤེས་ཐོན་ཡོད་པ་རེད། རྗེས་སུ་ཡི་རངས་ཡོད། ཧ་ཅང་ཡག་པོ་རེད། དགེ་བཤེས་འཇོག་རྒྱུ་ནི་ཟླ་བ་ཁ་ཤས་དང་ལོ་ཁ་ཤས་ལ་བསྙེན་པ་བཏང་ནས་དགེ་བཤེས་ཆགས་ཐབས་མེད། ལོ་མང་པོར་གཞུང་ཆེན་ཚོའི་རྩ་བ་བློ་ལ་བཟུང་། འགྲེལ་བ་ཚིག་རེ་རེ་ནས་རྒྱ་གཞུང་གི་འགྲེལ་བ་དེ་དག་རྩ་བར་བཞག་ནས་འགྲེལ་བ་རྒྱག་པ་དང་། འགྲེལ་བའི་ཐོག་ནས་སོ་སོར་གོ་བ་ཞིག་ཆགས་པ་དེ་ཕྱོགས་གླིང་དང་ཆོས་གྲགས་ཀྱི་ཚད་མ་རིག་པའི་ཐོག་ནས་བརྡར་ཤ་བཅད་ནས་སློབ་གཉེར་གནང་གི་ཡོད་པ་རེད། ཁྱོད་རང་ཚོ་དགེ་བཤེས་མ་ཚོས་ལོ་བཅུ་བདུན་བཅོ་བརྒྱད། ཉི་ཤུ་སྐོར་ལ་དཔེ་ཆར་བལྟས་ཏེ་ཡོང་བ་རེད། ལུང་རྟོགས་ཀྱི་བསྟན་པ་དེ་བཤད་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་མ་གཏོགས་ཆོ་ག་འདོན་པ་དང་། རྟགས་ཆ་ལུགས་ཙམ་གྱིས་བསྟན་པ་འཛིན་སྐྱོང་བྱེད་པའི་མཚན་ཉིད་ཚང་བ་ཡོང་བ་ཁག་པོ་རེད།
དེ་སྔ་བོད་དུ་བསྟན་པ་ས་དར་རྡོ་དར་ཡོད་ཀྱང་། མང་པོ་ཞིག་ལམ་དང་ལུགས་སྲོལ་ལྟ་བུར་ཕྱིན་བསྡད་པ་མ་གཏོགས། སྐྱབས་གསུམ་གྱི་མཚན་ཉིད་ཀྱང་ཡག་པོ་ཞིག་མ་ཤེས་པར་སྐྱབས་སུ་མཆི་ཟེར་གྱི་ཡོད། སྐྱབས་སུ་འགྲོ་སའི་ཡུལ་གྱི་ངོ་བོ་ཇི་ལྟར་ཡིན་པ་དང་། དེ་ལྟ་བུའི་སྐྱབས་དེ་རྒྱུ་རྐྱེན་གང་ལ་བརྟེན་ནས་གྲུབ་པ་རེད། ཆོས་དཀོན་མཆོག་སྐྱབས་དངོས་ཟེར་གྱི་ཡོད་པ་རེད། སྐྱབས་དངོས་ཡིན་སྟངས་ཇི་ལྟར་ཡིན་པ་དང་། དགེ་འདུན་སྐྱབས་དངོས་སྒྲུབ་པའི་ཟླ་གྲོགས་ཟེར་གྱི་ཡོད་པ་རེད། སངས་རྒྱས་ལ་སྐྱབས་སྟོན་པ་པོ་ཟེར་གྱི་ཡོད་པ་རེད། གཙོ་བོ་སྐྱབས་སྟོན་པ་པོ་དང་སྐྱབས་སྒྲུབ་པའི་ཟླ་གྲོགས་ཞེས་ཟེར་བའི་རྩ་བ་ཐུག་ས་ནི་ཆོས་ལ་ཐུག་གི་ཡོད། ཆོས་ཞེས་པ་ནི་པོ་ཏིའི་སྐད་ཆ་མ་རེད། ཆོས་ཞེས་པ་ནི་བཀའ་འགྱུར་བསྟན་འགྱུར་པོ་ཏི་སུམ་བརྒྱ་ལྷག་ཡོད་པའི་ནང་གསུངས་ཡོད་པའི་རྟོགས་པའི་ཡོན་ཏན་རང་གི་རྒྱུད་ལ་ཚང་དགོས་ཀྱི་ཡོད་པ་རེད། རྟོགས་པའི་ཡོན་ཏན་གྱི་གཙོ་བོ་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་ནི་ཆོས་དཀོན་མཆོག་དངོས་གནས་དེ་ཆགས་ཡོད། སྐྱབས་དངོས་ནི་འདི་རེད། དེ་ལྟ་བུའི་སྐྱབས་སྟོན་མཁན་གྱི་སྟོན་པ་ནི་སྟོན་པ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་ཡིན་པས་ཐར་བ་སྟོན་པའི་སྟོན་པ་ཞེས་བཤད་ཀྱི་ཡོད་པ་རེད། སྐྱབས་སྒྲུབ་པའི་དགེ་འདུན་དེ་ཡང་དེ་ལྟ་བུའི་འགོག་ལམ་མམ་མ་མཐའ་ལམ་བདེན་གྱི་རྟོགས་པ་རྒྱུད་ལ་སྐྱེས་ཡོད་མཁན་ཞིག་ལ་འཕགས་པའི་དགེ་འདུན་ཟེར་གྱི་ཡོད་པ་རེད། དེ་སློབ་གཉེར་མ་བྱས་ན་ཤེས་ཀྱི་མ་རེད། དེར་བརྟེན་ང་ཚོར་དེ་སྔ་ལམ་དང་ལུགས་སྲོལ་ལྟ་བུ་ཡོད་ཀྱང་དེ་ཞིབ་ཚགས་པོ་དང་སྤུས་དག་པོ་མི་འདུག
ང་ཚོ་རྒྱ་གར་ལ་སླེབས་ནས་བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་འདིར་ངོམ་ཆོག་པ་དང་། འཛམ་གླིང་འདིར་ཚན་རིག་དང་མཐུན་པའི་འགྲེལ་བཤད་རྒྱག་ཐུབ་པ་དེ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཆགས་ཡོད་པ་རེད། དེ་རྩ་ཆེན་པོ་ཡོད་པ་རེད་ཅེས་པ་ཙམ་གྱིས་འགྲིག་གི་མེད་པར་སོ་སོས་རྩ་ཆེན་པོ་ག་ཚོད་ཡིན་པ་ཤེས་པ་བྱེད་དགོས། མི་ལ་འགྲེལ་བཤད་རྒྱག་ཐུབ་པ་ཞིག་དང་། འགྲེལ་བཤད་རྒྱག་སྐབས་ཚིག་སྐམ་པོ་ཙམ་གྱིས་འགྲེལ་བཤད་བརྒྱབ་པས་མི་ཕན་པར་སོ་སོར་གང་ལ་གང་འཚམ་གྱིས་ཉམས་མྱོང་གི་བྲོ་བ་ཁ་བའམ་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་གི་བྲོ་བ་གང་ལ་གང་འཚམ་ཁ་བ་ཡིན་ན་དེའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ཡོང་གི་རེད། དེ་ལ་གཙོ་བོ་སློབ་གཉེར་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ཐོག་མ་དགེ་བཤེས་མ་ཡོང་དགོས་པ་རེད་ཅེས་བརྗོད་དུས་བླ་མ་དགེ་བཤེས་བགྲེས་པ་ཁ་ཤས་ཀྱིས་དགེ་བཤེས་མ་ག་འདྲ་བྱས་ཡོང་ཞེས་ངོས་ལ་གསུངས་མྱོང་། ངོས་རང་གིས་དགེ་སློང་མའི་སྡོམ་རྒྱུན་ཡོད་མེད་གནས་ཚུལ་ཁ་ཁ་རེད་མ་གཏོགས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་གནང་འདུག དགེ་སློང་ཕ་དང་དགེ་སློང་མ་ཞེས་ཐོབ་ཐང་འདྲ་མཉམ་གནང་འདུག བཅོམ་ལྡན་འདས་ཀྱིས་བསླབ་པའི་ཆ་ནས་དགེ་སློང་མ་ཞེས་ཐོབ་ཐང་གཅིག་པ་གནང་པའི་ཆ་ནས་དགེ་བཤེས་མ་ཡོང་མ་ཆོག་པ་ཡོད་པ་མ་རེད་ཅེས་ཞུ་རྒྱུ་བྱུང་། ཁྱོད་རང་ཚོས་དཔེ་ཆ་བལྟས་ནས་ཧུར་ཐག་གནང་ནས་དེ་རིང་འདིར་ས་དགེ་བཀའ་རྙིང་བོན་དང་བཅས་པ་རིས་མེད་ཀྱི་བཙུན་མ་ཚོ་འཚོགས་པ་རེད། དངོས་གནས་སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་།། བསྟན་པ་ཉི་འོད་བཞིན་དུ་གསལ་བ་དང་།། བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས།། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།། ཅེས་གསུངས་པ་ལྟར་ང་རང་ཚོ་ཚང་མ་ཐུགས་མཐུན་ཁྲིམས་གཙང་དེ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་འདིར་ཁྱོད་རང་ཚོ་ཚང་མ་ཐུན་མོང་གི་ཐོག་ནས་གནང་བ་རེད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་བཀའ་སློབ་སྩལ་བ་དང་།
དེ་རྗེས་གཏང་རག་མཎྜལ་སྐབས་བཙུན་མའི་རྒན་གྲས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཏེ། བཙུན་མའི་བརྟན་བཞུགས་གོ་སྒྲིག་པ་དང་འབྲེལ་ཡོད་བཅུ་བདུན་སྐོར་མཇལ་ཁ་ཞུས། དེ་རྗེས་མུ་མཐུད་ཞལ་འདོན་ཉི་གཞོན་འཆར་ཀ་མ་དང་། རིས་མེད་བསྟན་རྒྱས་སྨོན་ལམ། ཀ་ཁྲི་སྒྲོག བདེན་ཚིག་སྨོན་ལམ་བཅས་གསུངས་ཏེ་ཆུ་ཚོད་ ༡༠།༣༠ ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་བཙུན་མ་སྤྱི་ནས་སྒྲོལ་དཀར་ཚེ་སྒྲུབ་ཀྱི་ཆོ་གའི་སྒོ་ནས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་དུ་གདན་ཞུའི་ཕེབས་ལམ་དུ་སྔར་བཞིན་སྤོས་སྣེ་དང་བཅས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།།