༄༅། །ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་ལ་དྭགས་ནས་ཕེབས་པའི་མི་གྲངས་བརྒྱ་ཕྲག་ཁ་ཤས་གཙོས་དད་ལྡན་ཁག་ཅིག་ལ་བོད་ཀྱི་ནང་པའི་ཆོས་ཀྱི་ཆེ་བ་དང་། དེ་ལ་སློབ་སྦྱོང་བྱེད་དགོས་སྐོར་བཀའ་སློབ་སྩལ་བ་མ་ཟད་སངས་རྒྱས་ཆོས་ཚོགས་མ་སོགས་ཀྱི་ཆོས་འབྲེལ་ཡང་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་གཙུག་ལག་ཁང་གི་གསུང་ཆོས་ར་བར་༸ཞབས་སོར་འཁོད་དེ་ཐོག་མར་མཇལ་བ་རྣམས་སྡེ་ཚན་བྱས་ཏེ་མཇལ་ཁ་དང་སྐུ་པར་ལྷན་སྒྲོན་མཛད་རྗེས་ཆོས་ཞུ་བ་རྣམས་ལ་འཚམ་འདྲི་དང་འབྲེལ་བཀའ་སློབ་སྩལ་དོན།
ང་རང་ཚོ་བོད་གངས་ཅན་པ་ཞེས་མདོ་དབུས་གཙང་གསུམ་དང་། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟ་ཡི་ཆོལ་ཁ་ཞེས་སྔར་ཆོས་རྒྱལ་ཚོའི་སྐབས་ནས་འདི་ལྟར་ཆགས་བསྡད་འདུག བར་སྐབས་གླང་དར་མའི་རྗེས་ནས་བོད་སིལ་བུར་ཆགས་ནས་ང་ཚོར་གཅིག་སྦྲེལ་མེད་པར་ཚང་མ་ཁ་འཐོར་བ་དང་། དེ་རིང་ཁ་སང་གི་དུས་ཚོད་འདིར་ཕྱོགས་གཅིག་ནས་བསམ་བློ་བཏང་ན་རྐྱེན་ངན་གྲོགས་ལ་ཤར་བ་རེད། རྒྱ་གུང་ཁྲན་གྱིས་བོད་རིགས་ཡོངས་རྫོགས་ལ་བོད་ཀྱི་སྐད་ཡིག་དང་། བོད་ཀྱི་ཆོས་དང་རིག་གཞུང་སོགས་ལ་དམ་དྲག་ཤུགས་ཆེན་པོ་བྱེད་སྐབས་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་རྡོག་ལ་དྲིལ་ནས་སྡོད་པ་ཞིག་དང་གཅིག་ཏུ་སྦྲེལ་བ་ཞིག་ཆགས་འདུག ང་རང་ཚོ་ཚང་མས་བོད་གངས་ཅན་པ་ཞེས་བཤད་སྡོད་པ་ཞིག་རེད། མདོ་སྨད་ཁུལ་ནས་ཡིན་ནའང་རེད། མདོ་སྟོད་ཁུལ་ནས་ཡིན་ནའང་རེད། དབུས་གཙང་ཁུལ་ནས་ཡིན་ནའང་རེད། གང་ལྟར་ང་ཚོ་བོད་རིགས་གཅིག་སྦྲེལ་གྱི་འདུ་ཤེས་དེ་ཧ་ཅང་ཤུགས་ཆེན་པོ་རེད། དེ་གལ་ཆེན་པོ་རེད། ང་རང་ཚོ་བོད་མི་རིགས་ཟེར་བ་ནི་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཞེས་བཤད་ཀྱི་ཡོད་པ་རེད། རྒྱ་ནག་ལ་ཆ་བཞག་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གདུལ་ཞིང་ཞེས་བཤད་སྲོལ་ཡོད་པ་རེད། གང་ལྟར་ང་རང་ཚོའི་བོད་ཀྱི་ལུང་པར་ཕྲུ་གུ་ཆུང་ཆུང་གི་སྐབས་ནས་སྲོག་ཆགས་གྲོག་འབུ་ཚུན་ནས་མ་གསོད་ཅེས་ཚང་མས་མ་ཎི་བགྲངས་པ་དང་། སྙིང་རྗེ་བྱེད་ནས་སྡོད་པ་ནི་གོམས་གཤིས་རེད་འདུག ཅེས་དང་།
གཞན་ཡང་། གང་ལྟར་ང་ཚོ་བོད་ཁ་བ་གངས་ཅན་ཞེས་དངོས་གནས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཞེས་བཤད་ཀྱི་ཡོད་པ་རེད་ལ། སྙིང་རྗེའི་སེམས་ཤུགས་ཏན་ཏན་ང་ཚོ་བོད་པར་ཤུགས་ཆེན་པོ་ཡོད་པ་ལྟ་བུ་འདུག མཁྱེན་སོང་ངམ། ང་ཚོ་བོད་མི་རིགས་ལོ་རྒྱུས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་། ཕལ་ཆེར་ལོ་སྟོང་ཕྲག་སུམ་ཅུ་བཞི་བཅུ་ཕྱིན་པའི་མི་རིགས་ཤིག་ཆགས་འདུག ས་འོག་ནས་ཐོན་པའི་ཆ་ལག་ལ་ཞིབ་འཇུག་བྱེད་ཡོང་དུས་རྒྱ་རིགས་དང་བོད་རིགས་ལས་བོད་རིགས་ཆགས་པ་སྔ་བོ་ཡོད་པ་རེད་ཅེས་རྒྱ་མིའི་མཁས་དབང་ཁ་ཤས་ཀྱིས་བཤད་ཀྱི་འདུག
གལ་ཆེ་ཤོས་ང་ཚོར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་ཞང་ཞུང་སྨར་ཡིག་ཟེར་བ་ཡར་རྒྱས་ལ་བཏང་བ་ཡིན་ནའང་འདྲ། ང་རང་ཚོར་བོད་ཡིག་གསར་པ་ཞིག་བཟོས་པ་ཡིན་ནའང་འདྲ། གང་ལྟར་རྒྱ་གར་གྱི་གནའ་རབས་ཀྱི་ཡི་གེ་ཞིག་ལ་དཔེ་བལྟས་ཏེ་ཀ་མད་སུམ་ཅུ་དབྱངས་དང་གསལ་བྱེད་ཅེས་སོ་སོའི་ཡི་གེ་ཁེ་གཙང་ཞིག་བཟོས་འདུག དེ་རྒྱ་མིའི་ཡི་གེ་དང་འདྲ་བོ་མ་རེད་ལ་བོད་སྐད་དང་བོད་ཡིག་རྒྱ་གར་གྱི་ཡི་གེར་ཡང་མི་འདྲ་བར་བོད་རང་གི་སྐད་ཡིག་ཅིག་ཡོད་བསྡད་པ་རེད། སྐད་ཡིག་དེའི་ནང་དུ་སྔོན་གྱི་མེས་པོ་ཚོས་རྒྱ་གར་ནས་མདོ་བསྟན་བཅོས་བསྒྱུར་ནས་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཅིག་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཅིག་ཡོད་པ་རེད། ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་སུ་བཀའ་འགྱུར་བསྟན་འགྱུར་ཞེས་བརྗོད་དུས་དད་པ་བྱེད་ས་ཞིག་ལ་བརྩིས་ཏེ་ང་ཚོའི་བོད་ཀྱི་རིག་གཞུང་མཚོན་གྱི་ཡོད་པ་རེད། སྔར་བོད་ཀྱི་མཁས་པ་སྔ་ཕྱིར་བྱུང་བ་ཚོས་བཀའ་འགྱུར་དང་བསྟར་འགྱུར་ལ་ཞིབ་འཇུག་གནང་ནས་འགྲེལ་བ་བརྩམས་ཡོད་པ་པོ་ཏི་ཁྲི་ཕྲག་ཁ་ཤས་ཡོད་པ་རེད། རྒྱ་ཡིག་ནང་དུ་བཀའ་འགྱུར་བསྟན་འགྱུར་གང་འཚམ་ཡོད་ཀྱང་། དེ་ཚོའི་འགྲེལ་བཤད་ཁྲི་ཕྲག་མང་པོ་བརྩམས་པ་ཕལ་ཆེར་ཡོད་ས་མ་རེད། རྒྱ་གར་ལའང་དེ་བཞིན་མང་པོ་ཡོད་པ་ལྟ་བུ་མི་འདུག བོད་གཅིག་པུ་རེད། བོད་ཀྱི་མེས་པོ་ཚོས་རྒྱ་གར་ནས་བསྒྱུར་བའི་གཞུང་རྩ་བར་བཞག་ནས་དེ་དག་གི་དགོངས་པ་བཀྲལ་ནས་འགྲེལ་བ་བརྩམས་པ་ཧ་ཅང་ཤུགས་ཆེ་ཤོས་རེད་འདུག
ད་ལྟ་ཡིན་ནའང་འཛམ་པུ་གླིང་འདིར་ང་བཙན་བྱོལ་བ་བྱས་ཏེ་བསྡད་ནས་ལོ་ ༥༨ ལྷག་ཕྱིན་པ་རེད། ནང་པའི་ཆོས་གྲོགས་དང་མཁས་དབང་མང་པོར་ཐུག་གི་ཡོད་པ་རེད། དེའི་སྐབས་སུ་ཕལ་ཆེར་ང་ཚོའི་བོད་ཀྱི་ནང་པའི་བསྟན་པ་འདི་ཕྱུགས་ཤོས་རེད་འདུག དུས་རབས་བརྒྱད་པའི་ནང་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་ནས་བསམ་ཡས་གཙུག་ལག་ཁང་བཞེངས་པ་དང་། བསམ་ཡས་ལ་རྣམ་དག་ཚུལ་ཁྲིམས་གླིང་ཞེས་སྡོམ་པ་འབོག་ཆོག་གནང་བ་དང་། སྒྲ་བསྒྱུར་ལོ་པཎ་གླིང་ཞེས་དཔེ་ཆ་བསྒྱུར་མཁན་གྱི་སྡེ་ཚན་གཅིག་བཟོས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་ནག་གི་གོང་མ་དང་འབྲེལ་བ་ཡོད་པ་རེད། དེ་ལྟ་བུའི་ཐོག་ནས་རྒྱ་ནག་གི་ནང་པ་ཚོར་ཡང་འབྲེལ་བ་ཤུགས་ཆེན་པོ་བྱས་ཏེ་རྒྱ་ནག་གི་སྒོམ་རྒྱག་མཁན་སོགས་ལའང་བསམ་ཡས་ནས་མི་གཡོ་བསམ་བརྟན་གླིང་ཞེས་རྩེ་གཅིག་ཏུ་སྒོམ་བརྒྱག་མཁན་བཙུགས་འདུག དེ་བཞིན་མཁན་སློབ་ཆོས་གསུམ་ཞེས་ཡོད་པའི་སྐབས་སུ་སློབ་དཔོན་རིན་པོ་ཆེ་ཡོད་པ་རེད། སློབ་དཔོན་རིན་པོ་ཆེ་སྔགས་འཆང་རེད། དེར་བརྟེན་རབ་བྱུང་ངུར་སྨུག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་ཞེས་གསུངས་སྲོལ་ཡོད་པ་ལྟར་སློབ་དཔོན་རིན་པོ་ཆེའི་རྗེས་འབྲང་ཚོར་གོས་དཀར་ལྕང་ལོའི་སྡེ་ཞེས་བདུད་འདུལ་སྔགས་པ་གླིང་སྒྲིག་འཛུགས་བཙུགས་འདུག མཁན་ཆེན་ཞི་བ་འཚོ་ནཱ་ལེནྡྲ་ནས་ཕེབས་པའི་མཁས་པའི་དབང་པོ་རེད། ཁོང་གིས་བརྩམས་པའི་དབུ་མ་རྒྱན་རང་འགྲེལ་དང་བཅས་པ་དང་། ཚད་ཆེན་ཡོད་པ་རེད། ཚད་ཆེན་ཧ་ཅང་མཁྲེགས་པོ་རེད། གྲྭ་ས་ཚོར་ཚད་ཆེན་དང་དེའི་འགྲེལ་བ་སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པ་པོ་ཏི་གཉིས་མན་ཙམ་ཡོད་པ་ལ་བལྟ་དགོས་པ་རེད་ཅེས་བཤད་ཀྱི་ཡོད། ཅེས་སོགས་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཁྱད་ཆོས་ངོ་སྤྲོད་དང་། བོད་དུ་བྱུང་བའི་སྐོར་སོགས་བཀའ་སློབ་སྩལ་བ་དང་།
ཡང་། རྡ་རམ་ས་ལར་ཁྱོད་རང་ཚོ་ངོས་ལ་ཐུག་ཏུ་ཡོང་ནས་༸རྒྱལ་བ་རིན་པོ་ཆེའི་ཞལ་མཇལ་སོང་། ཕྱག་དབང་རེག་སོང་ཞེས་པ་ཙམ་ལ་ཆོག་ཤེས་མ་བྱས་པར་ངོས་ནས་བརྗོད་པ་ལྟར། དངོས་ནས་མ་འོངས་པར་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ཚེ་བོད་ཀྱི་སྐད་ཡིག་ལ་མ་བསླབ་པར་ཐབས་མེད་པ་ལྟ་བུ་ཕལ་ཆེར་ཆགས་ཀྱི་ཡོད་པས་སོ་སོའི་སྐད་ཡིག་ལ་དོ་སྣང་བྱེད་དགོས་པ་དང་། སྐད་ཡིག་ཤེས་པ་ཙམ་གྱིས་མི་ཆོག་པར་སྐད་ཡིག་ནང་དུ་ཡོད་པའི་སངས་རྒྱས་པའི་ལྟ་གྲུབ་དང་ཚད་མ་རིག་པ་སོགས་ལ་ག་ཚོད་ཐུབ་ཐུབ་ཀྱིས་དོ་སྣང་དང་སློབ་སྦྱོང་བྱ་རྒྱུ་གལ་ཆེན་པོ་རེད། ཁྱོད་རང་ཚོའི་ཕྲུ་གུ་ཚོ་ཡང་དེང་དུས་ཀྱི་ཤེས་ཡོན་ཡོད་པ་དང་ཆབས་ཅིག་ང་རང་ཚོའི་མི་རིགས་རང་ཉིད་ལ་སྔ་མོ་ནས་ཡོད་པའི་ལུང་སྡེ་སྣོད་གསུམ་གྱི་དོན་དག་ལ་སློབ་སྦྱོང་བྱེད་ཐུབ་པ་ཞིག་བྱོས། ཁྱེད་རང་ཚོ་བོད་ནས་ཕེབས་པ་རེད། ངོས་ཀྱིས་རྒྱུན་དུ་བོད་ན་ཡོད་པའི་རྒྱ་ཆེའི་མི་མང་ཚོ་བོད་ཀྱི་དོན་གྱི་བདག་པོ་རེད་ཅེས་བརྗོད་བཞིན་ཡོད། ཤེས་སོང་ངམ། བཙན་བྱོལ་དུ་འབུམ་གཅིག་དང་ཕྱེད་ཀ་ཙམ་ཡོད་པ་དེ་ཉུང་ཤོས་ཤིག་རེད། བདག་པོ་དངོས་མ་ནི་བོད་ནང་དུ་ཡོད་པའི་རྒྱ་ཆེའི་མི་མང་ས་ཡ་དྲུག་ནས་བདུན་གྱི་བར་ཡོད་པ་དེ་དག་རེད། དུས་ད་ལྟ་བར་འཛམ་གླིང་འདིར་བོད་ཅེས་བོད་ཀྱི་གནད་དོན་ཞིག་ཡོང་བསྡད་པ་དེ་དང་། ལྷགས་ཡོད་པ་ནི་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་ལ་བརྟེན་ནས་བྱུང་བ་རེད། ཁྱོད་རང་ཚོ་བོད་རྒྱ་ཆེའི་མི་མང་གི་ཆ་ཤས་ཤིག་ཆགས་བསྡད་ཡོད་པ་རེད། ཁྱོད་རང་ཚོ་ཚང་མར་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། གཞིས་ལུས་རྒྱ་ཆེའི་མི་མང་གི་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པར་བསྡད་པ་དེ་ངོ་མཚར་སྐྱེས་དགོས་པ་ཞིག་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་ཡང་ཁྱོད་རང་ཚོས་སྔར་བཞིན་དུ་སེམས་ཤུགས་བསྐྱེད་པའི་ཐོག་ལ་ཤེས་ཡོན་ལྡན་པ་ཞིག་གི་ཐོག་ནས་སེམས་ཤུགས་མུ་མཐུད་ནས་གནས་ཐུབ་པ་ཞིག་ལ་བསམ་བློ་གཏོང་དགོས། ཁྱོད་རང་ཚོས་ངོས་ལ་ཕ་ཡུལ་དུ་ཡོང་རོགས་ཟེར་གྱི་འདུག ལས་སླ་བོ་བྱས་ཏེ་ཕ་ཡུལ་དུ་ཡོང་ཐབས་ཡོད་པ་མ་རེད། རྒྱ་ནག་གཞུང་གི་བཀའ་འཁྲོལ་མེད་ན་ངོས་རང་ག་འདྲ་ཞིག་ཡོང་དགོས་པ་རེད། ཡིན་ནའང་། གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་ངོས་ཀྱིས་ནམ་ཡང་བརྗེད་མི་ཡོང་། ངོས་རང་ལོ་ ༨༢ ལ་སླེབས་ཡོད་པ་དང་ ༨༣ ཟིན་གྲབས་ཡོད་པ་རེད། སྤྱིར་བཏང་ངོས་ཀྱི་གཟུགས་པོ་ཧ་ཅང་བདེ་བོ་ཡིན། རྒྱ་ནག་རང་གི་སྲིད་ཇུས་ལ་ག་ལེར་འགྱུར་བ་འགྲོ་བའི་རེ་བ་ཡོད་བསྡད་པ་ཞིག་རེད། ཁྱོད་རང་ཚོ་ཚང་མ་བློ་བདེ་བོ་དང་སེམས་སྐྱིད་པོ་བྱོས། གལ་ཆེ་ཤོས་སློབ་སྦྱོང་ལ་དོ་སྣང་བྱོས་ཞེས་སོགས་བཀའ་སློབ་སྩལ་རྗེས། སངས་རྒྱས་ཆོས་ཚོགས་མ་དང་། མ་ཎི་ཡི་གེ་དྲུག་མ། ཐུབ་པའི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས་སོགས་ཀྱི་ལུང་གནང་སྟེ་ཆོས་འབྲེལ་བཀའ་དྲིན་སྩལ་རྗེས་ཕྱིར་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས།།