༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༣ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་རྒྱལ་གྲྭ་ཚང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྗེ་ཙོང་ཁ་པས་མཛད་པའི་ལམ་གཙོ་རྣམ་གསུམ་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་༩ བ་ཙམ་ལ་༸རྒྱལ་བའི་ཕོ་བྲང་གི་གཟིམ་ཆུང་ནས་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། ཆོས་ཚོགས་གཉིས་ཀྱི་གཙོ་འཛིན་བཅས་ཀྱིས་སྤོས་སྣེས་སྔུན་བསུས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་ཨི་ཊ་ལི་དང་ཝི་ཏི་ནམ་གྱི་སྐད་ཐོག་རིམ་བཞིན་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། རྣམ་རྒྱལ་གྲྭ་ཚང་གི་སློབ་གྲྭ་གསར་རྒྱག་ལེགས་པར་ཟིན་ནས་ཁ་སང་སྒོ་འབྱེད་ཀྱི་རྟེན་འབྲེལ་ཚོགས་པ་རེད། མཁན་རིན་པོ་ཆེའི་ཆོས་ཚོགས་ཁོངས་མི་ཨི་ཊ་ལི་ནས་མང་པོ་ཞིག་འདིར་འབྱོར་ཡོད་པ་རེད། དེ་བཞིན་ཝི་ཊི་ནམ་ནས་ཀྱང་མང་པོ་ཞིག་འབྱོར་ཡོད་པ་རེད། ཁྱོད་རང་ཚོར་ཆོས་འབྲེལ་ཞིག་བྱུང་ན་ཞེས་ལམ་གཙོའི་ཆོས་འབྲེལ་བྱ་རྒྱུ་གཏན་འཁེལ་བ་རེད། དེ་དང་ཆབས་ཅིག་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་གྲྭ་རྒྱུན་ནང་དུ་མོན་པའི་བུ་ཕྲུག་མང་པོ་ཞིག་ཡོད་པ་རེད། ཁོང་ཚོའི་ཕ་མ་སྤུན་མཆེད་མང་པོ་ཞིག་ཀྱང་དེ་རིང་འདིར་འབྱོར་ཡོད་པས་ཧིན་སྐད་དུ་སྐད་བསྒྱུར་གྱི་ཡོད་པ་རེད། དེ་རིང་བཀའ་ཆོས་བྱེད་པའི་ཆེད་དུ་བྱ་བའི་གདུང་བྱ་འདི་དག་ཡིན། དེ་བཞིན་རྒྱ་གར་ལ་དང་པོ་འབྱོར་ཡོད་པའི་བོད་པ་གསར་འབྱོར་མང་པོ་ཞིག་འདུག
ནམ་རྒྱུན་ཆོས་འབྲེལ་མ་བྱས་གོང་དུ་ཆོས་དགོས་མཁོ་ཡོད་མེད་དང་། སངས་རྒྱས་པའི་ཆོས་ཇི་ལྟ་བུ་ཞིག་ཡིན་པ་ངོ་སྤྲོད་བྱེད་ཀྱི་ཡོད། ཆོས་ཞེས་པ་འདི་ནི་དུས་རབས་ ༢༡ པ་དང་འབྲེལ་བ་ཡོད་པ་ཞིག་དང་། དེའི་ནང་ཚན་ནས་སངས་རྒྱས་པའི་ཆོས་འདི་འབྲེལ་བ་ཡོད་པ་ཞིག་ཏུ་མཐོང་ཡོང་བའི་སྐབས་སུ་སངས་རྒྱས་པའི་ཆོས་ཞེས་པ་ཇི་ལྟ་བུ་ཞིག་ཡིན་པ་ངོ་སྤྲོད་བྱེད་རྒྱུ་དང་། ངོ་འཕྲོད་པའི་ཐོག་སངས་རྒྱས་པའི་ཆོས་ལ་རྒྱུ་མཚན་མཐོང་ནས་དད་པ་བྱེད་པ་བྱུང་བ་ཡིན་ན། ཉམས་ལེན་བྱེད་པ་སོགས་གལ་ཆེན་དོན་ཆེན་བྱས་ནས་ཉམས་ལེན་བྱེད་རྒྱུ་ཞིག་ཡོང་གི་རེད། དེ་མིན་འཆར་ཅན་ལྟར་ཕྱིན་པ་ཡིན་ན་དགོས་པ་ཆེར་མི་འདུག ང་ཚོ་དུས་རབས་ ༢༡ ནང་ལ་སླེབས་ཡོད་པ་རེད། ཕྱི་དངོས་པོ་འདས་པའི་ལོ་བརྒྱ་ཉིས་བརྒྱའི་རིང་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད། ཡར་རྒྱས་དེ་དང་འབྲེལ་ནས་མི་ལ་དཔེར་ན་སྨན་བཅོས་མཐུན་རྐྱེན་དང་། དཔལ་འབྱོར་གྱི་མཐུན་རྐྱེན། ཕར་ཚུར་འགྲིམ་འགྲུལ་གྱི་མཐུན་རྐྱེན་སོགས་ཧ་ཅང་མང་པོ་ཡར་རྒྱས་ཕྱིན་ཡོད་པ་རེད། ག་ལྟར་མི་ཚེའི་འགྲོ་སྟངས་སྟབས་བདེ་བོ་ཞིག་ཆགས་ཡོད་པ་རེད། མི་ཚང་མར་འགྲེལ་བཤད་རྒྱག་མི་དགོས་པར་དངོས་པོ་ཡར་རྒྱས་གལ་ཆེན་པོར་བརྩིས་ནས་དཔལ་འབྱོར་ཞེས་གང་ས་གང་དུ་བཤད་ཀྱི་ཡོད་པ་རེད།
ང་ཚོའི་མི་རབས་གོང་མའི་གོང་མ་དག་གིས་དངོས་པོ་ཡར་རྒྱས་ཕྱིན་པ་ཡིན་ན་འཛམ་གླིང་ལ་ཞི་བདེ་ཡོང་བ་ཞིག་དང་། བདེ་སྐྱིད་ལྡན་པ་ཞིག་ཡོང་གི་རེད་བསམ་པའི་ཚོད་དཔག་ཕལ་ཆེར་བྱས་ཡོད་ཀྱི་རེད། འོན་ཀྱང་དེ་འགྲུབ་ཡོད་པ་མ་རེད། དངོས་པོ་ཡར་རྒྱས་ཕྱིན་ཡོད་ཀྱང་དངོས་པོ་ཡར་རྒྱས་ཀྱི་ཆ་རྐྱེན་དེ་དག་སྡུག་བསྔལ་གྱི་སྣོན་པ་ལྟ་བུ་ཆགས་ཡོད། དཔེར་ན་འཕྲུལ་ཆས་ཡར་རྒྱས་ཕྱིན་པའི་རྐྱེན་གྱིས་གོ་མཚོན་གྱི་རིགས་ཧ་ཅང་མང་པོ་ཡར་རྒྱས་ལ་ཕྱིན་པ་རེད། དེ་མི་ལ་བརྡབ་གསིག་བཟོ་བ་ཞིག་དང་། མི་ལ་འཇིགས་སྣང་སྣང་སྐྱེ་བ་ཞིག མིས་གསོད་རེས་གཏོང་བ་ཞིག་ཆགས་བསྡད་ཡོད། འདས་པའི་ཉིན་གཉིས་གསུམ་ནང་ལ་ཆ་བཞག་ནའང་དེ་ལྟ་བུའི་ཐོག་ནས་འཚེ་བའི་ལས་བྱས་པ་ཡོང་གི་འདུག གང་ལྟར་འཛམ་གླིང་འདིར་འཚེ་བ་བྱེད་པ་དང་འཚེ་བ་ཡོང་བ་དེ་ལུས་གཅིག་པུས་འཚེ་བ་བྱེད་པ་མ་རེད། སེམས་ཀྱི་ནང་ནས་རང་ཕྱོགས་ལ་ཆགས་པ་དང་གཞན་ཕྱོགས་ལ་སྡང་བ་དང་། ཕྲག་དོག་དང་འགྲན་སེམས་སོགས་མང་པོ་ཞིག་སླེབས་ཡོང་བས་མིས་མི་གསོད་པའི་མཚོན་པའི་མིས་མི་ལ་བཤུ་གཞོག་གཏོང་བ། སྤྱི་ཚོགས་ནང་དུ་དབུལ་བོ་དང་ཕྱུག་པོའི་དབྱེ་བ་ཆེན་པོ་ཡོད་པའི་གནས་ཚུལ་ཡོང་གི་ཡོད། དེ་དངོས་པོ་རྐྱང་རྐྱང་ལ་བསམ་བློ་གཏོང་བ་མ་གཏོགས་བྱམས་པ་དང་བརྩེ་བ་སོགས་ནང་གི་ཡོན་ཏན་ལ་དོ་སྣང་མ་བྱས་པས་རེད། འཛམ་གླིང་འདི་དངོས་པོ་ཡར་རྒྱས་ཚད་མཐོན་པོར་སླེབས་ཡོད་ཀྱང་མིས་མི་གསོད་རེས་གཏོང་བ་དང་མིས་མི་ལ་སྡུག་པོ་གཏོང་བ། མདོར་ན་ཆོས་དད་དེ་ཡང་གང་འཚམ་ཞིག་ནས་ཕྱོགས་འཛིན་བྱེད་པའི་ང་ཚོ་དང་ཁྱོད་ཚོ་ཟེར་བའི་སྟེང་ཕྱིན་ནས་ཆོས་དད་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་གསོད་རེས་གཏོང་བ་ནི་བློ་ཡུལ་ལས་འདས་པ་རེད།
ཆོས་ལུགས་ཚང་མས་བྱམས་བརྩེ་བཤད་ཀྱི་ཡོད་པ་རེད། བཟོད་པའི་ཉམས་ལེན་དང་རང་ཁྲིམས་སྲུང་བ་བཤད་ཀྱི་ཡོད་པ་རེད། ཡིན་ནའང་། དེ་གསུངས་མཁན་གྱི་ཆོས་བརྒྱུད་ཁོ་རང་གིས་རྙོག་དྲ་བཟོ་བའང་ཡོད། དཔེར་ན་འབར་མའི་ནང་ལ་ཆ་མཚོན་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ནི་སྙིང་རྗེ་རྩ་བར་གྱུར་བའི་ཆོས་ཤིག་ཆགས་ཀྱི་ཡོད་ཀྱང་། སངས་རྒྱས་པའི་ཆོས་པས་ཞེན་ཁོག་བྱས་ཏེ་འབར་མའི་ནང་ལ་ཡོད་པའི་ཁ་ཆེ་ཚོར་སྡུག་སྦྱོང་གཏོང་བ་ཡོང་བསྡད་ཀྱི་འདུག ཁ་ཆེ་ནང་ལ་ཆ་བཞག་ནའང་ཤའེ་ཡ་(Shia) དང་སའུ་ནི་ (Sunni) དབར་ལ་གསོད་རེས་གཏོང་བ་དང་། ཡི་ཤི་དང་ཁ་ཆེ་དབར་དུ་གསོད་རེས་གཏོང་བ་སོགས་ཧ་ཅང་ཐབས་སྐྱོ་བོ་འདུག ད་ལྟའི་དུས་ཚོད་འདི་ལ་ང་ཚོ་ཚང་མ་ཞི་བདེ་བྱས་ཏེ་བསྡད་ཡོད་པ་རེད། འོན་ཀྱང་། དུས་ཚོད་འདི་ལ་འཛམ་གླིང་འདིར་མི་གཅིག་མཚུངས་ཡིན་པ་མང་པོ་ཞིག་གིས་གསོད་རེས་བྱེད་ཀྱི་ཡོད་པ་རེད། ས་ཁུལ་མང་པོ་ཞིག་ཏུ་མུ་གེར་ཤི་བཞིན་འདུག ཕྲུ་གུ་ཆུང་ཆུང་དེ་འདྲ་སྐྱབས་མེད་མགོན་མེད་བྱས་ཏེ་ཤི་འགྲོ་བཞིན་འདུག འཛམ་གླིང་གི་ཆ་རྐྱེན་འདི་སྤྱི་ལ་ཕན་པ་ཞིག་དང་། གཞན་ལ་ཕན་པ་ཞིག་བྱས་ཏེ་ཕྱིན་པ་ཡིན་ན་མི་གསོད་རེས་གཏོང་བ་ཕར་ཞོག་ཕལ་ཆེར་མུ་གེ་ཡོང་གི་མ་རེད། དེར་བརྟེན་འཛམ་གླིང་འདིར་ད་ལྟའི་གནས་སྟངས་ཀྱིས་འགྲིག་འདུག་གམ་ཞེ་ན་གཞན་ལ་བསམ་བློ་མ་བཏང་བར་སོ་སོ་གཅིག་པུར་འགྲིག་ཙམ་ཐོག་ཕྱོགས་ཞེན་བྱས་ནས་བསྡད་ཚེ་གནས་ཚུལ་ཁ་ཁ་རེད་མ་གཏོགས་ང་ཚོ་མི་གཅིག་མཚུངས་རེད་བསམ་པའི་བསམ་བློ་ཏོག་ཙམ་ཡོད་ན་འཛམ་གླིང་འདི་ཧ་ཅང་ཐབས་སྐྱོ་བོ་འདུག འཛམ་གླིང་འདིར་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མཚོན་པའི་ལྷན་སྐྱེས་ཀྱི་སྡུག་བསྔལ་ཡོད་པའི་ཐོག་མིས་བཟོས་པའི་སྡུག་བསྔལ་ཧ་ཅང་མང་པོ་ཞིག་ང་ཚོས་མཐོང་གི་ཡོད་རེད་ལ་མང་པོ་ཞིག་གིས་མྱོང་གི་ཡོད་པ་རེད། སོ་སོའི་སྟེང་ལ་ཆག་སྒོ་དང་ཉེས་པ་ལྟ་བུ་མ་ཕོག་ན་འགྲིག་གི་འདུག་ཅེས་བསྡད་པ་ཡིན་ན་མ་རབས་རེད།
ང་ཚོ་འགྲོ་བ་མི་གཅིག་མཚུངས་ལ་མིས་བཟོས་པའི་དཀའ་ངལ་མང་པོར་འཕྲད་བསྡད་ཡོད་པ་ལ་སྨོན་ལམ་བརྒྱབ་བསྡད་པ་གཅིག་པུས་མི་འགྲིག་པར་མི་གཅིག་ལས་མ་བྱུང་ཡང་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློར་འགྱུར་བ་ཐུབ་པ་ཞིག་དང་། བྱམས་བརྩེ་ཡར་རྒྱས་འགྲོ་ཐུབ་པ་ཞིག་བྱེད་དགོས་པ་ཞིག་རེད། ལྷག་པར་དུ་སངས་རྒྱས་པའི་ཆོས་པ་ཞིག་གི་ངོས་ནས་བཤད་པ་ཡིན་ན་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་རྒྱུན་དུ་ཟེར་གྱི་ཡོད་པ་རེད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་ཁ་ཞེ་གཉིས་མེད་ཀྱིས་བསམ་བློ་གཏོང་གི་ཡོད་ཚེ་གཅིག་བྱེད་དགོས་པ་རེད། དེར་བརྟེན་དངོས་གནས་ད་ལྟའི་དངོས་པོ་ཡར་རྒྱས་གཅིག་པུའི་ཐོག་ཕྱིན་པ་འདི་ཡིས་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཐབས་མེད་པ་དང་ད་དུང་དཀའ་ངལ་མང་པོ་ཞིག་སྣོན་པ་བརྒྱབ་ནས་ཡོང་གི་ཡོད་པ་དེ་གཙོ་བོ་སེམས་བཏུལ་མ་བཏུལ་ལ་ཐུག་ཡོད། སྤྱི་སེམས་ཡོད་པ་ཞིག་དགོས། སྤྱི་སེམས་ཀྱིས་གཞན་དོན་ལ་བསམ་བློ་གཏོང་གི་ཡོད་པ་རེད། གཞན་གྱི་སྡུག་བསྔལ་ཉུང་དུ་གཏོང་བ་དང་བདེ་བ་ཡོང་བ་སོགས་གཞན་གྱི་བདེ་སྡུག་ལ་བསམ་བློ་གཏོང་དུས་སྤྱི་སེམས་སླེབས་ཀྱི་ཡོད་པ་རེད།
གང་ལྟར་མིའི་སེམས་པ་བཟང་པོ་བཟོ་བའི་ཆ་རྐྱེན་ནི་སེམས་ལ་སྦྱོང་བརྡར་སྤྲད་ནས་ཡོང་བ་ཞིག་མ་གཏོགས་སྨན་ཟོས་ནས་སེམས་བཟང་དུ་འགྲོ་རྒྱུ་མེད་པ་དང་། ལུས་རྩལ་རྩེད་ནས་སེམས་བཟང་དུ་འགྲོ་རྒྱུ་མེད། རྒྱུ་དངོས་པོའི་ཐོག་ནས་སེམས་བཟང་དུ་འགྲོ་རྒྱུ་ཡོད་པ་མ་རེད། འཛམ་གླིང་འདིར་ཡོད་པའི་ཆོས་བརྒྱུད་ཁག་ནི་སོ་སོར་ལྟ་གྲུབ་འདྲ་མིན་ཡོད་ཀྱང་གཙོ་ཆེ་ཤོས་ཆོས་བརྒྱུད་ཚང་མས་བྱམས་པ་དང་བརྩེ་བ། ཆོག་ཤེས། རང་ཁྲིམས་སྲུང་བ་བཅས་གསུངས་ཡོད། དུས་རབས་ ༢༡ པ་འདིའི་ནང་ལ་རིས་སུ་མ་ཆད་པའི་ཆོས་བརྒྱུད་དེ་དག་གིས་ཕན་ཐོགས་ཡོད་པ་གསལ་པོ་རེད། ཡིན་ནའང་། ཆོས་ཆོས་ཞེས་བརྗོད་དུས་ལམ་དང་ལུགས་སྲོལ་ལྟ་བུར་བརྩིས་ནས་ཕྱིན་པ་ཡིན་ན། ཡང་ངའི་ཆོས་དང་ཁོ་ཚོའི་ཆོས་ཞེས་འཐབ་རྩོད་བྱེད་པའི་རྐྱེན་དུའང་འགྲོ་བཞིན་ཡོད་པ་རེད། ནམ་རྒྱུན་གསུངས་སྲོལ་ཡོད་པ་ལྟར། ཆོས་ཆོས་སུ་འགྲོ་བ་བློ་ཆོས་སུ་འགྲོ་བ་ཞིག་དགོས་པ་རེད་ཅེས་གསུངས་པ་དེ་རེད། གང་ལྟར་སོ་སོས་ཡིད་ཆེས་བྱེད་སའི་ཆོས་ཀྱི་བསླབ་བྱ་གང་ཡོད་པ་དེ་ཡག་པོ་བསམ་བློ་བཏང་ནས་བྱམས་པ་དང་བརྩེ་བ། ཆོག་ཤེས། རང་ཁྲིམས་སྲུང་བ་བཅས་ངོ་ཐོག་ལག་ལེན་དང་ཡིད་ཆེས་བྱས་ཏེ་ཉམས་ལེན་བྱས་པ་ཡིན་ན་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོང་བ་གསལ་བོ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྟག་བྲག་རིན་པོ་ཆེ་དང་གླིང་རིན་པོ་ཆེ། ཁྲི་བྱང་རིན་པོ་ཆེ་བཅས་ནས་ལམ་གཙོའི་ཞལ་ལུང་ཐོབ་ཡོད་པ་སོགས་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་དབུ་འཛུགས་མཛད་པ་དང་། དེ་རྗེས་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་བཀའ་དྲིན་སྩལ་ཏེ་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།