༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཀྱི་ཚོགས་སྡེ་ཁག་ ༢༢ ཀྱི་ཆོས་ཞུ་བ་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མི་མང་ལ་ཆོས་འབྲེལ་ཉིན་ཐ་མར་དགེ་བསྙེན་གྱི་སྡོམ་པ་འབོག་ཆོག་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ། དེ་བཞིན་སྒྲོལ་མའི་རྗེས་གནང་བཅས་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་༨།༣༠ ཙམ་ལ་བཞུགས་སྒར་ཕོ་བྲང་ནས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་ཆོས་འབྲེལ་དབུ་འཛུགས་ཀྱི་བཀའ་སློབ་སྩལ་དོན། དེ་རིང་ཆོས་འབྲེལ་དེ་ཁ་སང་ཞུས་པ་ལྟར་སྒྲོལ་མའི་ཚེ་དབང་གི་བྱིན་རླབས་ཞུ་རྒྱུ་དང་། དེ་ཡང་སྔོན་ལ་ངོས་ནས་སྒྲུབ་ཞག་བྱེད་དགོས། དེའི་རིང་ཁྱོད་རང་ཚོས་འཆར་ཅན་ལྟར་སྔོན་ལ་པ་ལའི་སྐད་ཐོག་ནས་ཆོས་ཀྱི་ཚིགས་བཅད་པ་དང་། དེའི་རྗེས་རྒྱའི་སྐད་ཐོག་ཤེས་རབ་སྙིང་པོ་གསུངས། གལ་སྲིད་ངོས་ཀྱི་སྒྲུབ་ཞག་དེའི་རིང་མ་ཚར་ཚེ་སྒྲོལ་མའི་གཟུངས་སྔགས་བསགས་ནས་བཞུགས་དགོས་ཞེས་བཀའ་སྩལ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྒྲུབ་ཞག་མཛད་པ་དང་། པ་ལའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཚོས་ཞལ་འདོན་དབུ་འཛུགས་མཛད་པ་དང་། གསུང་ཆོས་སྔོན་འགྲོའི་སྒྲུབ་ཞག་གྲུབ་མཚམས་བཀའ་སློབ་སྩལ་དོན།
དེ་རིང་མཇུག་ཏུ་དགེ་བ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྗེས་གནང་ཡོད་པ་དང་ཆབས་ཅིག་ཚེ་དབང་ཡང་ཡོད་པ་ཞིག་ཡིན། རྗེས་གནང་བྱ་རྒྱུའི་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་གཡོན་ལ་སེང་ལྡེང་ནགས་ཀྱི་སྒྲོལ་མ། གཡས་ལ་ལྷ་མོ་ཁྲོ་གཉེར་ཅན་མ་བྱས་ཏེ་གཙོ་འཁོར་གསུམ་ཡོད་པ་ཞིག་རེད། འདི་ནི་སྤྱིར་དག་སྣང་བྱས་ཏེ་རྙིང་མའི་ཕྱོགས་ལ་རྩི་དགོས་སམ། དེ་རྩིས་པ་ཡིན་ན་རིང་བརྒྱུད་བཀའ་མ་དང་ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་ཞེས་གསུམ་ཡོད་པ་རེད། འདི་ཟབ་མོ་དག་སྣང་གི་ཁུངས་རེད། མ་གཞི་ས་དགེ་བཀའ་རྙིང་ཚང་མའི་ནང་དག་སྣང་གི་སྐོར་ཡོང་གི་ཡོད་པ་རེད། བཀའ་གཏེར་དག་སྣང་ཞེས་འདི་དག་སྣང་གི་ཁུངས་རེད། དག་སྣང་ལ་ཉམས་ལ་དག་སྣང་ཡོང་བ་ཞིག་དང་། སྒོ་ལྔའི་ཤེས་པ་ཉུང་དུ་ཕྱིན་པའི་ཐོག་ནས་དག་སྣང་ཤར་བ་ཞིག་དང་། དེ་ཡིད་བློ་ལ་འཇོག་དགོས་པ་རེད། རིགས་གཅིག་དབང་པོའི་ཤེས་པ་ལ་དངོས་སུ་མཇལ་རྒྱུ་ཡོད་པ་ཞིག་རེད། འདི་༸གོང་ས་ལྔ་བ་ཆེན་པོས་དག་སྣང་ཡང་གསང་རྒྱ་ཅན་ཞེས་གསང་བ་རྒྱ་ཅན་གྱི་ཆོས་སྐོར་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་རེད། དེའི་ནང་དུ་དབང་དང་རྗེས་གནང་། རིགས་གཏེར་སོགས་མང་པོ་ཞིག་ཡོད་པ་རེད། འདི་རྗེས་གནང་གི་ཁུངས་རེད། འདི་༸གོང་ས་ལྔ་བ་ཆེན་པོར་དག་པའི་སྣང་བ་ལ་འཕགས་མ་སྒྲོལ་མ་གཙོ་འཁོར་གསུམ་དངོས་སུ་ཞལ་གཟིགས་ནས་གནང་བ་ཞིག་རེད། ངོས་ནས་གསང་བ་རྒྱ་ཅན་གྱི་ཆོས་སྐོར་འདི་༸གོང་ས་ལྔ་བ་ཆེན་པོའི་སྐབས་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་དམིགས་བསལ་གྱིས་ཕ་ཆོས་ལྟ་བུ་ཆགས་ནས་འབྲེལ་བ་ཡོད་པ་ཞིག་རེད། ངོས་རང་ལ་ཆ་བཞག་ནའང་ལོ་བཅུ་གཅིག་བཅུ་གཉིས་ཙམ་ནས་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་གསང་བ་རྒྱ་ཅན་གྱི་ཆོས་སྐོར་ཡོངས་སུ་རྫོགས་པ་ཐོབ་པ་རེད། གསང་བ་རྒྱ་ཅན་གྱི་དཔེ་ཆ་བྲིས་མ་མ་གཏོགས་ཡོད་པ་མ་རེད། ཕྱིས་སུ་རྒྱ་གར་ལ་སླེབས་ནས་དཔེ་ཆ་ཞིག་ཀྱང་རག་སོང་། དེའི་ཐོག་ནས་བཀའ་བརྒྱད་སྤྱི་དྲིལ་ཞི་ཁྲོ་རྣམ་རོལ་གཙོ་བོར་གྱུར་བའི་བསྙེན་པ་མང་པོ་བཏང་ཡོད། ཐོག་མ་ཆུང་ཆུང་སྐབས་དབང་ཞུས་པའི་སྐབས་ནས་ལས་འབྲེལ་ཡོད་པའི་མཚན་མ་གསལ་བོ་ཡོང་གི་ཡོད།
དེ་རིང་དེ་ལྟ་བུའི་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་རྗེས་གནང་བྱེད་རྒྱུར་སྔོན་ལ་ཁ་སྔོན་ཞུས་ཟིན་པ་ལྟར་ཁྱོད་རང་ཚོས་ངོས་ནས་ཀུན་སློང་རྣམ་པར་དག་པ་ཞིག་གསལ་བཏབ། བླ་མའི་ངོས་ནས་ཡིན་ནའང་ཀུན་སློང་རྣམ་པར་དག་པ་ཞིག་གསལ་བཏབ་ནས་རྗེས་གནང་བྱེད་རྒྱུ་ཡིན། ཞེས་སོགས་བཀའ་སློབ་སྩལ་རྗེས་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་རྗེས་གནང་གི་སྔོན་འགྲོའི་བཀའ་སློབ་སྩལ་རྗེས་དགེ་བསྙེན་གྱི་སྡོམ་པ་འབོགས་ཆོག་གནང་སྟེ་སྡོམ་པ་སྲུང་སྟངས་སྐོར་ལ་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ་ཏེ་དགེ་བསྙེན་གྱི་སྡོམ་གནང་བ་དང་། དེ་བཞིན་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ། དེ་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་རྗེས་གནང་གི་གནང་སྒོ་རིམ་པར་གནང་སྟེ་བཀའ་སློབ་སྩལ་དོན།
ཉི་མ་གསུམ་རིང་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱས་ཏེ་ཁྱོད་རང་ཚོར་གོ་བ་ཅུང་ཙམ་སླེབས་ཡོད་པ་རེད། མཇུག་བསྡུའི་ཚུལ་དེ་སྔགས་ཀྱི་ལྷ་ཡི་རྣལ་འབྱོར་དང་། སྐབས་སུ་བབ་པ་འཕགས་མ་སྒྲོལ་མ་གཙོ་འཁོར་གསུམ་པ་དང་། དེའི་རྗེས་གནང་ཐོབ་པས་དུས་ད་ནས་བཟུང་སྟེ་སངས་མ་རྒྱས་ཀྱི་བར་དུ་འཕགས་མ་ཡེ་ཤེས་འཁོར་ལོ་ལྷག་པའི་ལྷ་རུ་བྱས་ཏེ་སྒྲོལ་མའི་གཟུངས་སྔགས་ཨོཾ་ཏཱ་རེ་ཏུཏྟཱ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚི་ཀུ་རུ་སྭཱ་ཧཱ། ཞེས་པ་ཉིན་རེ་བཞིན་དུ་ཚར་བརྒྱ་འམ་ཉེར་གཅིག་རེ་བགྲངས། དེ་ནས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ཞེས་པ་འདི་ཉིན་རེར་ཕྲེང་སྐོར་རེ་རེ་མ་ཆགས་པ་ཞིག་བགྲང་དགོས། ཉིན་རེ་བཞིན་ཆགས་མེད་དུ་བགྲང་གི་ཡིན་བསམ་པའི་དམ་བཅའ་བྱས་པ་ཡིན་ན་དེས་འགྲིག་པ་རེད། ཅེས་བཀའ་ཕེབས་ཏེ་རྗེས་གནང་མུ་མཐུད་གནང་གྲུབ་རྗེས་བཀའ་སློབ་དོན།
ད་གལ་ཆེ་ཤོས་ཁྱོད་རང་ཚོ་བསླབ་གཞི་ལྔ་འཛིན་པའི་དགེ་བསྙེན་བྱས་པ་རེད། དགེ་བསྙེན་གྱི་བསླབ་པ་ལྔ་བོ་མ་ཤི་བར་དུ་བསྲུང་དགོས་པ་རེད། དེ་ནས་བྱང་ཆུབ་སེམས་པའི་སྡོམ་པ་བཟུང་ཡོད་པ་རེད། བྱང་ཆུབ་སེམས་དཔའི་རྩ་ལྟུང་བཅོ་བརྒྱད། ཉེས་བྱས་ཞེ་དྲུག སྨོན་སེམས་ཚེ་འདིར་མི་ཉམས་པའི་བསླབ་བྱ་སོགས་མི་ཤེས་པ་གང་ཡང་ཡོད་པ་མ་རེད། དེ་དག་ཚུལ་བཞིན་དུ་བསླབ་ཀྱི་ཡིན་བསམ་སྟེ། དེ་རིང་རྗེས་གནང་ཐོབ་པ་དེ་ཚིག་ཙམ་གྱིས་བཤད་བསྡད་པ་མ་ཡིན་པར་དུས་ད་ནས་མི་ཚེ་ལ་འགྱུར་བ་འགྲོ་བ་ཞིག་བྱེད་ཀྱི་ཡིན་བསམ་པ་ཞིག་གནང་དགོས། དེ་ནས་སྐབས་འདིར་བཀའ་ཆོས་བྱེད་རྒྱུ་དང་སྒྲོལ་དཀར་གྱི་རྗེས་གནང་བྱེད་རྒྱུ་སོགས་ལེགས་པར་ཟིན་པ་ཡིན། ཁྱོད་རང་ཚོ་དད་པ་རྩེ་གཅིག་པ་རེད། དོན་གཉེར་ཡང་རྩེ་གཅིག་པ་ཡོད་པ་རེད། འཕྲོ་སྐྱེལ་རྒྱུ་རྗེས་མ་བྱེད་ཆོག་གི་རེད། གཞི་རྩའི་ལོ་ཡར་བརྒལ་ཡོང་དུས་ཐང་ཆད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག སྤྱིར་ཟླ་བ་ ༡༠ པའི་ནང་དུ་ཨ་རིར་འགྲོ་རྒྱུ་ཞིག་ཡོད་ཀྱང་དེ་ཕྱི་བཤོལ་བྱས་པ་ཡིན། དེ་ནས་ཟླ་བ་ ༡༡ པའི་ནང་ཉི་ཧོང་ལ་འགྲོ་རྒྱུ་ཞིག་ཡོད་དེ་ཡང་ཕྱི་བཤོལ་བྱས་པ་ཡིན། ཕྱི་ཟླ་ ༡ པོའི་ནང་རྡོ་རྗེ་གདན་ལ་འདུག་རྒྱུའི་རྩིས་བྱེད་ཀྱི་ཡོད། ཁྱེད་རང་ཚོ་ཕྱོགས་མཐའ་ནས་ཆོས་དོན་གཉེར་ཆེད་རྡོ་རྗེ་གདན་ལ་འདུས་ན་ལས་སླ་བོ་ཡོད་པ་རེད། ངོས་རང་བསྡད་པའི་ཞོར་ཡིན་པས་ཆོས་འབྲེལ་བྱེད་ཐུབ་ཀྱི་རེད། ཉིན་མང་པོར་བྱེད་ཐུབ་ཀྱི་མི་འདུག ཉིན་གཉིས་གསུམ་རིང་གི་ཆོས་འབྲེལ་བྱེད་ཐུབ་ཀྱི་རེད་ཅེས་སོགས་བཀའ་སློབ་སྩལ་རྗེས་བཀའ་དྲིན་གཏང་རག་གི་མཎྚལ་ཕུལ་བ་དང་། དེ་ནས་སྒྲོལ་མ་ཉེར་གཅིག་གི་བསྟོད་པའི་ལྗགས་ལུང་བསྩལ་རྗེས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་གཙོས་གཤམ་འོག་ཚོགས་སྡེ་ཁག་༢༢ ཀྱི་ཚོགས་མི་ཆོས་ཞུ་བ་གཙོས་སེར་སྐྱ་མི་མང་སྟོང་ཕྲག་དྲུག་བརྒལ་བར་ཉིན་བཞིའི་རིང་གི་ཆོས་འབྲེལ་གནང་སྒོ་མཇུག་ལེགས་པར་གྲུབ་པ་དང་། མཐར་ཆོས་ཞུ་བ་ཚོགས་ཁག་ཚོགས་ཁག་བྱས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་སྐུ་པར་སྒྲོན་ཡོད་པ་བཅས།།