༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་བསྐྱངས་སྟེ་ཨེ་ཤ་ཡའི་རྒྱལ་ཁབ་བདུན་གྱིས་གཙོ་བོར་གྱུར་བའི་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ ༦༧ ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒྱད་ལྷག་ལ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་གསུང་ཆོས་འཕྲོ་སྐྱོང་མཛད་དེ་གསུང་ཆོས་ཉིན་ཐ་མར་སེམས་བསྐྱེད་གནང་རྒྱུ་ཡིན་པའི་བཀའ་ཕེབས་ཡོད་པ་རེད།
དེ་ཡང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་ཐའེ་ལན་ཊའི་དགེ་སློང་ཁག་ཅིག་གིས་པཱ་ལའི་སྐད་ཀྱི་ཐོག་བཀྲ་ཤིས་པའི་མདོ་གསུངས་འདོན་གནང་བ་དང་། དེ་རྗེས་མ་ལི་ཤི་ཡའི་དགེ་འདུན་པ་དང་མི་སྐྱ་ཁག་ཅིག་གིས་མ་ལི་ཤི་ཡའི་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་གྲུབ་མཚམས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷི་སྭཱཧཱ། ཞེས་གསུང་འདོན་དང་འབྲེལ་གསུང་ཆོས་སྔོན་འགྲོའི་བཀའ་སློབ་སྩལ་དོན།
ཁ་སང་དང་ཁ་ཉིན་བཀའ་མོལ་ཞུས་ཟིན་པ་ལྟར་རེད། ང་རང་ཚོ་སངས་རྒྱས་པའི་ཆོས་པ་ཞིག་གི་མཐར་ཐུག་གི་དམིགས་ཡུལ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་སྤངས་རྟོགས་ཀྱི་ཡོན་ཏན་ཅི་ལྟ་བུ་ཡོད་པ་དེ་ལྟ་བུ་ཞིག་ཐོབ་ཐུབ་པའི་སྨོན་ལམ་དང་རེ་བ་རྒྱག་གི་ཡོད་པ་རེད། བྱང་ཆུབ་ཀྱི་སེམས་ཟེར་ནའང་གཞན་དོན་དོན་གཉེར་གྱི་འདུན་པས་དྲངས། བྱང་ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་ལྡན་དུ་ཡོད་པའི་གཙོ་བོ་ཡིད་ཀྱི་རྣམ་རིག་ཅེས་གསུང་གི་ཡོད། ང་ཚོའི་བསྒྲུབ་བྱ་མཐར་ཐུག་ནི་སངས་རྒྱས་ཀྱི་གོ་འཕང་རེད། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་མགོན་པོ་ཀླུ་སྒྲུབ་ཀྱིས།
དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ།།
བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་གཉིས་ནི་ཐོབ་པར་ཤོག །
ཅེས་སངས་རྒྱས་ཀྱི་གོ་འཕང་ཇི་ལྟ་བུ་ཞིག་རེད་ཅེ་ན། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་དམིགས་ཡུལ་གཙོ་ནི་གཞན་དོན་སྒྲུབ་པའི་ཆེད་དུ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཀྱི་ཡོད་པ་རེད། དེར་བརྟེན་ཆེད་དུ་བྱ་བ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་གཞན་གྱི་དོན་བསྒྲུབ་རྒྱུ་དམིགས་ཡུལ་ལ་བཞག་སྟེ། དེའི་ཆེད་དུ་རང་གི་བྱང་ཆུབ་མངོན་དུ་བྱེད་པ་ཞིག་དང་། མདོར་ན་གཞན་དོན་དོན་གཉེར་གྱི་འདུན་པས་དྲངས། བྱང་ཆུབ་དོན་གཉེར་གྱི་གཙོ་བོ་ཡིད་ཀྱི་རྣམ་རིག་གསུང་གི་ཡོད་པ་རེད། དེ་ལྟ་བུའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པ་ལ་གཙོ་བོ་གཞན་དོན་གཟུགས་སྐུ་རེད། གཞན་དོན་གཟུགས་སྐུ་འཕྲིན་ལས་འབད་མེད་ལྷུན་གྲུབ་ཅིག་ཡོང་བ་ལ་རང་དོན་ཆོས་སྐུ་མངོན་དུ་བྱེད་དགོས་ཀྱི་ཡོད་པ་རེད། དེར་བརྟེན་འབྲས་བུ་སངས་རྒྱས་ཀྱི་ས་ལ་གཞན་དོན་གཟུགས་སྐུ་དམ་པ་དང་རང་དོན་ཆོས་སྐུ་དམ་པ་ཞེས་དམ་པ་གཉིས་ལྡན་གྱི་སྐུ་ཞིག་ཡོད་པས་དེ་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་མི་འབྱུང་བར་མཐུན་པའི་རྒྱུ་ལས་ཡོང་དགོས་ཀྱི་ཡོད། མཐུན་པའི་རྒྱུ་ནི་བསོད་ནམས་ཀྱི་ཚོགས་བསགས་ནས་གཞན་དོན་གཟུགས་སྐུ་སྒྲུབ་པ་དང་། ཡེ་ཤེས་ཀྱི་ཚོགས་བསགས་ནས་རང་དོན་ཆོས་སྐུ་སྒྲུབ་པ་ཞེས་ཚོགས་གཉིས་སྒྲུབ་པ་གསུང་གི་ཡོད་པ་རེད།
བསོད་ནམས་ཀྱི་ཚོགས་ནི་གཞན་དོན་རྒྱ་ཆེན་པོ་དང་འབྲེལ་ཡོད་པ་ཞིག་ཡིན་པས་ད་ལྟ་ནས་བྱམས་པ་དང་སྙིང་རྗེའི་རྩ་བར་གྱུར་བའི་བྱང་ཆུབ་ཀྱི་སེམས་བསྐྱེད། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྦྱིན་པ་དང་ཚུལ་ཁྲིམས། བཟོད་པ་སོགས་ཀྱི་ཉམས་ལེན་བྱས་ནས་ག་ཚོད་ཐུབ་ཐུབ་ཀྱིས་གཞན་ལ་ཕན་བདེ་སྒྲུབ་པ་དང་། སྦྱིན་པ་ནི་གཞན་ལ་གནོད་སེམས་མི་བྱེད་པ་དང་། གཞན་འཇིགས་པ་ལས་སྐྱོབ་པའི་མི་འཇིགས་པའི་སྦྱིན་པ། དཔེར་ན་འཛམ་གླིང་འདིར་སྨན་པ་ཚོས་ནད་ཀྱི་འཇིགས་པ་ལས་སྐྱོབ་པ་དང་འཆི་བའི་འཇིགས་པ་ལས་སྐྱོབ་པ་སོགས་བྱེད་བཞིན་ཡོད་པ་རེད། ཀུན་སློང་རྣམ་མཁྱེན་དོན་གཉེར་གྱི་བསམ་པས་ཟིན་པའི་ཐོག་ནས་སྨན་བཅོས་བྱེད་པ་དང་སྤྱི་ཚོགས་ཀྱི་ཞབས་འདེགས་སྒྲུབ་པ་དང་། ཤེས་ཡོན་གྱི་ཞབས་འདེགས་སྒྲུབ་པ་སོགས་ཀྱིས་མཚོན་པའི་དེ་དག་སྦྱིན་པའི་ཉམས་ལེན་ཆགས་ཀྱི་ཡོད། མི་འཇིགས་པའི་སྦྱིན་པ་སོགས་ཚང་མ་ཀུན་སློང་བཟང་པོ་ཞིག་གི་ཐོག་ནས་སླེབས་པའི་ཚེ་བྱམས་པའི་སྦྱིན་པའང་སླེབས་ཡོང་གི་ཡོད་པ་རེད། ཆོས་ཀྱི་སྦྱིན་པ་ཞེས་པ་ནི་ངེས་པར་དུ་ཆོས་བཤད་པའི་དོན་མ་རེད། མི་ལ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བའི་དོན་དུ་སློབ་གསོ་སྤྲོད་པ་སོགས་ཆོས་ཀྱི་སྦྱིན་པའི་སྟེང་སླེབས་ཀྱི་རེད། ཟང་ཟིང་གི་སྦྱིན་པ་ནི་ང་རང་ཚོས་མཐོང་བསྡད་པ་དེ་ལྟ་བུ་ཞིག་རེད། སྦྱིན་པའི་ཉམས་ལེན་ནི་ད་ལྟ་ནས་སྦྱིན་པའི་ཕར་ཕྱིན་བྱེད་རྒྱུ་མེད་ཀྱང་རྒྱུ་མཐུན་གྱི་ལམ་ལ་ད་ལྟ་ནས་བསླབ་རྒྱུ་ཡོད།
དེ་བཞིན་ཚུལ་ཁྲིམས་ཀྱི་བསླབ་པ་ནི་གཞན་ལ་གནོད་པ་བཟློག་པ་ཙམ་མ་ཡིན་པར་གཙོ་བོ་གཞན་ལ་ཕན་བདེ་སྒྲུབ་པའི་ཐོག་ནས་བྱང་ཆུབ་སེམས་དཔའི་བཟོད་པའི་ཉམས་ལེན། སྦྱིན་པ། ཚུལ་ཁྲིམས། བརྩོན་འགྲུས་སོགས་ཡོང་གི་ཡོད། རྗེས་མཐུན་པ་ཞིག་ང་རང་ཚོས་ཀྱང་ད་ལྟ་ནས་བྱེད་དགོས་པ་ཞིག་ཡོང་གི་ཡོད། དེ་ལྟ་བུའི་ཐོག་ནས་བསོད་ནམས་ཀྱི་ཚོགས་བསགས་པ་དང་། སྟོང་ཉིད་ཀྱི་ལྟ་བ་བསྒོམ་དགོས། དེ་ལ་ཤེས་རབ་ཀྱི་ཆ་ནས་སྔོན་ལ་མི་རྟག་པ་སྒོམ་པ་དང་། བདེན་བཞིའི་མི་རྟག་སོགས་བཅུ་དྲུག་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་ནས་བསམ་བློ་གཏོང་བ་དང་། དེ་ནས་སྟོང་བདག་མེད་དང་དེའི་ནང་ཚན་ནས་སྟོང་ཉིད་ཀྱི་ལྟ་བ་ཕྲ་ཞིང་ཕྲ་བ་ནས་འགྲོ་བཞིན་ཡོད་པ་རེད། དེ་ནི་ཡེ་ཤེས་ཀྱི་ཚོགས་རེད། དེ་ལྟ་བུའི་ཚོགས་གཉིས་པོ་ཟུང་དུ་འབྲེལ་བའི་ཐོག་ནས་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་འབྲས་བུ་རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་མངོན་བྱེད་སྟངས་དེ་ལྟར་རེད།
བསོད་ནམས་ཀྱི་ཚོགས་སྒྲུབ་པའི་གཙོ་བོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། སང་ཉིན་ཆོས་ཐུན་ཐ་མ་དེ་རེད། སེམས་བསྐྱེད་ཀྱི་ཆོ་ག་ཞིག་འདོན་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་བ་བུདྡྷ་པཱ་ལི་ཏའི་རབ་བྱེད་དང་པོའི་མཇུག་རྐྱེན་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དང་པོའོ་ཞེས་པ་ནས་བཀའ་ཆོས་འཕྲོ་སྐྱོང་མཛད་དེ་གསོལ་ཇའི་བར་དུ་ཆོས་ཞུ་བའི་ཁྲོད་ནས་དྲི་བ་ཕུལ་བ་ཁག་ཅིག་ལ་བཀའ་ལན་སྩལ་རྗེས་གསུང་ཆོས་མུ་མཐུད་དེ་འགྲེལ་བ་བུདྡྷ་པཱ་ལི་ཏའི་རབ་བྱེད་དྲུག་པའི་མཇུག་ཏུ་འདོད་ཆགས་དང་ཆགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་དྲུག་པའོ།། ཞེས་པ་ནས་ཆོས་མཚམས་བཞག་སྟེ།
བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །
སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །
སྟོང་ཉིད་ལྟ་བ་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །
སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །
ཅེས་སོགས་གསུང་འདོན་གནང་རྗེས་བཀའ་ཕེབས་དོན། སང་ཉིན་སེམས་བསྐྱེད་འདོན་རྒྱུ་ཡིན་པས་ཁྱེད་རང་ཚོས་སང་ཉིན་ཞོགས་པ་ནས་སེམས་བསྐྱེད་ཀྱི་བསམ་བློ་ཏོག་ཙམ་གཏོང་ཐུབ་ན་ཡག་པོ་ཡོད་པ་རེད། སྙིང་རྗེའི་བསམ་པ་དང་། དེ་བཞིན་ཁ་སང་འགོ་སྟོད་ནས་རོབ་ཙམ་རོབ་ཙམ་བཤད་ཡོད་པ་རེད། འཛམ་གླིང་འདི་རང་ནས་བསམ་བློ་བཏང་ན་བསམ་བློ་གཏོང་རྒྱུ་ཡོད་པ་རེད། ང་ཚོས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་ཀྱང་སེམས་ཅན་ཐམས་ཅད་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སམ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཟེར་བ་གང་ལྟར་ཁོར་ཡུག་གཅིག་རེད། དེ་དག་ནི་མཐའ་མེད་པ་ཞིག་དང་སེམས་ཅན་ཡང་གྲངས་མེད་པ་ཞིག་རེད། དེ་དག་ལ་ང་ཚོས་ཕན་པ་སྒྲུབ་ཐུབ་པ་གང་ཡང་ཡོད་པ་མ་རེད།
འཛམ་གླིང་འདིར་ཡང་མི་གཅིག་པུ་མ་གཏོགས་དུད་འགྲོ་དང་འབུ་སྲིན་སོགས་ལ་བྱེད་རྒྱུ་མི་འདུག ང་ཚོ་མི་དུང་ཕྱུར་བདུན་ཅུ་ཡོད་པ་ལ་ཕན་ཐོགས་ཅུང་ཟད་རེ་བྱེད་ཐུབ་པའི་གོ་སྐབས་ཤིག་ཡོད་པ་རེད། དེ་ལ་སེམས་ཤུགས་བསྐྱེད་དེ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ། ཉོན་མོངས་རང་བཞིན་གྱིས་མ་གྲུབ་པ། སྡུག་བསྔལ་རང་བཞིན་གྱིས་མ་གྲུབ་པ་ཟེར་བ་སོགས་ཀྱིས་ཕན་གྱི་འདུག རྒྱུ་དང་རྐྱེན་ལ་བརྟེན་ནས་སྡུག་བསྔལ་བཅོས་རྒྱུ་ཡོད་པ་དང་། སྡུག་བསྔལ་མེད་པ་བཟོ་རྒྱུ་ཡོད་པ་ལ་བསམ་བློ་བཏང་ནས་འཛམ་གླིང་འདིར་ཡོད་པའི་མི་གཙོ་བོར་གྱུར་བའི་མདོར་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བྲལ་བ་བྱེད་ཐུབ་ན་བསམ་པའི་འདོད་པ་དང་སྤྲོ་བ་བསྐྱེད་དགོས། ད་ལྟ་ང་ཚོར་བྱེད་ཐུབ་པ་གང་ཡང་མེད་པ་དང་། རང་ལ་གཞན་དོན་ཡོངས་སུ་རྫོགས་པ་སྒྲུབ་པའི་ནུས་པ་ལ་ཐབས་ཤེས་བྱེད་དགོས་པས་གཞན་དོན་དུ་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་བྱའོ་སྙམ་པའི་བློ་བསྐྱེད་དགོས། ཞོགས་པ་ནས་ཁྱོད་རང་ཚོ་སྤྱོད་འཇུག་ལ་རྒྱུས་ཡོད་པ་དང་སྤྱོད་འཇུག་གི་དཔེ་ཆ་ཡོད་ཚེ་སྔོན་ལ་སེམས་བསྐྱེད་ཀྱི་ཕན་ཡོན་གྱི་ལེའུ་ལ་བསམ་བློ་གཏོང་བ་དང་། ལེའུ་དྲུག་པའི་ནང་གི་བཟོད་པའི་ཕན་ཡོན་ལ་བསམ་བློ་གཏོང་དགོས། དེ་ནས་ལེའུ་བརྒྱད་པའི་ནང་གི་རང་གཅེས་འཛིན་གྱི་སྐྱོན་དང་། གཞན་གཅེས་འཛིན་གྱི་ཡོན་ཏན་བཅས་ལ་བསམ་བློ་བཏང་ནས་གཞན་གཅེས་འཛིན་གྱི་བློ་ཧ་ཅང་གལ་ཆེན་པོ་རེད་བསམ་པའི་ཡིད་ཆེས་རྙེད་པའི་ཐོག་ནས་སེམས་ལ་སྤྲོ་སྣང་ཞིག་བྱུང་བ་ཡིན་ན། སང་ཉིན་དངོས་གཞིའི་སེམས་བསྐྱེད་སྐབས་སུ་སྤུས་དག་པོ་ཡོང་གི་རེད། དེ་ལྟར་གནང་ཤོག བཀྲ་ཤིས་བདེ་ལེགས་ཞེས་ཉིན་གསུམ་པའི་གསུང་ཆོས་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་བཅས།།