རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

ལ་དྭགས་ནས་འཁྲུངས་སྐར་མཛད་སྒོར་དབུ་བཞུགས་མཛད་པ། July 6, 2017

འགྲེམ་སྤེལ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༦ ཉིན་གྱི་ཞོགས་པ་ཞི་བའི་ཚལ་ཕོ་བྲང་དུ་ལ་དྭགས་ལྷོ་བྱང་བོད་མིའི་གཞིས་སྒར་བསོད་ནམས་གླིང་བོད་མི་ཡོངས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༢ གྱི་འཁྲུངས་སྐར་གཟབ་རྒྱས་ངང་སྲུང་བརྩི་བྱས་ཡོད་པ་རེད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ནས་ ༨ བར་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་གིས་གཙོས་དགེ་འདུན་འདུས་ཚོགས་ཀྱིས་ཚེ་སྒྲུབ་གསུང་འདོན་གནང་བ་དང་། ཆུ་ཚོད་ ༨ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་ཞི་བའི་ཚལ་དུ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་དུང་རྒྱ་སྤོས་སྣེས་སྔུན་བསུས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་མང་ཚོགས་ནས་རྒྱུན་ཆགས་གསུམ་པ་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས། ༸ཞབས་བརྟན་འཆི་མེད་བདུད་རྩིའི་དབྱངས་སྙན། བསམ་པ་ལྷུན་འགྲུབ། གསོལ་འདེབས་བར་ཆད་ལམ་སེལ། བསྟན་འབར་མ། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་སོགས་གསུང་འདོན་གནང་རྗེས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་ཆབས་ཅིག བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སོགས་ནས་མཇལ་ཁ་ཞུས། བརྟན་བཞུགས་བསྟར་འབུལ་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་མཇལ་བཅར་ཞུས་ཡོད་པ་རེད། 

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ བཞེས་པའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོར་ཆེད་ཕེབས་ཀྱིས་འཁྲུངས་སྐར་སྤྲི་ཀོར་གྱི་ཕུལ་བཞེས་གནང་མཛད་རྗེས་བཞུགས་ཁྲིར་༸ཞབས་སོར་འཁོད་པ་དང་། དེ་ནས་བསྟོད་གཞས་ཕུལ་ཏེ་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བའི་འཁྲུངས་སྐར་མཛད་སྒོ་དབུ་འཛུགས་ཀྱིས་ལ་དྭགས་བོད་ཕྲུག་ཁྱིམ་སྡེས་བོད་དང་རྒྱ་གར་གྱི་རྒྱལ་གླུ་རིམ་པར་བཏང་རྗེས་ལ་དྭགས་ཀྱི་གཞོན་ནུ་དང་བུད་མེད་ཚོགས་པ་སོགས་ཀྱིས་འཁྲུངས་སྐར་ལ་ཕྱག་རྟགས་ཤིག་ཕུལ་ཏེ་མཇལ་ཁ་ཞུས་པ་དང་། དེ་རྗེས་ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ་འཕྲིན་ལས་ཚེ་དབང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་བསོད་ནམས་ཟླ་བ་བློན་པོ་ལགས། བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་བཅས་ཀྱིས་གསུང་བཤད་གནང་། དེ་ནས་སྐུའི་རྒྱ་སྐད་ཀྱི་གསུང་བསྒྱུར་འཇམ་དབྱངས་རིན་ཆེན་ལགས་ཀྱིས་རྒྱ་ཡིག་ཏུ་བསྒྱུར་བའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་དབུ་འབྱེད་གནང་བ་དང་། འཁྲབ་གཞས་སོགས་གཟིགས་འབུལ་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བླང་དོར་བཀའ་སློབ་སྩལ་དོན།

དེ་རིང་ངོས་ཀྱིས་ཆོས་འབྲེལ་མང་པོ་ཞུ་མྱོང་ཡོད་པའི་དྲིན་ཆེན་བླ་མ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ།  དེ་བཞིན་བླ་སྤྲུལ་ཁག་དང་སློབ་ཁྲིད་གནང་མཁན་དགེ་བཤེས་རྣམ་པ་ཚོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ནས་འོས་བསྡུ་བྱས་པའི་སྲིད་སྐྱོང་། དེ་བཞིན་ང་ཚོ་བཙན་བྱོལ་དུ་སླེབས་ནས་རིང་པོར་མ་ཐོག་པར་མང་གཙོའི་ལམ་དུ་འགྲོ་རྒྱུ་བྱས་ནས་སྤྱི་འཐུས་བསྐོ་རྒྱུ་བྱས་མཐར་རིམ་བཞིན་སྤྱི་འཐུས་གྲོས་ཚོགས་ཆགས་ནས་གྲོས་ཚོགས་དེའི་གཙོ་འཛིན་ཚོགས་གཙོ།  ལྷག་པར་ད་གའི་ས་གནས་ཀྱི་དབུ་ཁྲིད་མི་སྣ།  དེ་བཞིན་ངོས་ཀྱི་ཁ་ཆེའི་ཆོས་གྲོགས་ཁྱེད་རང་ཚོ་འགའ་ཤས་ཕེབས་ཡོད།  རྒྱ་ཆེ་མི་མང་དང་སློབ་ཕྲུག ཁྱེད་ཚོའི་གདོང་ལ་བལྟ་སྐབས་ངོས་རང་ཉིད་ཀྱང་གཞོན་དུ་ཕྱིན་པ་ཚོར་བཞིན་འདུག སྤོ་རྨོ་ནང་ཚགས་བལྟ་སྐབས་ཁྱེད་སྔོན་དུ་འཆི་ང་སྔོན་དུ་འཆི་ཟེར་མཁན་ལྟ་བུ་འདུག ཁྱེད་ཚོ་གཞོན་སྐྱེས་ཚོ་མཐོང་སྐབས་སེམས་ནང་སྤྲོ་སྣང་ཞིག་དང་དོན་ངོ་མའི་ཆ་ནས་དུས་ཚོད་མ་འགྱུར་བར་རྩ་བ་ནས་སྡོད་ཐབས་མེད།  དུས་ཚོད་རྟག་ཏུ་འགྲོ་རྒྱུ་རེད།  འདས་པའི་དུས་ཚོད་དེ་སྐྱར་ལོག་བྱེད་ཐབས་མེད།  འདས་པ་ལས་ང་ཚོས་བསླབ་བྱ་ལེན་རྒྱུ་ཞིག་མ་གཏོགས་དེར་འགྱུར་བཅོས་གཏོང་ཐབས་གང་ཡང་མེད།  འོན་ཀྱང་མ་འོངས་པ་དེ་འབྱུང་འགྱུར་རེད།  མ་འོངས་པའི་དུས་དེ་ད་ལྟ་བར་ལྟོས་ནས་ཡོད།  དེར་བརྟེན་ཁྱེད་ཚོ་གཞོན་སྐྱེས་སློབ་ཕྲུག་ཚོས་མ་འོངས་པའི་དུས་ཚོད་གང་འདྲ་ཡོང་མིན་གཙོ་བོ་ཁྱེད་ཚོར་རག་ལུས་ཡོད། རྒས་པོ་ཚོས་སྨོན་ལམ་རྒྱག་རྒྱུ་མ་གཏོགས་དེ་ཙམ་བྱ་རྒྱུ་མེད།  ཁྱེད་ཚོ་གཞོན་སྐྱེས་ཚོ་ད་ལྟ་སློབ་སྦྱོང་བྱས་དང་བྱེད་བཞིན་པ་རེད། མ་འོངས་པར་མིའི་རང་བཞིན་ལྷན་སྐྱེས་བསམ་པ་བཟང་པོ་ཞིག་དང་། ལྷན་སྐྱེས་ཀྱི་ཀླད་པ་དངོས་གནས་དྲང་གནས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་ཐུབ་རྒྱུ་ཡོད་པ་དེ་ཟུང་དུ་འབྲེལ་བའི་ཐོག་ནས་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་ཡོང་ཐུབ་རྒྱུ་རེད། གང་ལྟར་རེ་བ་ཡོད། དེ་འདྲའི་རེ་བ་ཞིག་བསྒྲུབ་ཡག་ལ་ང་ཚོས་འབད་བརྩོན་བྱ་དགོས། འཛམ་གླིང་ཤར་ནུབ་ལྷོ་བྱང་། ཆོས་ལུགས་དང་མི་རིགས།  སྐད་ཡིག་འདྲ་མིན་ཁྱད་པར་གང་ཡང་མེད་པར་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་རེད།

དེར་བརྟེན་ཁྱེད་རང་སློབ་ཕྲུག་ཚོ་མ་འོངས་པའི་སོན་རྩ་གལ་ཆེ་ཤོས་ཆགས་ཡོད། དེས་མཚོན་འདི་གར་སེར་སྐྱ་ཕོ་མོ་མང་པོ་ཞིག་འདིར་འདུས་འདུག ཁྱེད་ཚོར་ཞུ་ཡག་ལ་དེ་རིང་འདིར་ངོས་ཀྱི་སྐྱེས་སྐར་གྱི་དུས་དྲན་ཐོག་ལ་ཁྱེད་ཚོ་ཚང་མ་དགའ་པོ་བྱས་ནས་ཡོང་བ་རེད། ཚང་མར་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།  དེ་རིང་འདི་ཁྱེད་རང་ཚོ་ཡུལ་པའི་ཡུལ་གཞས། དེ་བཞིན་བོད་མི་སྐྱབས་བཅོལ་ལ་ཡོང་མཁན་ཚོས་གཞས་སྣ་འཁྲབ་ནས་བྱུང་སོང་། ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། གསུང་བཤད་གནང་མཁན་ཚང་མས་ངོས་ལ་འཚམས་འདྲི་གནང་བ་དང་ཆབས་གཅིག་བསྟོད་བསྔགས་ཆེན་པོ་གནང་བྱུང་། ངོས་རང་ངོས་ནས་བསམ་བློ་གཏོང་སྐབས་སྙན་ངག་གི་འུད། ཟེར་བ་ཞིག་ཡོད།  གཞི་རྩ་ཆུང་ཆུང་ཞིག་ཆེན་པོ་བཟོ་རྒྱུ་ཞིག་ཡོད། སྙན་ངག་གི་འུད་ལྟ་བུར་གོ་གྲབས་བྱེད་ཀྱི་འདུག  གང་ལྟར་ཡང་ཁྱེད་ཚོས་དངོས་གནས་དགའ་སེམས་འཁོལ་བའི་ངང་ནས་ངོས་ལ་འཚམས་འདྲི་དང་བསྟོད་བསྔགས་གནང་བ་རེད།  ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།

ཐོག་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག   ལ་དྭགས་ནང་པའི་ཚོགས་པའི་ཚོགས་གཙོ་ཚེ་དབང་འཕྲིན་ལས་ལགས།  ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དེད་དཔོན་བསོད་ནམས་ཟླ་བ་བློན་པོ་ལགས། ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། དགོན་སྡེ་ཁག་གི་མཁན་བླ་སྤྲུལ་རྣམ་པ་སོགས་གཞུང་དང་གཞུང་འབྲེལ་མིན་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། ས་གནས་ཀྱི་གནད་ཡོད་མི་སྣ། བོད་ཁྱིམ་དང་ལམ་སྒྲོན་སློབ་གྲྭས་གཙོས་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམ་པ་སོགས་མི་གྲངས་སྟོང་ཕྲག་མང་པོ་འཛོམས་ཡོད་པ་བཅས། 

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།