༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་དམིགས་བསལ་གསུང་ཆོས་ཐེངས་ ༡༡ པའི་ཉིན་མཐའ་མར་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཁྲིད་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་༨།༤༠ ཙམ་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཕྲུག་ཚོས་རྟགས་གསལ་གཟིགས་འབུལ་ཞུས། དེ་ནས་༸གོང་ས་མཆོག་གིས་གཞུང་དངོས་གཞི་བྱང་ཆུབ་སེམས་འགྲེལ་གྱི་མགོར་ལྟ་གྲུབ་ཀྱི་སྐོར་ཡོད་པ་རེད། རྗེས་ལ་སེམས་བསྐྱེད་ཡོད་པ་རེད། དེ་རིང་སེམས་བསྐྱེད་ཅིག་འདོན་དགོས་བསམ་ཡོད། དེ་རིང་རྟགས་གསལ་དེ་ཡང་སེམས་བསྐྱེད་ཀྱི་སྐོར་བཏང་བས་རྟེན་འབྲེལ་ཧ་ཅང་ཡག་པོ་བྱུང་། ཐུགས་རྗེ་ཆེ། སྔོན་ལ་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་མཉམ་དུ་འདོན་ཞེས་བཀའ་ཕེབས་ཏེ་གསུང་འདོན་གནང་། གསོལ་འདེབས་གསུང་འདོན་གྲུབ་མཚམས་དངོས་གཞིའི་གསུང་ཆོས་དབུ་འཛུགས་ཀྱིས་སྔོན་འགྲོའི་བཀའ་སློབ་སྩལ་དོན། བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་ཁ་སང་རོབ་ཙམ་ཞུས་ཟིན་པ་རེད། སངས་རྒྱས་པའི་ཆོས་ཀྱི་རྒྱབ་རྟེན་དེ་ལྟ་གྲུབ་ཆགས་ཡོད་པ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཚང་མའི་རྒྱབ་རྟེན་དེ་འཇིག་རྟེན་བཀོད་པ་པོ་ལ་རྩེ་གཅིག་ཏུ་ཡིད་ཆེས་དང་དད་པ་བྱས་ནས་ཡོང་གི་ཡོད་པ་རེད། རྒྱ་གར་གྱི་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་དག་གིས་ལས་རྒྱུ་འབྲས་ཀྱི་ལྟ་གྲུབ་ཐོག་ནས་སྡིག་སྤོང་དགེ་སྒྲུབ་བྱེད་ཀྱི་ཡོད་པ་རེད། བྱང་ཆུབ་སེམས་འགྲེལ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རེད། གཞུང་འདི་ཧ་ཅང་རྒྱ་ཆེན་པོ་མདོ་སྔགས་ཚང་མ་བསྡུས་ཡོད་པ་ཞིག་རེད། དེར་བརྟེན་ད་ལོའི་སློབ་ཕྲུག་ཚོར་ཆོས་འབྲེལ་བྱེད་པའི་ཡིག་ཆ་བྱང་ཆུབ་སེམས་འགྲེལ་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཉིན་རེའི་ཉམས་ལེན་བྱེད་སྟངས་ཀྱི་སྐོར་དེ་བོད་གངས་ཅན་ལྗོངས་ཀྱི་ཡོངས་གྲགས་ཀྱིས་བྱང་ཆུབ་སེམས་དཔའ་ངོས་འཛིན་པའི་རྒྱལ་སྲས་ཐོགས་མེད་བཟང་པོའི་གསུང་ལག་ལེན་སོ་བདུན་མ་རེད།
མ་གཞི་ཁ་སང་དང་ཁ་ཉིན་བཀའ་མོལ་མང་པོ་བྱུང་ཟིན་པ་རེད། སངས་རྒྱས་པའི་ཆོས་ལག་ལེན་བྱེད་པའི་སྐབས་སུ་འགྲོ་སྟངས་དེ་དབུ་མ་བཞི་བརྒྱ་བའི་ནང་དུ། བསོད་ནམས་མིན་པ་དང་པོར་བཟློག། བར་དུ་བདག་ནི་བཟློག་པ་དང་།། ཐ་མར་ལྟ་ཞིག་ཀུན་བཟློག་པ།།གང་གིས་ཤེས་དེ་མཁས་པ་ཡིན།། ཞེས་ཆོས་ཉམས་ལེན་ལ་སྡོམ་འདིའི་ཐོག་ནས་བརྒྱབ་ཡོད། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་ཕྲེང་བའི་ནང་དུ་མངོན་མཐོ་སྒྲུབ་པའི་ཆོས་དང་ངེས་ལེགས་སྒྲུབ་པའི་ཆོས་ཞེས་གཉིས་གསུངས་ཡོད། མངོན་མཐོ་སྒྲུབ་པའི་ཆོས་ནི་མི་དགེ་བཅུ་སྤོང་བ་དང་། དེའི་ཐོག་མངོན་ཐོའི་ལུས་རྟེན་བཟང་པོ་ཞིག་སྒྲུབ་ཆེད་ཆོས་དྲུག་བྱས་ཏེ་མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་གསུངས་ཡོད་པ་རེད། མི་དགེ་བཅུ་ཚང་མས་ཤེས་གསལ་རེད། དེ་ནས་ཆང་མི་འཐུང་བ་གཅིག་གསུངས་ཡོད་པ་རེད། ནད་པ་ལ་དམིགས་བསལ་བྱས་པ་མང་པོ་ཡོད་པ་རེད་དེ་ཆང་གནང་བཞག་པ་ཡོད་པ་མ་རེད། ང་ལ་སྟོན་པར་སྨྲ་བ་རྣམས་ཀྱིས་ཆང་རྩྭ་ཡི་རྩེ་མོའི་ཟིལ་བ་ཙམ་ཡང་མ་འཐུང་ན་ཡག་པོ་རེད་ཅེས་གསུངས་འདུག དེའི་རྒྱུ་མཚན་ནི་ཆོས་ཉམས་ལེན་བྱེད་པ་ནི་བསམ་བློ་ལ་འགྱུར་བ་བཏང་ནས་འགྲོ་དགོས་པ་རེད། བསམ་བློར་འགྱུར་བ་གཏོང་བར་རིག་པ་གསལ་པོ་བྱས་ཏེ་བསམ་བློ་གཏོང་དགོས་པ་མ་གཏོགས་ཆང་གིས་མྱོས་ནས་བསྡད་ཚེ་སྤྱིར་བཏང་འཇིག་རྟེན་མི་ཆོས་ལའང་གང་འཚམས་ནས་བརྩི་འཇོག་མེད་པ་ཆགས་ཡོང་གི་ཡོད་པ་རེད། སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་ལ་བསམ་བློ་གཏོང་བར་ཆང་གིས་ར་བཟི་ནས་བསྡད་ཚེ་ཡོང་ཐབས་མེད་པས་ཆང་མི་འཐུང་བ། ལོག་འཚོ་མི་བྱེད་པ། འཚེ་བ་མི་བྱེད་པ་བཅས་རེད། མ་གཞི་མི་དགེ་བཅུ་སྤོང་གི་ནང་དུ་སྲོག་གཅོད་པ། མ་བྱིན་པར་ལེན་པ། ལོག་གཡེམ་སོགས་འཚེ་བ་ཆགས་ཀྱི་ཡོད་པ་རེད། ཅེས་སོགས་མངོན་མཐོ་སྒྲུབ་པའི་ཆོས་བཅུ་དྲུག་དང་ངེས་ལེགས་སྒྲུབ་པའི་སྐོར་ལ་བཀའ་སློབ་སྩལ་རྗེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བསྟན་བཅོས་ཀྱི་མཚན་བྱང་དང་། འགྱུར་ཕྱག་སོགས་བཀའ་ཁྲིད་དང་བཤད་ལུང་སྩལ།
དེ་ནས་སེམས་བསྐྱེད་ཀྱི་ཆོས་འབྲེལ་དབུ་འཛུགས་ཀྱིས་སྔོན་འགྲོའི་བཀའ་སློབ་སྩལ་དོན། སེམས་བསྐྱེད་བྱེད་པ་ལ་མདུན་ན་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་སྟོབས་བཅུ་མངའ་བ། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ང་རང་ཚོས་མགྲིན་པ་གཟེངས་སུ་བསྟོད་ནས་བཤད་རྒྱུ་ཡོད་པ་འདི་ཐོག་མར་སྟོན་པས་གསུངས་ཤིང་། བར་དུ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པ་པཎ་གྲུབ་བཅུ་བདུན་གྱིས་གཏན་ལ་ཕབ། མཁན་ཆེན་ཞི་བ་འཚོས་བོད་དུ་བསྣམས་ཕེབས་ནས་བོད་པར་བསྟན་པ་དང་། བོད་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་མཁས་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བདག་པོ་བསྐྱོན་ནས་དུས་ད་ལྟ་བར་གནས་པ་རེད། འདི་ནི་འཛམ་གླིང་གི་གཅེས་ནོར་རེད་ཅེས་བརྗོད་ཀྱང་བརྗོད་ཐུབ་པ་ཞིག་འདུག ངོས་ནས་འདི་ལྟར་བརྗོད་ཆོག་པ་ཞིག་རེད། ལོ་ངོ་བརྒྱད་ཅུ་གྱ་གྲངས་ལོན་པའི་ ངོས་ཀྱི་མི་ཐོག་རྣམས་ཀྱིས་དུས་ད་ལྟ་བར་དུ་བདག་ཉར་བྱས་པ་རེད། ང་ཚོའི་མི་ཐོག་རྫོགས་ལ་ཉེ་བས་མི་ཐོག་རྗེས་མ་ཁྱེད་རང་ཚོ་ཆགས་ཡོད། སྐད་ཆ་དམར་པོར་བཤད་ན། ཁྱེད་རང་ཚོ་ལོ་ན་བཅོ་ལྔ་ཉི་ཤུ་དང་། སུམ་ཅུ་ཙམ་གྱི་མཚམས་སུ་སླེབས་སྐབས་ང་ཚོ་ཕལ་ཆེར་མེད་པ་ཆགས་འགྲོ་ངེས་རེད། ཁྱེད་རང་ཚོས་སྔར་བགྲེས་སོང་རྣམས་ཀྱིས་འདི་ལྟར་གསུངས་ཀྱི་ཡོད་ཅེས་སེམས་སུ་ངེས་པ་བྱེད་དགོས། བགྲེས་སོང་རྣམས་ཀྱིས་ལམ་བསྟན་པ་ལྟར་ང་ཚོས་ཉམས་ལེན་བྱས་ཏེ་ཁེ་ཕན་འདི་དང་འདི་བྱུང་ཞེས་ཁྱེད་རང་ཚོའི་རྗེས་སུ་ཡོང་མཁན་གྱི་མི་རབས་རྗེས་མ་དང་། དེའི་ཡང་རྗེས་མ་རྣམས་ལ་བརྒྱུད་སྤྲོད་བྱེད་དགོས།
ངོས་ནས་རྒྱ་གར་ལྷོ་ཕྱོགས་སུ་འདི་ལྟར་བརྗོད་རྒྱུ་བྱུང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱས་ཏེ་ཕྱིན་ན་སངས་རྒྱས་ཀྱི་བསྟན་པ་ལོ་ངོ་བརྒྱ་ཕྲག་འགའ་ཞིག་གནས་ཐུབ་པ་དང་། དབང་རྟུལ་དད་པའི་རྗེས་འབྲང་བྱས་ཏེ་ཕྱིན་ན་སངས་རྒྱས་ཀྱི་བསྟན་པ་ལོ་ཇི་ཙམ་གནས་མིན་ངོས་ཀྱིས་བརྗོད་མི་ཐུབ་ཅེས་ཡོངས་གྲགས་སུ་བཤད་པ་ཡིན། ཡང་དེ་བཞིན་ངོས་ནས་འདི་ལྟ་བུ་ཞིག་ཀྱང་བཤད་པ་ཡིན། ངོས་རང་ལོ་ན་ཡར་རྒས་ཏེ་ཉི་མ་ལ་ཁའི་མི་ལྟ་བུ་ཆགས་ཡོད། མཐོ་ན་ལོ་བཅོ་ལྔ་ཉི་ཤུ་ཙམ་ནས་ཤི་འགྲོ་གི་རེད། ལོ་བརྒྱ་ཙམ་བསྡད་ནའང་ལོ་བཅུ་བདུན་བཅོ་བརྒྱད་ཙམ་ལས་ལྷག་མེད་པར་དེ་རྗེས་ཤི་འགྲོ་གི་རེད། དེར་བརྟེན་ངོས་རང་ཤི་ཁར་བློ་བདེ་པོ་བྱས་ནས་ཤི་ཆོག་པ་ཞིག་བྱེད་དགོས། སྐབས་དེར་ངོས་ནས་རྒྱ་གར་ལྷོ་ཕྱོགས་སུ་འདི་ལྟར་བརྗོད་རྒྱུ་བྱུང་། ཁྱེད་རང་ཚོ་སློབ་གཉེར་བྱེད་མཁན་རྣམས་ཀྱིས་སློབ་གཉེར་ཧུར་ཐག་འབད་ཐག་བྱས་པའི་ཐོག་ཉམས་ལེན་ཡག་པོ་ཞིག་བྱས་ཏེ་སངས་རྒྱས་པའི་ལུང་རྟོགས་ཀྱི་བསྟན་པ་མུ་མཐུད་ནས་འཛིན་མཁན་ཧྲག་པོ་ཞིག་ཡོད་སྙམ་པ་ཞིག་བྱུང་ན། ངོས་རང་ཤི་ཁར་བློ་བདེ་པོ་བྱས་ནས་ཤི་ཐུབ་ཀྱི་རེད། དེ་མིན་ད་ནི་ཇི་ལྟར་བྱས་ཡོང་སྙམ་པའི་གནས་སྟངས་ཆགས་ན་སེམས་སྐྱོ་ནས་ཤི་དགོས་པ་ཆགས་ཉེན་ཡོད། ཁྱེད་རང་ཚོས་ངོས་ལ་དགའ་པོ་ཡོད་ན་ངོས་རང་ཤི་བའི་སྐབས་བློ་བདེ་པོ་ཡོང་བ་ཞིག་བྱེད་དགོས། ༸རྒྱལ་བ་རིན་པོ་ཆེས་རེ་འདུན་བྱས་པ་ལྟར་ངས་སྒྲུབ་ཀྱི་ཡོད། ད་ལྟ་བར་དུ་བསྒྲུབས་པ་ཡིན། མ་འོངས་པར་ཡང་སྒྲུབ་ཀྱི་ཡིན་སྙམ་པའི་སེམས་ཤུགས་བསྐྱེད་ནས་བོད་ཀྱི་སངས་རྒྱས་པའི་ལྟ་གྲུབ་དཔལ་ནཱ་ལེནྡྲའི་མཁས་པའི་མན་ངག་གམ། མཁས་པའི་རྣམ་དཔྱོད་ཀྱི་ཐོག་ནས་འགྲེལ་བཤད་བསྐྱོན་པ་རྣམས་ང་ཚོ་བོད་པ་གཅིག་པུར་མ་གཏོགས་སུ་གཅིག་ལའང་མེད། དེ་དག་ཁྱེད་རང་ཚོས་མི་རབས་ནས་མི་རབས་བར་བདག་པོ་རྒྱག་ཐུབ་པ་ཞིག་བྱེད་དགོས། ཞེས་བཀའ་སློབ་དང་སེམས་བསྐྱེད་གནང་གྲུབ་རྗེས་ཐའེ་ལན་ཊའི་དགེ་འདུན་པ་ཁག་ཅིག་དང་ཐའེ་ལན་གྱི་དད་ལྡན་ཆོས་ཞུ་བ་སྐོར་ཚོ་གཅིག དེ་བཞིན་བོད་རིགས་གཞོན་སྐྱེས་རྣམས་སྐོར་ཁག་བྱས་ཏེ་དྲན་རྟེན་སྐུ་པར་བསྒྲོན་པ་དང་། ཆུ་ཚོད་ ༡༡ ཡོལ་ནས་བོད་རིགས་གཞོན་སྐྱེས་ཚོར་ཕྱི་ལོ་ ༢༠༡༧ ལོའི་དམིགས་བསལ་གསུང་ཆོས་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་དང་། ཐེངས་ ༡༡ པའི་བོད་རིགས་གཞོན་སྐྱེས་ཀྱི་དམིགས་བསལ་གསུང་ཆོས་འདི་ལ་རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་ ༧༠ དང་ཕྱི་རྒྱལ་མཐོ་སློབ་ཁག་ ༢ རྡ་ས་གཡས་གཡོན་གྱི་མཐོ་སློབ་ཁག་དང་གཞོན་སྐྱེས་ལས་བྱེད། ཕྱི་ལོ་ ༢༠༡༧ ལོར་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་གྲྭ་ཁག་ ༧ དང་། བོད་ཁྱིམ་སློབ་གྲྭ་ཁག་དང་དེ་མིན་སློབ་གྲྭ་བཅས་ཀྱི་སློབ་ཕྲུག རྡ་ས་ནང་ཆོས་དོན་གཉེར་བ། རྡ་སྟེང་བོད་ཁྱིམ་འཛིན་གྲྭ་བརྒྱད་པ་མན་གྱི་སློབ་ཕྲུག་སོགས་ཁྱོན་བསྡོམས་ ༤༢༦༦ དང་། གཞན་ཡང་སེར་སྐྱ་མི་མང་ ༥༥༠༠ བརྒལ་བས་ཆོས་འབྲེལ་ཞུས་ཡོད་པ་བཅས།།