༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་གར་བྷི་ཇེ་པི་ཆབ་སྲིད་ཚོགས་པའི་ཚོགས་མི་དང་རྩོམ་པ་པོ་སྐུ་ཞབས་ཨ་རུན་ཤོ་རིས་ Arun Shourie བརྩམས་པའི་རྒྱ་གར་གྱི་སྐྱེས་ཆེན་དམ་པ་གཉིས་ཀྱི་རྣམ་ཐར་སྐོར་གྱི་དཔེ་དེབ་སྐྱེས་བུ་དམ་པ་གཉིས་ (Two Saints) ཞེས་པ་དབུ་འབྱེད་མཛད་ཡོད་པ་རེད།
དེ་ཡང་ཉིན་རྒྱབ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་སྤྱིའི་བསྟི་གནས་ཁང་ Indian International Centre གི་ཚོགས་ཁང་དུ་༸ཞབས་སོར་འཁོད་པ་དང་། སྐབས་དེར་མགོན་པོ་གང་ཉིད་མཆོག་གི་གྲོགས་པོ་རྙིང་པ་སྐུ་ཞབས་ཨ་རུན་ཤོ་རི་མཆོག་དང་། འབུམ་རམས་པ་ཀ་པི་ལ་ཝཏྶྱཡན་ Dr Kapila Vatsyayan མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་དང་བཅས་བཞུགས་གྲལ་དུ་འཁོད་མཚམས་དཔེ་དེབ་འགྲེམས་ཚོང་ཁང་གྲགས་ཅན་ཧར་པར་ཀོ་ལིན་སི་ HarperCollins India ཞེས་པའི་སྐུ་ཚབ་འཐུས་མིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ངོ་སྤྲོད་དང་། དེ་རྗེས་དཔེ་དེབ་རྩོམ་པ་པོས་༸གོང་ས་མཆོག་ནི་འཛམ་གླིང་ནང་སྙན་གྲགས་ཅན་གྱི་སྐྱེས་བུ་མང་པོས་བརྩི་བཀུར་ཞུ་ཡུལ་ཞིག་ཡིན་པ་དང་། བོད་ཀྱི་གནད་དོན་ལ་འཛམ་གླིང་ཡོངས་ཀྱིས་སེམས་ཁུར་བྱེད་པ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཆེ་བའི་ཡོན་ཏན་ཉག་གཅིག་ལ་བརྟེན་ནས་བྱུང་ཐུབ་ཡོད་སྐོར་གསུངས་པ་དང་། དེ་ནས་རྩོམ་པ་པོ་ཨ་རུན་ཤོ་རི་ལགས་ཀྱི་བུས་དཔེ་དེབ་༸གོང་ས་མཆོག་ལ་ཕུལ་དེ་དབུ་འབྱེད་གསོལ་འདེབས་ཞུས་པ་ལྟར་༸གོང་ས་མཆོག་གིས་ཁོང་ཕ་བུ་གཉིས་ཀྱི་མཛའ་བརྩེའི་འབྲེལ་ལམ་ལ་བསྔགས་བརྗོད་དང་སྦྲགས་དཔེ་དེབ་དབུ་འབྱེད་དང་ བཀའ་སློབ་སྩལ་དོན།
འདས་པའི་མི་ལོ་ ༥༨ རིང་ང་ཚོ་རྒྱ་གར་ནང་བཙན་བྱོལ་བ་བྱས་ནས་བསྡད་པ་རེད། དུས་སྐབས་དེའི་རིང་ངོ་ཤེས་གྲོགས་པོ་རྙིང་པ་མང་པོ་ཞིག་དེ་རིང་འདིར་མཇལ་རྒྱུ་འདུག ཧ་ཅང་དགའ་པོ་བྱུང་། ངོས་རང་ལུས་པོ་བོད་མིའི་ཤ་ཁྲག་རུས་གསུམ་ལས་སྐྱེས་པ་མ་གཏོགས་བསམ་བློའི་ནང་རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲ་ནས་བྱུང་བའི་ལེགས་བཤད་ཐོག་གོམས་འདྲིས་ཧ་ཅང་ཆེ་བ་དང་། ལུས་པོར་མཚོན་ནའང་རྒྱ་གར་གྱི་འབྲས་དང་སྲན་མར་བརྟེན་ནས་འཚོ་བཞིན་ཡོད་སྟབས་གཅིག་བྱས་ནས་དེང་རབས་ཅན་དུ་རློམ་བཞིན་པའི་རྒྱ་གར་བ་ཚོ་ལས་ངོས་རང་སྲོལ་རྒྱུན་གྱི་རྒྱ་གར་ཚད་ལྡན་ཞིག་ལ་ངོས་འཛིན་བྱེད་ཆོག་པ་ལྟ་བུ་ཡོད། ཅེས་དང་།
གཞན་ཡང་། རྒྱ་གར་གྱི་གནའ་བོའི་སྲོལ་རྒྱུན་རིག་གཞུང་ལ་སློབ་སྦྱོང་བྱས་ཏེ་རྒྱུན་འཛིན་བྱེད་དགོས་པ་དང་། ཕྱི་དངོས་པོའི་འཛུགས་བསྐྲུན་གལ་ཆེན་ཡིན་ཡང་ནང་བསམ་བློ་དང་འབྲེལ་བའི་སྤྱོད་པ་བཟང་པོ་གོང་སྤེལ་གཏོང་དགོས་པའི་སྐོར་ལ་བཀའ་སློབ་སྩལ་དོན། ཕྱི་དངོས་པོའི་འཛུགས་སྐྲུན་དགོས་པ་ཧ་ཅང་གལ་ཆེ། འོན་ཀྱང་དེ་དང་ལྷན་ནང་གཤིས་རྒྱུད་དང་འབྲེལ་བའི་སྤྱོད་པ་བཟང་པོ་གོང་མཐོར་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། རྒྱ་གར་ལ་དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་ཐོག་ནས་ནང་གི་ཞི་བདེ་བསྐྲུན་ཐུབ་པའི་ནུས་པ་ཡོད། སྲོལ་རྒྱུན་ལེགས་བཤད་དེ་དག་གཙོ་བོ་བློའི་རྣམ་གཞག་དང་བྱེད་ལས། ཉོན་མོངས་པའི་བློ་ལ་གཉེན་པོ་བསྟེན་ནས་མགོ་གནོན་ཐུབ་པ་ཡོང་བཞིན་ཡོད་པའི་སྐོར་ཡིན། ང་ཚོས་འཛམ་གླིང་ཞི་བདེ་དགོས་སྐོར་བརྗོད་བཞིན་ཡོད། འཛམ་གླིང་ཞི་བདེ་ཡོང་བར་ཐོག་མར་མི་སྒེར་གྱི་བསམ་བློའི་ནང་ཞི་བདེ་དང་བག་ཕེབས་དགོས། རྒྱ་གར་ཁྱེད་རྣམ་པས་རང་གི་ཕ་མེས་ནས་བརྒྱུད་པའི་གཅེས་ནོར་ལ་ཐོས་བསམ་སློབ་གཉེར་གནང་ནས་ངེས་པར་དུ་བདག་པོ་བརྒྱག་རོགས་གནང་ཞུ་རྒྱུ་ཡིན། ཞེས་སོགས་བཀའ་སློབ་སྩལ་རྗེས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་པའི་སྐུ་མགྲོན་གྲས་ནས་ཁག་གཅིག་གིས་བཀའ་འདྲི་ཞུས་པ་ལ་བཀའ་ལན་སྩལ། དབུ་འབྱེད་གནང་བའི་དཔེ་དེབ་དེ་ནི་རྒྱ་གར་གྱི་ཆོས་ལུགས་བླ་ཆེན་ར་མ་ཀྲིཤྣ་པ་ར་མ་ཧན་ས་ (Ramakrishna Paramahansa) མཆོག་དང་། རཱམན་མཧཱརཤི་ (Ramana Maharshi) མཆོག་རྣམ་གཉིས་ཀྱི་རྣམ་ཐར་དང་སྦྲགས་ནས་ཆེད་རྩོམ་གནང་བ་ཞིག་ཡིན་འདུག
ཚེས་ ༢༦ ཉིན་གུང་ཆུ་ཚོད་ ༡ ཙམ་ལ་རྒྱ་གར་གྱི་ཀརྞ་ཊ་ཀ་མངའ་སྡེ་དང་རྒྱལ་ས་ལྡི་ལི་ཁུལ་གྱི་མཛད་འཕྲིན་ཁག་རེ་ཞིག་ལེགས་པར་གྲུབ་ལྡི་ལི་ནས་མཁའ་ལམ་བརྒྱུད་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་སྐུ་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག དེ་བཞིན་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ཕེབས་བསུ་དང་། གྷ་གྷལ་ནས་བཞུགས་སྒར་ཕེབས་སྐབས་དད་ལྡན་སེར་སྐྱ་མི་མང་གིས་ཕེབས་ལམ་གཡས་གཡོན་དུ་སྤོས་སྣེ་དང་མཇལ་དར་དཀར་གཙང་ཐོགས་སྟེ་ཕེབས་བསུ་ཞུས་ཡོད་པ་བཅས།།