༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རངྒ་གར་ Rang Ghar ས་གནས་སུ་རྟེན་གཞི་བྱས་པའི་དྷིབ་རུ་གར་གཙུག་ལག་སློབ་གྲྭ་ Dibrugarh University ཆེན་མོའི་དགེ་ལས་སློབ་ཕྲུག་ ༡༡༠༠ ཙམ་ལ་བཀའ་སློབ་སྩལ་ཡོད།
དེ་ཡང་མགོན་པོ་གང་ཉིད་མཆོག་གཙུག་ལས་སློབ་གྲྭ་ཆེན་མོར་༧ཞབས་སོར་འཁོད་སྐབས་གཙུག་ལག་སློབ་གྲྭ་ཆེན་མོའི་ཉེ་བའི་རིགས་བདག་སློབ་དཔོན་ཨ་ལཀ་བུ་ར་གོ་ཧིན་ Prof Alak Kr Buragohain ལགས་དང་། ནང་དོན་རིག་པའི་སྡེ་ཚན་འབྲེལ་མཐུད་པ་ཅན་དན་ཤཱར་མ་ Chandan Sarma ལགས་བཅས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཏེ་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་ཉེ་བའི་རིགས་བདག་གིས་ཕེབས་བསུའི་གསུང་བཤད་གནང་།
དེ་ནས་༧གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དེང་སྐབས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་གཞན་ནང་འགྲོ་བ་མིའི་རིགས་ཡོད་སྲིད་ཀྱང་ང་ཚོ་ཕན་ཚུན་འབྲེལ་བ་མེད་པར་བརྟེན་ཕན་ཐོགས་གང་ཡང་བྱེད་མི་ཐུབ། དེ་བཞིན་འཛམ་གླིང་འདིའི་ནང་ཡོད་པའི་དུད་འགྲོ་སྲོག་ཆགས་རིགས་མང་པོ་ཡོད་པར་སྙིང་རྗེ་སྐྱེ་པ་ཙམ་ལས་དམིགས་བསལ་ཕན་ཐོགས་དེ་ཙམ་བྱེད་མི་ཐུབ། འོན་ཀྱང་འཛམ་གླིང་འདིའི་ནང་ཡོད་པའི་འགྲོ་བ་མིའི་རིགས་རྣམས་ཕན་ཚུན་སྨྲ་ཤེས་དོན་གོ་ཐུབ་པ་མ་ཟད། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ང་ཚོ་ཚང་མ་ལུས་སེམས་དང་སེམས་ཚོར་གང་གི་ཆ་ནས་གཅིག་མཚུངས་ཡིན།
དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་ནི་ང་ཚོས་ཕན་ཚུན་གཅིག་གྱུར་གྱི་འདུ་ཤེས་དེ་དོར་ཏེ། རིམ་པ་གཉིས་པའི་ཐོག་ནས་མི་ཕན་ཚུན་མི་འདྲ་བའི་ཁྱད་པར་ཡོད་པ་དེ་དག་ལ་གཙིགས་ཆེར་འཛིན་པར་བརྟེན་དཀའ་ངལ་དེ་དག་འཕྲད་བཞིན་ཡོད། ང་ཚོས་ངའི་རྒྱལ་ཁབ་དང་ངའི་ཆོས་ལུགས། ང་ཚོ་དང་ཁོ་པ་ཚོ། ཞེས་པའི་འཐེན་ཁྱེར་གྱི་བསམ་བློ་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་དཀའ་ངལ་མང་དག་ཅིག་འབྱུང་བཞིན་ཡོད། རིམ་པ་དང་པོ་གཞི་རིམ་ཐོག་ནས་ང་ཚོ་ཚང་མ་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་ཀྱང་དེ་རིམ་བཞིན་སྣང་མེད་ལྟ་བུར་བཞག་ནས་ཕན་ཚུན་རྒྱལ་ཁབ་དང་ཆོས་ལུགས། རིགས་རུས། ནང་མིའི་རྒྱབ་ལྗོངས་མི་འདྲ་བ་སོགས་རིམ་པ་གཉིས་པའི་གནས་སྟངས་དེར་ཧ་ཅང་ཞེན་ནས་ང་ཚོ་དང་ཁོ་པ་ཚོ། ཞེས་འདུ་ཤེས་དེ་འདྲ་ཞིག་འཛིན་པར་བརྟེན་མཐར་རྙོག་གྲ་ཡོང་བཞིན་ཡོད།
དུས་རབས་ ༢༠ ནང་འཛམ་གླིང་དམག་ཆེན་གཉིས་པ་བྱུང་ཡོད། ཀོ་རི་ཡ་དང་ཝེ་ཌི་ནམ་དམག་འཁྲུག་ལ་བརྟེན་ནས་མི་གྲངས་ས་ཡ་ ༢༠༠ ཙམ་རྐྱེན་ལམ་དུ་བཏང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད། མི་དེ་ཙམ་མང་པོ་དམག་འཁྲུག་དང་འཚེ་བའི་གནས་སྟངས་འོག་འཆི་བ་དེས་ང་ཚོའི་བསམ་བློའི་ནང་ད་ཆ་འཚེ་བའི་ལས་འགུལ་རིགས་སྤོང་དགོས་པ་འདུག་བསམས་པའི་སྐུལ་མ་ཞིག་ཤུགས་ཀྱིས་སླེབ་བཞིན་ཡོད། དུས་རབས་ཉི་ཤུ་ ༢༡ བྱམས་བརྩེ་ལྡན་པའི་དུས་རབས་ཤིག་ཏུ་བསྒྱུར་དགོས་པ་དང་དེ་ལྟར་ཡོང་བར་གཞོན་སྐྱེས་ཕོ་མོ་ཚང་མས་འགན་འཁུར་བླང་དགོས།
དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་གཙོ་བཟུང་བྱས་པ་ལས་ནང་བསམ་བློའི་རིན་ཐང་ཐོག་དོ་སྣང་བྱེད་ཀྱི་མེད་པར་བརྟེན། དེང་དུས་ཀྱི་ཤེས་ཡོན་དེ་ནང་སེམས་ཀྱི་རིན་ཐང་གོང་མཐོར་གཏོང་རྒྱུའི་སློབ་གསོ་འདང་ངེས་ཤིག་མེད། གལ་ཏེ་ང་ཚོས་མིའི་རྣམ་དཔྱོད་དེ་ཉིད་བེད་སྤྱོད་བྱས་ཚེ་ནང་བསམ་བློའི་རིན་ཐང་གི་ནུས་པ་གོང་མཐོར་གཏང་ཐུབ། དེར་བརྟེན་འགྲོ་བ་མིའི་རྒྱུད་ལ་ཡོད་པའི་བཟང་པོའི་ཡོན་ཏན་གོང་འཐོར་གཏོང་སྟེ་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཐབས་བྱ་རྒྱུ་ནི་ངོས་ཀྱི་འགན་འཁུར་དང་པོ་དེ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་རྒྱ་གར་བྱང་ཤར་དྷིཔ་རུ་སྒར་མཐོ་སློབ་དུ་མེའོ་ཆོས་འཕེལ་གླིང་དང་། ཏི་ཛུ་དར་རྒྱས་གླིང་། ཏིན་སུ་ཀི་ཡ། ཀྲུ་ཀྲིང་སོགས་ནས་བཅར་བའི་བོད་རིགས་མང་ཚོགས་ ༥༠༠ བརྒལ་བར་མཇལ་ཁ་དང་བཀའ་སློབ་སྩལ་དོན། དེ་རིང་འདིར་འཁྱུག་ཙམ་སླེབ་པ་རེད། ཁྱེད་རང་ཚོ་འདིར་དད་པ་དང་དམ་ཚིག ལ་རྒྱ། ཞེན་འཁོགས་བཅས་ཡོད་པར་བརྟེན། དེ་རིང་ཆེད་མངགས་ཡོང་བ་རེད། ཧ་ཅང་དགའ་པོ་བྱུང་། ང་རང་ཚོ་བོད་གངས་ཅན་པ་ཞེས་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ཟེར་གྱི་ཡོད། ཕལ་ཆེར་རང་བཞིན་གྱི་མི་སེམས་པ་བཟང་བ་ཡོད་པའི་བཟོ་འདྲ་ཞིག་འདུག སྤྱིར་བོད་པ་ཨ་རིར་གཞིས་ཆགས་པ་དང་། དེ་བཞིན་རྒྱ་གར་ནང་གཞིས་ཆགས་ཡོད་པ་དེ་ཚོའི་གྲས་ས་གནས་ཀྱི་དཔོན་རིགས་དང་། ཨ་རིར་ཆ་བཞག་རོགས་བྱེད་མཁན་དེ་ཚོའི་གྲས་མང་པོ་ཞིག་གིས་བོད་པ་ཟེར་དུས་ཡ་རབས་པོ་དང་དྲང་པོ་དྲང་གཞག་བྱེད་མཁན། སེམས་པ་བཟང་པོ་ཡག་པོ་འདུག་ཅེས་ངོས་ལ་བཤད་མཁན་མང་པོ་བྱུང་།
ལྷག་པར་ཨ་རི་ཤི་ཀ་ཀོ་ཡིན་ན་དེ་བ་ཞིག་ལ་བོད་པ་ཚོ་ཁག་ཅིག་སླེབས་ཡོད། དེའི་ཐོག་ལས་ཀ་བྱེད་མཁན་ཨ་རིའི་འབྱོར་ལྡན་ཁྱིམ་ཚང་ཞིག་འདུག མི་དེས་ངོས་ལ་བོད་པ་ས་གནས་དེར་སླེབས་པ་ནི་ཕྱོགས་གཅིག་ནས་བོད་པ་བཙན་བྱོལ་བ་ཡིན་སྟབས་རོགས་བྱས་པ་ཡིན། ཕྱོགས་གཞན་ཞིག་ནི་བོད་པའི་གོམས་གཤིས་དེ་ང་རང་ཡོད་སའི་ཁ་ཡུལ་དེར་ཆགས་ཐུབ་ན་མི་དྲང་པོ་དང་ཡ་རབས་བྱེད་རྒྱུ་དེ་འདྲར་མིག་ལྟོས་བཟང་པོ་ཡོང་རྒྱུར་ཕན་ཐོགས་ཡོང་གི་རེད་བསམ་པའི་རེ་བ་རྒྱག་གི་ཡོད། ཅེས་བརྗོད་བྱུང་། དེར་བརྟེན་བོད་པའི་རང་བཞིན་མི་དྲང་པོ་དང་ལྷག་བསམ་ལྡན་པ་རེད།
དེ་ཡང་སྔོན་མ་རྒྱ་གར་ཀུ་ལུ་ས་གནས་སུ་མེ་སྐྱོན་བྱུང་སྐབས་ས་གནས་ཡུལ་མི་ཚོ་བོད་པར་ཕྲན་བུ་མི་དགའ་བ་བྱས་ཏེ་ཡུལ་མི་ཁག་གཅིག་གིས་སྔོན་འབྱོར་དེ་དག་ཧ་ཅང་ཡ་རབས་པོ་ཡོད། ཕྱིས་སུ་ཡོང་མཁན་ཁ་ཤས་ཡག་པོ་རང་མི་འདུག ཅེས་བརྗོད་ཀྱི་འདུག་ཟེར། འདི་ཁག་མེད། ང་རང་ཚོའི་ཡ་རབས་སྤྱོད་པ་ཡོད་པ་དེ་ཚོའི་གྲས་དམིགས་བསལ་དོ་སྣང་བྱས་པ་དང་། ལྷག་པར་གཞོན་སྐྱེས་ཡར་འཚར་ལོངས་བྱེད་ཡོང་མཁན་ཚོར་ཞར་དང་ཞོར་ལ་བོད་པས་འཛམ་གླིང་ངོམ་རྒྱུ་ཟེར་ན་མི་འདུག ང་རང་ཚོ་རང་ལ་ཡིན་ནའང་སེམས་སྐྱིད་པོ་ཡོང་རྒྱུའི་རྩ་བ་ལྟ་བུ་དེ་ཡ་རབས་བྱེད་རྒྱུ་དེ་རེད། སེམས་པ་བཟང་པོ་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་གཞོན་སྐྱེས་ཡར་ཚར་ལོངས་བྱེད་མཁན་ཚོར་བསླབ་བྱ་བྱེད་རྒྱུ་གལ་ཆེན་པོ་རེད་འདུག
བོད་པའི་སྒྲིག་འཛུགས་གནས་སྟངས་ནི། ཕྱི་ལོ་ ༢༠༡༡ ལོ་ནས་ངོས་རང་རྒས་ཡོལ་ཆ་ཚང་ལ་ཕྱིན་པ་རེད། དུས་དུས་ལ་སྲིད་སྐྱོང་ལ་ཐུག་གི་ཡོད། ངོས་ལ་ཁོ་རང་གི་གནས་སྟངས་དེ་ཚོའི་གྲས་དང་ལས་ཀ་བྱེད་ཕྱོགས་སྐོར་སྐད་ཆ་འདྲི་ཡི་རེད། དེ་ལྟར་མ་གཏོགས་གཞུང་འབྲེལ་རང་བྱས་ནས་ངོས་ལ་འགན་མེད། ངོས་ཀྱིས་ཆོས་ཕྱོགས་ཐོག་འགན་གཙོ་བོ་འཁུར་བཞིན་ཡོད། བོད་ཀྱི་སངས་རྒྱས་པའི་ཆོས་ནི། འཛམ་གླིང་འདིའི་སྟེང་སངས་རྒྱས་པའི་ཆོས་ཡག་ཤོས་ཆགས་ཡོད་པ་ཧ་ཅང་གསལ་པོ་རེད། ངོས་ཀྱི་མཁས་དབང་མང་པོ་ཐུག་གི་ཡོད། པཱ་ལིའི་ཆོས་བརྒྱུད་འཛིན་མཁན་མང་པོ་མཇལ་གྱི་ཡོད། དེ་བཞིན་རྒྱ་ནག་གི་ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་མང་པོ་ཐུག་གི་ཡོད། གང་ལྟར་ང་ཚོ་བོད་ལ་ཡོད་པ་ནང་བཞིན་གཞུང་ཆེན་དེ་ཚོའི་གྲས་རྩ་བ་བློ་ལ་འཛིན། འགྲེལ་བ་དེ་དག་ཚིག་རེ་རེ་བཞིན་མར་འགྲེལ་བཤད་བརྒྱབ། དེ་དག་ཆོས་རའི་ནང་ཚད་མ་རིག་པའི་ཐོག་བརྡར་ཤ་གཅོད་རྒྱུ་དེ་ང་ཚོ་བོད་གཅིག་པུར་མ་གཏོགས་མི་འདུག དེ་འདྲ་ཡིན་དུས་ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་བསྟན་པ་འདི་བོད་མི་རིགས་ཀྱི་ཁྱད་ཆོས་རེད། དེ་ཙམ་དུ་མ་ཟད། བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ཡོད་པ་འདི་འཛམ་གླིང་ནང་པའི་ཡུལ་གྲུ་ཚང་མར་ང་ཚོས་ཕར་ཞབས་འདེགས་སྒྲུབ་ཐུབ་པའི་ནུས་པ་ཡོད་པ་རེད་འདུག དེ་ཙམ་དུ་མ་ཟད་འཛམ་གླིང་འདིའི་སྟེང་ཆོས་བརྒྱུད་གཞན་པ་བློ་གཟུ་བོར་གནས་པ་དེ་ཚོས་གྲས་ཀྱིས་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་བསླབ་བྱར་དོ་སྣང་བྱེད་ཀྱི་འདུག དེ་བཞིན་ཆོས་དད་མེད་མཁན་གྱི་ནང་དུའང་སངས་རྒྱས་པའི་ཆོས་འགྲེ་བཤད་རྒྱག་དུས་འདི་དངོས་ཡོད་གནས་ཚུལ་ཡིན་པ་དང་རྒྱུ་མཚན་ཐོག་ནས་འགྲེལ་བཤད་བརྒྱག་རྒྱུ་ཡོད་པ་མཐོང་ཡོང་དུས་དགའ་པོ་བྱེད་ཀྱི་འདུག
གཞན་ཆོས་བརྒྱུད་མང་པོ་ཞིག་དད་པ་བྱས་ནས་འགྲོ་བཞིན་ཡོད། སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་ང་ཚོ་བོད་ལ་ཡོད་པའི་ཆོས་བརྒྱུད་འདི་འགྲེལ་བཤད་བརྒྱག་རྒྱུ་ཡོད་པ་ཞིག་དང་། ང་ཚོས་འགྲེལ་བཤད་བརྒྱག་རྒྱུ་དེང་སང་ཚན་རིག་པ་ཚོས་མོས་མཐུན་དང་རྒྱབ་སྐྱོར་བྱས་ཏེ་འགྲོ་བཞིན་ཡོད། འདི་ང་ཚོ་བོད་མི་རིགས་ཀྱི་སྤོབས་པ་སྐྱེ་རྒྱུ་རེད། འདི་ང་ཚོས་བདག་པོ་བརྒྱག་རྒྱུ་གལ་ཆེན་པོ་འདུག འདི་བདག་པོ་རྒྱག་པར་བོད་ཡིག་དང་བོད་སྐད་ཧ་ཅང་གལ་ཆེན་པོ་རེད། མཁྱེན་སོང་ནམ། དེང་སང་སློབ་སྦྱོང་བྱས་ནས་ཡར་ཡོང་མཁན་ན་གཞོན་ཚོས་རིམ་པས་བོད་སྐད་ལྷོད་ཡངས་དང་སྣང་ཆུང་ཤོར་བ་ཡིན་ན་ཡག་པོ་མེད། དེ་འདྲ་ཡིན་དུས་གཞོན་སྐྱེས་ཕྲུ་གུ་ཚོར་ངེས་པར་དུ་བོད་ཡིག་དང་བོད་སྐད་འཇགས་ཐབས་བྱེད་དགོས། བོད་ཡིག་ཆ་བཞག་ན་ནང་པ་སངས་རྒྱས་པའི་ལྟ་གྲུབ་གཏིང་ཟབ་པོ་དེ་ཚོའི་གྲས་འགྲེལ་བཤད་བརྒྱག་རྒྱུ་བོད་སྐད་ཡག་ཤོས་རེད་མ་གཏོགས་ལེགས་སྦྱར་སྐད་མེད་པ་ཆགས་ཚར་བ་རེད། སྐད་ཡིག་གཞན་ནང་ལ་གཞི་ནས་ཡོང་རྒྱུ་རེད་མ་གཏོགས་ཡོང་རྒྱུ་མེད། དེར་བརྟེན་བོད་སྐད་ནི་ཡག་ཤོས་རེད་འདུག
སྤྱིར་བཏང་རྒྱ་བོད་ཀྱི་འབྲེལ་བའི་སྐོར་ལ་ཆ་བཞག་ན། རྒྱ་ནག་ལ་འགྱུར་བ་འགྲོ་བཞིན་འདུག སྔ་མོ་མའོ་ཙེ་ཏུང་དང་ཏེང་ཞོ་ཕིང་། དེ་བཞིན་ཅང་ཙེ་མིན་ཡོད་པའི་དུས་ཚོད་ལ་རིམ་པས་འགྱུར་བ་འགྲོ་བཞིན་ཡོད། དེ་རིང་ཁ་སང་རྒྱ་ནག་ནང་ལ་སྤྱི་ཡོངས་ཀྱི་ཐོག་ནས་ཟ་ཁང་དེ་ཚོའི་ནང་ལ་འཇིགས་སྣང་མེད་པའི་ཐོག་ནས་རྒྱ་ནག་གཞུང་དང་དཔོན་པོ་རྣམས་ལ་སྐྱོན་བརྗོད་བྱེད་ཐུབ་ཀྱི་འདུག ལྷ་ས་ནས་བོད་པ་དེ་འདྲ་རྒྱ་ནག་ལ་སླེབས་ཡོང་དུས་ཧ་ཅང་རང་དབང་འདུག་ཅེས་བཤད་རྒྱུ་འདུག འགྱུར་བ་འགྲོ་བཞིན་འདུག རྒྱ་རིགས་ཕྱི་རྒྱལ་ལ་བལྟ་སྐོར་འགྲོ་མཁན་ཧ་ཅང་མང་པོ་ཡོད་རེད། རྒྱ་རིགས་དཔོན་པོ་མང་པོ་ཞིག་གི་ཕྲུ་གུ་ཕྱི་རྒྱལ་ལ་སློབ་སྦྱོང་བྱེད་བཞིན་འདུག རང་བཞིན་གྱིས་དངོས་ཡོད་གནས་ཚུལ་ཤེས་ཡོང་དུས་དངོས་ཡོད་གནས་ཚུལ་འདི་’འགེབ་ཐུབ་རྒྱུ་མེད་པ། རྒྱ་རིགས་ནང་ལ་དངོས་ཡོད་གནས་ཚུལ་ཤེས་མཁན་མང་དུ་འགྲོ་ཡི་ཡོད་དུས་འགེབ་ཐུབ་རྒྱུ་མེད། དེ་འདྲ་ཡིན་དུས་རིམ་པས་འགྱུར་བ་ཏན་ཏན་འགྲོ་གི་རེད། ཞི་ཅིན་ཕིང་དང་པོ་ཡོང་བའི་སྐབས་ལ་རེ་བ་གང་ཙམ་བྱུང་། རིམ་པས་ངོས་དང་འབྲེལ་བ་གཅིག་བྱུང་བ་རེད།
ཁོ་རང་གི་བློས་འགེལ་བའི་གྲོགས་པོ་དེ་འདྲ་ངོས་ཀྱི་སར་ཡོང་ནས་འབྲེལ་བ་བྱེད་རྒྱུའི་གནས་ཚུལ་བྱུང་བ་རེད། བར་སྐབས་ཤིག་ལ་ཁོ་རང་གིས་ཡ་མཚན་ལྟ་བུ་སྐྱེས་ནས་ལས་བྱེད་དང་གཞུང་གི་སྒྲིག་འཛུགས་ཁག་ནང་ལ་ཧ་ཅང་མཁྲེགས་པོ་ཡོད་པ་ཧ་ལས་པའི་གནས་ཚུལ་དེ་འདྲ་བྱུང་བ་རེད། ལོ་དེའི་ལོ་མཇུག་ལ་ཏང་གི་ཚོགས་ཆེན་ཐེངས་ ༡༩ ཚོགས་ཀྱི་ཡོད་རེད། དཔོན་རིགས་ལོ་རྒན་པ་དེ་ཚོའི་གྲས་རྒས་ཡོལ་མཚམས་ལ་སླེབས་ཏེ་ དཔོན་རིགས་ལོ་གཞོན་པ་དེ་འདྲ་ཡར་ཡོང་ཐུབ་རྒྱུ་དང་། ལྷག་པར་བར་སྐབས་རྒྱ་རིགས་གཞོན་སྐྱེས་ཕྱི་རྒྱལ་ཁག་ལ་ཕྱིན་ནས་སློབ་སྦྱོང་བྱེད་མཁན་གྱི་མི་རབས་དེ་དག་འགན་འཁུར་མཁན་ནང་སླེབས་ཡོང་དུས་འགྱུར་བ་ཏན་ཏན་འགྲོ་གི་རེད། ང་ཚོ་ཚོང་ལྟ་བུ་མ་རྩ་གཙོ་བོ་ནི་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་དེ་དག་གི་ལྷག་བསམ་དང་། སྙིང་སྟོབས་ཧ་ལས་པ་རེད་འདུག བོད་ཀྱི་དཀའ་ངལ་འདི་ཕྱི་ལོ་ ༡༩༤༩།༡༩༥༠ ཙམ་ནས་བཟུང་ཧ་ལམ་ལོ་ ༦༠ ཙམ་འགྲོ་བཞིན་ཡོད། འོན་ཀྱང་བོད་རྒྱ་ཆེའི་མི་མང་གི་སེམས་ཤུགས་ནམ་ཡང་འགྱུར་བ་མེད་པ་ཧ་ལས་པ་རེད་འདུག ཆོས་ལ་དད་པ་མེད་མཁན་ཞིག་ཡིན་ནའང་མི་རིགས་ལ་ཞེན་འཁོགས་ཤུགས་ཆེན་པོ་འདུག
འཛམ་གླིང་ཕྱི་ལ་ཡིན་ནའང་བོད་ཀྱི་བདེན་པའི་གནས་ཚུལ་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་ཡོངས་ཐོག་ནས་ཤུགས་ཆེ་རུ་འགྲོ་བཞིན་ཡོད། རྒྱ་རིགས་མི་མང་ཁྲོད་བོད་ཀྱི་བདེན་པའི་གནས་ཚུལ་ཤེས་མཁན་མང་དུ་འགྲོ་བཞིན་ཡོད། ངོས་རང་ཕྱི་ཟླ་ ༦ ནང་ཨ་རིའི་ནང་ཡོང་རོགས་ཞེས་མཛད་འཆར་གཅིག་བཟོས་ཡོད། གཙུག་ལག་སློབ་གྲྭའི་འགོ་འཁྲིད་ཀྱིས་གསལ་བསྒྲགས་ཤིག་བྱས་འདུག སློབ་གྲྭ་འདིའི་ནང་ཡོད་པའི་སློབ་ཕྲུག་གང་ཙམ་ཞིག་གིས་ངོ་རྒོལ་བྱས་པ་རེད། རྒྱ་རིགས་ནང་ནས་ངོས་རང་ཨ་རིར་ཡོང་རྒྱུར་ངོ་རྒོལ་དེར་གདོང་ལེན་བྱས་ནས་བདེན་པའི་གནས་ཚུལ་གསལ་བཤད་བྱེད་རྒྱུ་དང་། ལྷག་པར་སློབ་གྲྭ་ཆེན་མོའི་ནང་ཡོད་པའི་རྒྱ་རིགས་སློབ་ཕྲུག་ཙམ་མ་ཟད། ཕྱིས་སུ་རྒྱ་ནག་རང་ནས་རྩོམ་ཡིག་དེ་འདྲ་མང་པོ་བྲིས་འདུག ཁྱེད་རང་ཚོས་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་རྒྱུ་དེ་ཁྱེད་རང་ཚོ་གནས་ཚུལ་མ་ཤེས་པ་རེད། ཁྱེད་རང་ཚོ་གུང་ཁྲན་ཏང་ལ་ཞེན་འཁོགས་ཡོད་ན། རྒྱ་ནག་ནང་ཚུར་ལོག་ཤོག རྒྱ་ནག་ནང་ལས་བྱ་བྱེད་ཀར་ཤོག དེ་འདྲ་བརྗོད་འདུག ཁྱེད་རང་ཚོས་ཏཱ་ལའི་བླ་མར་ངོ་རྒོལ་བྱེད་རྒྱུར་རྒྱུ་མཚན་ཁྱོན་ནས་མེད། ཁྱེད་རང་ཚོ་བསམ་བློ་བཏང་བ་དེ་ནོར་འཁྲུལ་རེད། ཅེས་རྒྱ་རིགས་ནང་ནས་འགག་པ་ཤུགས་ཆེན་པོ་བརྒྱབ་ནས་ངོ་རྒོལ་བྱེད་མཁན་གྱི་རྒྱ་རིགས་ཁ་ཤས་འུ་ཐུག་སྟེ་ང་ཚོས་ངོ་རྒོལ་བྱས་པ་གང་ཡང་མིན། རྒྱ་མིའི་ཚོང་དོན་ལས་ཁུངས་སོགས་ཀྱིས་འགག་པ་རྒྱག་དགོས་རེད་ཅེས་ཡི་གེ་བཟོས་ཏེ་སྤྲད་བྱུང་།ཞེས་བརྗོད་དགོས་བྱུང་འདུག བདེན་པ་ཟེར་རྒྱུ་དེ་རིམ་པས་བདེན་པའི་ནུས་པ་ཤུགས་ཆེ་རུ་འགྲོ་རྒྱུ་ཏན་ཏན་རེད། དེ་འདྲ་ཡིན་དུས་ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད་ཨང་། ད་ང་ཚོ་ལོ་ལྔ་བཅུ་ང་གྲངས་ཕྱིན་སོང་། གང་ཡང་ཡོང་བ་མིན་འདུག་བསམ་པ་དེ་འདྲའི་སེམས་ཤུགས་ཆག་རྒྱུ་དང་། སེམས་ཞུམ་པ་དེ་འདྲ་ཁྱོན་ནས་མ་བྱེད་ཨང་།
ཁྱེད་རང་ཚོ་ཚང་མ་བློ་བདེ་བོ་དང་སེམས་སྐྱིད་པོ་བྱས་ནས་སྡོད་ཨང་། དེ་ནས་གཞོན་སྐྱེས་ཚོ་སློབ་སྦྱོང་ཡག་པོ་བྱོས། ཁྱེད་རང་ཚོ་རྒན་པ་ཚོས་ག་ཚོད་ཐུབ་ཐུབ་སངས་རྒྱས་པའི་ཆོས་ཟེར་རྒྱུ་དེ་ག་འདྲ་ཡིན་པ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། སྐྱབས་སུ་མཆི་ཟེར་བ་གཅིག་པུ་མིན་པར་སངས་རྒྱས་དང་ཆོས་དགེ་འདུན་ཟེར་རྒྱུ་དེ་ག་འདྲ་ཞིག་ལ་ཟེར་གྱི་ཡོད། ག་འདྲ་བྱས་ནས་ཡོང་གི་ཡོད། རྒྱུ་དང་རྐྱེན་ག་འདྲ་ཞིག་ལ་བརྟེན་ནས་སངས་རྒྱས་བྱུང་བ་རེད། ཆོས་ཉམས་ལེན་བྱས་ནས་སངས་རྒྱས་བྱུང་བ་རེད། ཆོས་ཟེར་རྒྱུ་དེ་ག་འདྲ་ཞིག་རེད་དམ། འགོག་ལམ་གྱི་བསྡུས་པའི་ཆོས་དཀོན་མཆོག་ཟེར་རྒྱུ་དེ་ཚོའི་གྲས་ཤེས་པར་བྱས་ཏེ་སངས་རྒྱས་པའི་ཆོས་ཤེས་ནས་དད་པ་ཐོབ་པབྱུང་ན། ཧ་ཅང་གཏན་པོ་ཡོད། དེ་ག་རང་ཡིན་བཀྲ་ཤེས་བདེ་ལེགས། ཞེས་བཀའ་སློབ་སྩལ་རྗེས་སྟོན་པ་ཐུབ་པའི་དབང་པོའི་མཚན་སྔགས་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཟུངས་སྔགས། འཕགས་མ་སྒྲོལ་མའི་གཟུངས་སྔགས། ཚིག་བདུན་གསོལ་འདེབས་ཀྱི་ལུང་བཅས་སྩལ་ཡོད། །