༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༧ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་སྣར་མཇལ་ཁ་སྩལ་བ་སོགས་ཀྱི་མཛད་འཕྲིན་བསྐྱངས་ཏེ་ཉིིན་གུང་ལྗགས་སྨིན་རྗེས་རྡོར་གདན་དགའ་འཕེལ་རྒྱས་གླིང་ནས་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་པ་དང་། སྐབས་དེར་པ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཁག་གཅིག་གིས་བཀྲ་ཤིས་པའི་མདོ་གསུངས་འདོན་དང་། དེ་རྗེས་ཀོ་རི་ཡའི་དགེ་འདུན་པ་དང་བཙུན་མ་ཁག་གཅིག་གིས་ཀོ་རི་ཡའི་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་བསྟུན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་མཎྡྲལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། ཆེན་པོ་ཧོར་གྱི་ཡུལ་ནས་སླེབས་པའི་སོག་པོའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་བརྟན་བཞུགས་བསྟར་འབུལ་གྱིས་མཇལ་ཁ་ཞུས་རྗེས་སྔོན་འགྲོའི་གསུང་ཆོས་ཀྱི་འཕྲོ་སྐྱོང་དང་འབྲེལ་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། བཅོམ་ལྡན་འདས་རྟེན་འབྱུང་གི་གཏམ་རང་དབང་གི་སྒོ་ནས་འདོམས་པར་མཛད་མཁན་སྨྲ་བ་ཟླ་མེད་པའི་སྟོན་པ་དེ་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་ཡོངས་གྲགས་སུ་ཕལ་ཆེར་ལོ་ ༢༦༠༠ འགྲོ་བཞིན་ཡོད་པ་རེད། དུས་ཡུན་རིང་པོ་ཕྱིན་པ་ཡིན་ཡང་སངས་རྒྱས་ཀྱི་ཆོས་དེང་གི་འཛམ་གླིང་དུའང་ཁ་ཡོད་ལག་ཡོད་ཀྱིས་མི་ལ་ཕན་ཐོགས་ཐུབ་པ་ཞིག་རེད། ཆོས་ཞེས་བརྗོད་དུས་དད་པ་བྱས་ཏེ་འགྲོ་རྒྱུ་ཞིག་མ་གཏོགས་རིག་པས་རྩད་གཅོད་བྱེད་རྒྱུ་མེད་པར་མཐོང་བཞིན་པའི་མི་རྣམས་ཀྱིས་སངས་རྒྱས་པའི་ཆོས་ཀྱི་འགྲེལ་བཤད་མཐོང་ཡོང་དུས་ཡ་མཚན་སྐྱེས་ཀྱི་འདུག མཁས་དབང་ཁ་ཤས་ཀྱིས་སངས་རྒྱས་པའི་ཆོས་ནི་དབྱིན་ཡིག་ནང་Religionཟེར་བ་དེ་མ་ཡིན་པར་སེམས་ཀྱི་ཚན་རིག་རེད་ཅེས་ཟེར་གྱི་འདུག དུས་རབས་ ༢༡ ནང་སངས་རྒྱས་པའི་ཆོས་འདིའི་མཐོང་ཆེ་རུ་འགྲོ་བཞིན་འདུག
ང་ཚོས་འཛམ་གླིང་ཡོངས་རྫོགས་ནང་པ་བྱེད་དགོས་པ་རེད་ཅེས་ནམ་ཡང་བརྗོད་ཀྱི་ཡོད་པ་མ་རེད། འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་ཡོད་པའི་ནང་ནས་སངས་རྒྱས་པའི་ཆོས་འདི་ཡག་ཤོས་ཡིན་ཞེས་ངོས་ཀྱིས་ནམ་ཡང་བཤད་ཀྱི་མེད། ཆོས་ཡག་དང་མི་ཡག་ཅེས་པ་ནི་སོ་སོའི་སེམས་ལ་གང་གིས་ཕན་ཐོགས་ཆེ་བ་ཡོད་པ་དེ་ནི་གང་ཟག་དེ་ལ་ཡག་ཤོས་ཆགས་ཡོད། དཔེར་ན། སྨན་ལྟ་བུ་ཞིག་ཡིན་ཚེ་སྨན་ཡག་ཤོས་འདི་རེད་ཅེས་བརྗོད་རྒྱུ་མེད་པར་ནད་འདི་ལ་སྨན་འདི་ཡག་ཤོས་རེད་ཅེས་བརྗོད་ཐུབ་པ་ལྟ་བུ་རེད། ནད་པའི་ལུས་པོའི་བབ་དང་གཟུགས་ཁམས་ཀྱི་གནས་སྟངས་བྱེ་བྲག་པར་བལྟས་ནས་སྨན་འདི་ཡག་ཤོས་རེད་ཅེས་ལབ་ཐུབ་ཀྱི་རེད་མ་གཏོགས་སྨན་ཡོངས་རྫོགས་ནང་ནས་སྨན་འདི་ཡག་ཤོས་རེད་ཅེས་པ་མེད། དེར་བརྟེན་འཛམ་གླིང་འདིའི་ཐོག་གི་མི་ཡོངས་རྫོགས་ཀྱིས་སངས་རྒྱས་པའི་ཆོས་ཉམས་སུ་ལེན་དགོས་པ་རེད་ཅེས་ངོས་ཀྱིས་ནམ་ཡང་བརྗོད་ཀྱི་མེད།
ང་རང་ཚོ་ཕ་མེས་ནས་ནང་པ་ཡིན་པ་རྣམས་ལ་སངས་རྒྱས་པའི་ཆོས་འདི་རང་གི་ཕ་མེས་ཀྱི་ཆོས་བརྒྱུད་ཡིན་པར་བརྟེན་དེའི་རྗེས་སུ་ཞུགས་པ་ཡིན་ན་རན་པོ་ཡོད་པ་རེད། ནུབ་ཕྱོགས་ཀྱི་ལུང་པར་ཆ་བཞག་ན་འཇོའུ་ཆོས་དང་ཡེ་ཤུའི་ཆོས། དེ་བཞིན་ཁ་ཆེའི་ཆོས་ཡོད་པ་རེད། དེ་དག་གཙོ་བོ་ཆགས་ཡོད་པས་སོ་སོའི་ཕ་མེས་ནས་བརྒྱུད་པའི་ཆོས་བཟུང་བསྡད་ན་ཡག་པོ་ཡོད། ཆོས་བསྒྱུར་ཞེས་པ་ནི་ལས་སླ་པོའི་མ་རེད་ཅེས་ངོས་ཀྱིས་རྒྱུན་དུ་བཤད་ཀྱི་ཡོད། ང་རང་ཚོ་སོ་སོའི་ཕ་མེས་ནས་ཆོས་འདི་ཆགས་ཡོད། ངོས་ཀྱིས་ནམ་རྒྱུན་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་སངས་རྒྱས་པའི་ཆོས་པ་བྱེད་དགོས། དེ་སྔ་ཕན་ཆད་གནས་ཚུལ་མང་པོ་ཐོན་རྒྱུ་མེད་པའི་སྐབས་སུ་ལམ་དང་ལུགས་སྲོལ་ལྟ་བུ་བྱས་ཏེ་སོ་སོའི་དེ་རང་ཡིན་བསམ་ནས་བསྡད་པ་དང་། གནས་ཚུལ་འདྲ་མིན་མང་པོ་ཐོན་པའི་སྐབས་སུ་གཞི་ནས་སྔར་སྲོལ་ལ་ཅི་འདྲ་ཡིན་ནམ་བསམ་པའི་བསམ་བློ་འཁོར་སྲིད་ཀྱི་རེད། དད་པ་ཙམ་གྱི་ཐོག་ནས་ཕྱིན་པ་ཡིན་ན་སྔར་ལྟར་ཡོང་ཐུབ་པ་སྲིད། དབང་རྣོན་ཆོས་ཀྱི་རྗེས་འབྲངས་དང་དབང་རྟུལ་དད་པའི་རྗེས་འབྲངས་ཞེས་ཡོད་པ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཀྱི་འགྲོ་སྟངས་ལྟར་སངས་རྒྱས་པའི་ཆོས་ལ་བརྟག་དཔྱད་དང་། དེ་ཡང་རྟོན་པ་བཞིའི་རྣམ་གཞག་གསུངས་ཡོད་པ་ལྟར། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་གསུངས་ཡོད་པས་བླ་མ་ཞིག་གིས་གསུངས་པ་རེད། དེ་བས་ཡིད་ཆེས་བྱེད་ཀྱི་ཡོད་ཟེར་བ་ཡིན་ན་གང་ཟག་ལ་རྟོན་པ་ཆགས་པ་རེད། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དང་ལྷག་པར་དུ་ན་ལེནྡྲའི་ཆོས་བརྒྱུད་ཀྱི་འགྲོ་སྟངས་ནི་གང་ཟག་ལ་མི་རྟོན་ཆོས་ལ་རྟོན། ཆོས་དེ་ཡང་ཚིག་འདྲ་ཆགས་པོ་དང་སྙན་པོ་ཡོད་པ་ཙམ་ལ་མི་རྟོན་པར་ཚིག་ལ་མི་རྟོན་དོན་ལ་རྟོན། ཚིག་ཡག་པོ་མེད་ཀྱང་དོན་དག་པོ་ཡོད་ཚེ་དེར་ཆ་འཇོག་བྱ་རྒྱུ་རེད། དོན་དག་མེད་པར་སྔ་ཕྱི་འགལ་བ་ལྟ་བུའི་ཚིག་སྙན་པོ་ག་ཚོད་ཡོད་ཀྱང་དེ་ལ་ཆ་འཇོག་རྒྱུ་མེད་པ་རེད། དོན་དེ་ཡང་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན། ཉོན་མོངས་ལ་ཁ་གཏད་གཅག་རྒྱུའི་ཆེད་དུ་ཆོས་བྱེད་ཀྱི་ཡོད་པ་དང་། སེམས་སྐྱིད་པོ་ཡོང་བའི་ཆེད་དུ་ཆོས་བྱེད་ཀྱི་ཡོད་པ་རེད། ཆོས་ལུགས་ཚང་མར་སྦྱིན་པ་གཏོང་བ། ཚུལ་ཁྲིམས་སྲུང་བ། བཟོད་པ་སྒོམ་པ་སོགས་གཅིག་མཚུངས་ཡིན་ནའང་། སངས་རྒྱས་པའི་ཆོས་ཀྱིས་ཉོན་མོངས་པའི་བདེན་འཛིན་ཞེས་པ་ལ་གཉེན་པོ་བརྟེན་པ་ཡིན་པར་བརྟེན་ཐུན་མིན་གྱི་མི་འདྲ་བ་ནི་ཤེས་རབ་ཀྱི་ཆ་ནས་ཆོས་རྣམས་སྣང་བ་ལྟར་དུ་གྲུབ་ཡོད་པ་མ་རེད། ཁ་སྔོན་འགྲེལ་བཤད་ཞུས་པ་ལྟར་འདི་ལ་སློབ་སྦྱོང་བྱས་ནས་ཤེས་དགོས་པ་རེད་མ་གཏོགས་ཡོང་ཐབས་མེད་པ་རེད། དད་པ་ཤུགས་ཆེན་པོ་བྱས་ཏེ་བླ་མས་བྱིན་རླབས་ཞུགས་ཏེ་དེ་རིང་མ་ཤེས་པ་སང་ཉིན་གློ་བུར་དུ་ཤེས་ཡོང་རྒྱུ་མེད།
ཕྱི་རོལ་གྱི་སྣང་བར་ཆ་བཞག་ནའང་ཐོ་རེངས་ཉི་མ་ཡར་འཕགས་ནས་ཉི་མའི་འོད་ཟེར་སླེབས། དེ་ནས་རིམ་པས་ཉི་མའི་སྣང་བ་ཆེ་རུ་འགྲོ་བཞིན་པ་ལྟར་ང་ཚོའི་ནང་པས་ཤེས་རབ་ཀྱི་སྣང་བ་ཟེར་བའང་ཐོག་མ་ཆུང་ཆུང་ཞིག་མ་གཏོགས་མེད་པ་དང་། རིམ་གྱིས་ཡར་རྒྱས་འགྲོ་དགོས། དེ་ཡོང་བར་ཐོས་བསམ་སྒོམ་གསུམ་ཐོག་འགྲོ་དགོས། དེ་ལྟ་བུའི་ཐོག་ནས་སངས་རྒྱས་པའི་ཆོས་ལ་ཞེ་ནས་དད་པ་ཐོབ་པ་བྱུང་བ་ཡིན་ན་དུས་རབས་ཉི་ཤུ་རྩ་གཅིག་པའི་ཆོས་པ་ཆགས་པ་རེད། གཞན་སངས་རྒྱས་པའི་ཆོས་པ་ཡིན། སྐྱབས་འགྲོ་འདོན་གྱི་ཡོད། ཚིག་ཙམ་གྱི་སེམས་བསྐྱེད་འདོན་གྱི་ཡོད་ཟེར་བ་དང་། ཆོས་ཅི་འདྲ་ཞིག་ཡིན་པ་དང་སངས་རྒྱས་ཅི་འདྲ་ཞིག་རེད་ཅེས་དྲིས་ཚེ་ཤེས་ཀྱི་མེད་ཟེར་མཁན་བྱུང་ན་དེ་ལད་ཟློས་བྱས་པ་ལྟ་བུ་ཆགས་པ་རེད། སངས་རྒྱས་ལ་སྐྱབས་སུ་མཆིའོ། ཆོས་ལ་སྐྱབས་སུ་མཆིའོ་ཞེས་འདོན་གྱི་ཡོད། སངས་རྒྱས་ཞེས་པ་ནི་འདི་འདྲ་ཞིག་རེད། ཆོས་ཞེས་པ་ནི་འདི་འདྲ་ཞིག་རེད། དགེ་འདུན་ཞེས་པ་འདི་འདྲ་ཞིག་རེད། དེ་ལ་སྐྱབས་སུ་མཆི་ཟེར་བ་ནི་རྒྱུ་སྐྱབས་ཀྱི་སྐྱབས་སུ་འགྲོ་བ་ཙམ་མ་ཡིན་པར་འབྲས་སྐྱབས་ལ་སྐྱབས་སུ་འགྲོ་བ་ཞིག་དང་། རང་ཉིད་ཀྱི་ཐོབ་བྱ་མཆོག་གསུམ་གྱི་གོ་འཕང་མངོན་དུ་བྱ་བའི་ཆེད་དུ་ད་ལྟ་རྒྱུ་སྐྱབས་ལ་སྐྱབས་སུ་འགྲོ་བ་ཞིག་ཡིན་པའི་འགྲེལ་བཤད་ཡག་པོ་ཤེས་པ་ཡིན་ན་ཞེ་ནས་དད་པ་ཐོབ་པ་ཞིག་ཡོང་བས། གལ་སྲིད་མི་ཞིག་གིས་མ་རེད་ཅེས་བརྗོད་ཀྱང་ལམ་སེང་ལན་སྐྱོན་ཡང་མ་སྐྱོན་ཡང་དེ་འདྲ་མ་རེད་བསམ་པ་ཞིག་ངེས་བསྡད་ཀྱི་རེད།
དེ་ནས་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་ཞེས་ངེས་དོན་དེ་ཡང་རྣམ་དཔྱོད་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཞེས་པས་མདོའི་ནང་ངེས་དོན་ཡིན་ཞེས་གསུངས་ཡོད་པ་ཙམ་ལ་ཆ་མ་བཞག་པར་མདོ་དེའི་བསྟན་དོན་ལ་རིགས་པས་གནོད་པ་ཡོད་མེད་དཔྱད་ནས་རིགས་པས་གནོད་པ་ཡོད་ཚེ་མདོ་དེའི་བསྟན་དོན་ཡིན་ཡང་སྒྲ་ཇི་བཞིན་པ་ཁས་བླངས་ན་རུང་གི་མ་རེད། དོན་དམ་བདེན་པའི་རྣམ་གཞག་གི་ཚིག་ཙམ་རིག་པས་དཔྱད་ནའང་གནོད་པ་མེད་པ་དང་། ག་ཚོད་བསམ་བློ་བཏང་ཡང་ངེས་ཤེས་ཆེ་རུ་འགྲོ་བ་དང་ངེས་ཤེས་ཆེ་རུ་སོང་བས་སེམས་ཀྱི་ཆགས་སྡང་རྨོངས་གསུམ་ལ་འགུལ་བསྐྱོད་ཐེབས་པ་ཞིག་ཡོང་ཚེ་དངོས་གནས་རྣམ་དཔྱོད་ལ་མི་རྟོན་ཡེ་ཤེས་ལ་རྟོན་ཟེར་བ་ཕལ་ཆེར་ཆགས་ཀྱི་ཡོད་པ་རེད། གང་ལྟར་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་ལྟ་བུ་ཞིག་རེད། དེར་བརྟེན་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ཆོས་པ་བྱེད་དགོས་པ་རེད་ཅེས་ནམ་རྒྱུན་བཤད་བཞིན་ཡོད། ཅེས་དང་།
ཁ་སྔོན་ཞུས་ཟིན་པ་ལྟར་ངོས་རང་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ལོ་སུམ་ཅུ་བཞི་བཅུར་བསམ་བློ་བཏང་ནས་རིམ་པས་སེམས་ལ་བྲོ་བ་ཞིག་ཁ་ནས་ཧ་ཅང་རྟོགས་པ་མཐོན་པོ་མེད་ཀྱང་ཚོགས་ལམ་ཐོབ་ཀྱི་རེད་བསམ་པ་ཞིག་དང་། ད་དུང་བློ་ཁོག་བསྐྱེད་དེ་ཉམས་ལེན་བྱེད་པའི་སྐབས་སུ་ཏིང་ངེ་འཛིན་གྱི་ཉམས་ལེན་ཅུང་བྱུང་ན་སྦྱོར་ལམ་ཐོབ་ཐུབ་པ་བསམ་པ་དྲན་གྱི་འདུག དེར་བརྟེན། རང་གིས་ཇི་བཞིན་རྟོགས་པའི་ལམ་གྱི་གནད།། ཤུགས་དྲགས་བརྩེ་བས་དྲངས་པའི་ཐབས་མཁས་ཀྱིས།། འགྲོ་བའི་ཡིད་ཀྱི་མུན་པ་སེལ་བྱེད་ནས།། རྒྱལ་བའི་བསྟན་པ་ཡུན་རིང་འཛིན་གྱུར་ཅིག །ཅེས་གསུངས་པ་ནང་བཞིན་གང་ཐུབ་ཀྱིས་རང་ངོས་ནས་བསམ་བློ་བཏང་ནས་བྲོ་བ་དེ་ངོས་རང་གིས་མྱང་བསྡད་པ་ཞིག་ཡིན་པས་ཁྱོད་རང་ཚོར་འདི་བཤད་བཞིན་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་སྔོན་འགྲོའི་གསུང་ཆོས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་ལེའུ་ལྔ་བའི་གཞན་ལ་བཞེན་བསྐུལ་འདེབས་མཁས་ཤིང་།། ཞེས་པ་ནས་ལེའུ་བདུན་པ་བར་དུ་ལྗགས་ལུང་བཀའ་ཁྲིད་སྩལ་བ་དང་། ཆུ་ཚོད་ ༡།༤༠ ཙལ་ལ་སྒོམ་རིམ་བར་བའི་ལྗགས་ལུང་བཀའ་ཁྲིད་འཕྲོ་སྐྱོང་མཛད་དེ་ཆུ་ཚོད་གསུམ་པ་ཡོལ་ཙམ་ལ་ཉིན་གསུམ་པའི་སྔོན་འགྲོའི་གསུང་ཆོས་མཇུག་ལེགས་པར་གྲུབ་ནས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།