༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༣༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆོས་ལུགས་འདྲ་མིན་གྱི་མཛའ་གྲོགས་ཀྱི་མཐུན་ཚོགས་ཞེས་པའི་ཇི་ལྟར་གསོལ་བ་བཏབ་པ་ལྟར་བྷེ་ཧར་མངའ་སྡེའི་ནང་གི་གཙུག་ལག་སློབ་གྲྭ་དང་མཐོ་སློབ་སོགས་སློབ་གྲྭ་ཁག་ ༢༥ ཡི་དགེ་ལས་སློབ་ཕྲུག་སྟོང་ཕྲག་བརྒལ་བར་རྡོར་གདན་དུས་དབང་གསུང་ཆོས་ར་བར་ཚགས་ཚུད་དང་བདེ་སྐྱིད་ལྡན་པའི་མི་ཚེའི་གསང་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་ཉིན་གུང་ཆུ་ཚོད་༡༢།༣༠ ཙམ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་ཡན་ལག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཤག་ནས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། གསུང་ཆོས་ར་བའི་བཞུགས་ཁྲིའི་ལྡིང་ཆར་༧ཞབས་སོར་འཁོད་མཚམས་བཀྲ་ཤིས་པའི་ཚིགས་བཅད་གསུང་འདོན་དང་འབྲེལ་དགེ་འདུན་པ་ཆག་མཱ་(Ratneswar Chakma)ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་། དེ་རྗེས་མཱ་གྷ་རྡ་གཙུག་ལག་སློབ་གྲྭ་ཆེན་མོའི་(Magadh University)ཉེ་བའི་རིགས་བདག་མའོ་ཧམ་མེ་ཌ་ས་(Dr.Prof. Mohammed Ishtiaq) ལགས་ཀྱིས་གཙུག་ལག་སློབ་གྲྭའི་ཚབ་བྱས་ཏེ་༧གོང་ས་མཆོག་ལ་ཕེབས་བསུའི་འཚམ་འདྲི་དང་འབྲེལ་ཆེ་བསྟོད་གཟེངས་རྟགས་ཤིག་འབུལ་ལམ་ཞུས། དེ་ནས་གྷ་ཡཱ་མཐོ་སློབ་ཀྱི་(Gaya Colege)སློབ་སྤྱི་ལགས་ཀྱིས་གཞོན་སྐྱེས་རྣམས་མ་འོངས་པའི་སོན་རྩ་ཡིན་པའི་ཆ་ནས་༧གོང་ས་མཆོག་ལ་བཀའ་སྩོལ་རྒྱུར་གསོལ་འདེབས་ཞུས་པ་དང་། མགོན་པོ་མཆོག་གི་བཀའ་སློབ་ཀྱིས་ཀུན་ལ་ཕན་ཐོགས་ཡོང་རྒྱུའི་རེ་བ་ཡོད་པའི་སྐོར་གསུང་བཤད་གནང་རྗེས་མཐོ་སློབ་ཀྱི་ཆེ་བསྟོད་གཟེངས་རྟགས་ཤིག་འབུལ་ལམ་ཞུས།
དེ་རྗེས་༧གོང་ས་མཆོག་གིས་འགྲོ་བ་མི་ལ་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་དགོས་པ་དང་། བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས་པའི་སྐོར། དེ་བཞིན་དེང་རབས་ཤེས་ཡོན་ལམ་ལུགས་ནང་ཡ་རབས་བཟང་སྤྱོད་གོང་སྤེལ་གཏོང་དགོས་པའི་སྐོར་སོགས་ལ་བཀའ་སློབ་སྩལ་དོན། འདས་པ་སུས་ཀྱང་བཅོས་སུ་མེད་པ་དང་འཛམ་གླིང་མི་གྲངས་དུང་ཕྱུར་བདུན་ཅུའི་མ་འོངས་པ་ཇི་འདྲ་བྱུང་མིན་ཁྱོད་རང་ཚོ་དུས་རབས་ ༢༡ པའི་མི་རབས་ཀྱི་ལག་པར་ཡོད། ཡིན་ནའང་། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས་པ་དེ་རེད། དེ་ལྟ་བུའི་འཛམ་གླིང་ཞིག་བསྐྲུན་པ་ལ་ལག་ལེན་གྱི་ཐོག་ནས་མ་འོངས་པའི་དམིགས་ཡུལ་སྒྲུབ་ཐུབ་པ་ཞིག་དགོས། ཁོང་ཁྲོ་དང་འདོད་ཆགས་སོགས་ཉོན་མོངས་ཀྱི་སྟེང་ནས་འཛམ་གླིང་ལ་ཞི་བདེ་ཡོང་ཐབས་མེད། མིའི་རང་བཞིན་ལྷན་སྐྱེས་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པས་དེའི་ཐོག་ནས་ང་ཚོས་མ་འོངས་པར་རེ་བ་བྱེད་ཐུབ་པ་ཞིག་ཡོད། གཞོན་སྐྱེས་ཚོའི་རྒྱུད་དུ་བྱམས་བརྩེའི་ཡོན་ཏན་གཙང་མར་གནས་པ་དེ་གོང་འཕེལ་གཏོང་དགོས། ཞེས་དང་།
ད་ཡོད་ཀྱི་ཤེས་ཡོན་ལམ་ལུགས་ཀྱི་ཐོག་ནས་ནང་གི་བཟང་པོའི་ཡོན་ཏན་གྱི་རིགས་བྱམས་པ་དང་སྙིང་རྗེ། ཡ་རབས་སྤྱོད་བཟང་སོགས་གོང་འཕེལ་གཏོང་བར་ལྡང་གི་མེད་པ་དང་། ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་རྒྱུར་ལྡང་གི་མེད་པར་བརྟེན་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དམ་ཡ་རབས་བརྗོད་བཟང་སྣོན་དགོས་པ་ངོས་ཀྱིས་བཤད་བཞིན་ཡོད། ང་རང་ཚོ་མི་ཡིན་པའི་ཆ་ནས་བྱམས་བརྩེ་ནི་མི་ཚེ་ཧྲིལ་བོར་ཧ་ཅང་གལ་ཆེན་པོ་ཆགས་ཡོད། བྱམས་བརྩེ་ནི་འཚོ་གནས་ཐུབ་མིན་གྱི་གཞི་རྩ་ཞིག་ཆགས་ཀྱི་ཡོད། ང་ཚོའི་དམིགས་ཡུལ་བྱམས་བརྩེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་ནམ་རྒྱུན་སེམས་གཏིང་ནས་དོན་གཉེར་ཞིག་དགོས་ཀྱི་ཡོད། དོན་གཉེར་དེ་སླེབས་ཚེ་སོ་སོའི་ངོས་ནས་སྤོབས་པ་དང་ལྡན་པའི་ཐོག་ནས་ཤེས་ཡོན་སྤེལ་ཕྱོགས་སོགས་ལག་ལེན་བསྟར་དགོས། ནང་གི་སྤོབས་པ་དེ་ཡོང་བ་ལ་དྲང་ཚུགས་ལྡན་པ་ཞིག་དང་སེམས་བཟང་པོ་དགོས། དྲང་ཚུགས་ལྡན་པ་བྱུང་བ་ཡིན་ན་སེམས་བཟང་པོ་ཡོང་བ་དང་། སེམས་བཟང་པོ་ནི་སྙིང་སྟོབས་སླེབས་པའི་འབྱུང་ཁུངས་ལྟ་བུ་ཆགས་ཀྱི་ཡོད། སོ་སོའི་ངོས་ནས་དྲང་ཚུགས་ལྡན་པ་ཞིག་བྱས་པ་ཡིན་ན་དུས་ནམ་ཡང་སེམས་ཤུགས་མི་ཆགས་པར་གུ་ཡངས་པོ་བྱས་ནས་བསྡད་ཐུབ་པ་ཡོང་གི་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་སློབ་ཕྲུག་ཁག་གཅིག་གིས་བཀའ་འདྲི་ཞུས་པར་བཞིན་བཀའ་ལན་སྩལ།
དེ་ཡང་སློབ་ཕྲུག་གཅིག་གིས་ནང་སེམས་ཀྱི་ཞི་བདེ་ཅི་ལྟར་སྒྲུབ་དགོས་པའི་སྐོར་ལ་བཀའ་འདྲི་ཞུས་པར་དང་པོ་སེམས་ཀྱི་གནས་སྟངས་དང་སེམས་ཀྱི་འགྲོ་ལུགས་སམ་སེམས་ཀྱི་ས་ཁྲ་ལྟ་བུ་ཤེས་དགོས་པ་དང་། ས་ཁྲ་དེ་ཡོད་ཚེ་དེའི་སྟེང་ནས་སེམས་ཡར་རྒྱས་གཏོང་ཕྱོགས་དང་སེམས་ངན་པའི་རིགས་ཇི་ལྟར་སྤོང་དགོས་པ་དང་། སེམས་ངན་པའི་རིགས་སྐྱེ་ལུགས་སྐྱེ་སྟངས་ཤེས་པའི་ཐོག་ནས་སྤོང་ཐབས་སམ་གཉེན་པོ་གང་ཡིན་པ་དང་། གཉེན་པོ་བརྟེན་སྟངས་ཇི་ལྟར་ཡིན་པ་སོགས་སེམས་ཀྱི་སྦྱོང་བརྡར་བྱེད་དགོས་པ་དང་། ང་གཅིག་པུར་བསམ་བློ་མ་བཏང་བར་གཞན་གྱི་བདེ་སྡུག་ལ་བསམ་བློ་གཏོང་དགོས། བསམ་བློ་གཏོང་སྟངས་རྒྱ་ཆུང་ཆུང་བྱས་ཚེ་ཕྲག་དོག་སོགས་ཀྱི་བློ་སྐྱེ་བཞིན་ཡོད་ཅེས་སོགས་སྐོར་བཀའ་སྩལ་བ་དང་།
སློབ་མ་གསོ་སྐྱོང་བྱེད་པའི་ནང་དགེ་རྒན་དང་སློབ་ཕྲུག་གཉིས་ཀའི་ངོས་ནས་སྤྱོད་པ་མ་རབས་དང་ངན་པའི་རིགས་མེད་པ་བཟོ་ཐབས་ཅི་ལྟར་བྱེད་དགོས་པ་རེད་ཅེས་བཀའ་འདྲི་ཞུས་པར་འབད་བརྩོན་རྒྱུན་མཐུད་ནས་བྱེད་དགོས་པ་དང་། བྱམས་བརྩེ་དང་ལྡན་པའི་ཐོག་ནས་བྱིས་པར་ལམ་སྟོན་བྱེད་དགོས་པ་ལས་མགྱོགས་པོ་འགྱུར་བ་གཏོང་ཐབས་མེད་ཅེས་སོགས་བཀའ་ལན་སྩལ།
སེམས་ཀྱི་ཞི་བདེ་ཉར་ཐུབ་པའི་ཆེད་དུ་ཁོང་ཁྲོ་སོགས་ཅི་ལྟར་མེད་པ་བཟོ་དགོས་སྐོར་བཀའ་འདྲི་ཞུས་པར་སེམས་སྦྱོང་བརྡར་ཀྱི་ཐོག་ནས་ཁོང་ཁྲོའི་སྐབས་གྱོང་སུ་ལ་ཡོད་པ་དང་། ཁོང་ཁྲོ་སྤང་བའི་གཉེན་པོ་ཅི་ཞིག་ཡིན་པ་ཤེས་པར་བྱས་ཏེ་ལག་ལེན་བསྟར་དགོས་ཞེས་བཀའ་སྩལ་བ། གཞན་ཡང་། སེམས་ཀྱི་ཞི་བདེ་མ་ཉམས་པ་བྱེད་པར་ཁོང་ཁྲོ་ཅི་ལྟར་བཅོམ་དགོས་སྐོར་བཀའ་འདྲི་ཞུས་པར་ངོས་རང་ལོ་བཞི་བཅུ་གོང་ནས་སྤྱོད་འཇུག་གི་གསུང་ཆོས་ཞུས་ཏེ་སྤྱོད་འཇུག་གི་ནང་དུ་གསུངས་པ་དེ་ཡང་ནས་ཡང་དུ་གོམས་པར་བྱས་ནས་ལག་ལེན་བསྟར་བས་ཕན་ཐོགས་ཆེན་པོ་བྱུང་བ་དང་། སྤྱོད་འཇུག་ལ་གཟིགས་ཐུབ་ན་ཕན་ཐོགས་ཡོང་གི་རེད། ཉིན་ཤས་རྗེས་ནས་འདིར་སྤྱོད་འཇུག་གི་གསུང་ཆོས་ཡོད་ཅེས་སོགས་བཀའ་སྩལ།
དེ་ནས་སློབ་ཕྲུག་བུ་མོ་ཞིག་གིས་མ་འོངས་པའི་མདུན་ལམ་ཐོག་ལ་བསམ་བློ་གཏོང་དགོས་པ་གསུངས་སོང་། ཡིན་ནའང་མ་འོངས་པའི་སྐོར་ལ་བསམ་བློ་བཏང་བ་ཡིན་ན་སེམས་ལ་དཀའ་ངལ་ཡོང་གི་འདུག སེམས་ཁྲལ་དང་འཇིགས་སྣང་མང་པོ་ཡོང་གི་འདུག་ཅེས་ཞུས་པར་མ་འོངས་པར་བསམ་བློ་གཏོང་རྒྱུ་ལས་སླ་བོ་མ་རེད། མ་འོངས་པར་དཀའ་ངལ་འཕྲད་སྲིད་པའི་རིགས་ལ་གདོང་ལེན་བྱ་ཐབས་ཤེས་པ་བྱས་ཏེ་ཕུགས་རྒྱང་རིང་པོའི་དམིགས་ཡུལ་ཞིག་འཛིན་དགོས། ང་རང་ཚོ་མི་དུང་ཕྱུར་བདུན་ཅུའི་སྐད་ཆ་བཤད་ཀྱི་ཡོད་པ་རེད་མ་གཏོགས་མི་སྒེར་གཅིག་ལྟ་བུའི་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། ཡིན་ཡང་བཟང་པོ་ཡོང་བ་ལ་མི་སྒེར་གཅིག་ནས་མགོ་བཙུགས་ཏེ་རིམ་བཞིན་མི་ཚང་གཅིག་དང་། དེ་ནས་མི་ཚང་བརྒྱ། སྟོང་། ཁྲི། འབུམ་སོགས་རིམ་པར་ཡར་འཕེལ་བ་ཡིན་ན་རྒྱ་གར་ལྟ་བུའི་ལུང་པ་གཅིག་གི་ནང་འཕེལ་གྱི་ཡིན་པ་དང་། རིམ་བཞིན་འཛམ་གླིང་སྤྱི་ཡོངས་ལ་ཁྱབ་ཏེ་འཛམ་གླིང་ཞི་བདེ་ཡོང་བར་བསམ་བློ་དང་འབད་བརྩོན་བྱ་དགོས། ཞེས་སོགས་བཀའ་འདྲི་ཞུས་ཁག་ལ་བཀའ་སློབ་སྩལ་གྲུབ་རྗེས་ཆུ་ཚོད་ ༢།༣༠ ཙམ་ལ་མཛད་རིམ་ལེགས་པར་གྲུབ་སྟེ། ཐེག་མཆོག་རྣམ་གྲོལ་གླིང་གི་ཡན་ལག་རྡོར་གདན་སྔ་འགྱུར་དཔལ་ཡུལ་ཐུབ་བསྟན་བཤད་སྒྲུབ་ཆོས་འཁོར་དར་རྒྱས་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་་ཆིབས་བསྒྱུར་བསྐྱངས་ཏེ་དགོན་པ་དབུ་འབྱེད་རབ་གནས་མཛད་པ་དང་འབྲེལ་པད་ནོར་རིན་པོ་ཆེ་མཆོག་གིས་བསྟན་པ་ལ་ཐུགས་ཁུར་ཆེན་པོ་བཞེས་ཏེ་བྷེལ་ཀོབ་རྣམ་གྲོལ་གླིང་དུ་སྐུ་ངལ་འཛེམས་མེད་ཀྱིས་མཚན་ཉིད་ཀྱི་གཞུང་བཙུགས་ཏེ་འཆད་ཉན་བྱེད་བཞིན་པར་ངོས་ཀྱིས་དུས་རྟག་ཏུ་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ནི་འཆད་ཉན་གྱི་ཐོག་ནས་བྱེད་པ་དང་ཉམས་ལེན་གྱི་ཐོག་ནས་བྱེད་པ་གཉིས་ཡོད། དེ་འཛིན་བྱེད་པ་སྨྲ་བྱེད་པ།། སྒྲུབ་པར་བྱེད་པ་ཁོ་ནའོ།། ཞེས་གསུངས་པ་ལྟར་བསྟན་པ་འཛིན་ཟེར་བ་ནི་འཆད་ཉན་གྱི་ཐོག་ནས་ལུང་སྡེ་སྣོད་གསུམ་གྱི་བསྟན་པ་འཛིན་པ་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་གྱི་ཐོག་ནས་རྟོག་པའི་བསྟན་པ་འཛིན་པ་ལས་གཞན་གྱི་ཐོག་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་ཟེར་བ་ཞིག་མེད་པ་གསལ་པོ་གསུངས་པ་རེད། རྣམ་གྲོལ་གླིང་གི་ངོས་ནས་པད་ནོར་རིན་པོ་ཆེའི་དགོངས་པ་བཞིན་ད་ལྟའི་བར་འབད་བརྩོན་བྱས་ཡོད་པ་རེད་ལ་མ་འོངས་པར་ཡང་མུ་མཐུད་འབོད་བརྩོན་བྱོས་ཞེས་སོགས་བཀའ་སློབ་སྩལ་བ་དང་། མཛད་རིམ་ལེགས་པར་གྲུབ་རྗེས་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཤག་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།