༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༡༧ ཟླ་ ༡ ཚེས་ ༢ ནས་ ༡༤ བར་གནས་མཆོག་རྡོ་རྗེ་གདན་ནས་དུས་དབང་ཐེངས་ ༣༤ པ་སྩོལ་རྒྱུར་གཞིས་ཀྱི་བོད་རིགས་གཙོས་ནང་པ་རྣམས་སྐོམ་པ་ཆུ་འདོད་ལྟར་ཆོས་ཞུར་ཕེབས་རྒྱུར་རེ་བ་བྱེད་བཞིན་ཡོད་ནའང་། རྒྱ་ནག་གཞུང་གིས་དམ་དྲག་ཧ་ཅང་ཤུགས་ཆེན་པོ་བྱས་ཏེ་ཆོས་ཞུར་ཕེབས་ཐུབ་ཀྱི་མེད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༡༢ ཚེས་ ༡༩ དང་། ཚེས་ ༢༥ ཚེས་ ༢༨ བཅས་སོ་སོར་བོད་ཟླ་བཅུ་གཅིག་པའི་ཚེས་ ༡༣ ནས་ ༡༥ བར་(ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༠ ནས་ ༡༣ ) དུས་འཁོར་དབང་ཆེན་དངོས་གཞི་འཁེལ་གྱི་ཡོད་པ་དང་སྐབས་དེར་དད་པ་དམ་ཚིག་གཡོ་བ་མེད་པ་རྣམས་གནས་མཆོག་རྡོ་རྗེ་གདན་ནས་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་གནང་རྒྱུ་དང་། དབང་ངེས་པར་ཐོབ་ཀྱི་ཡིན་པའི་སྐོར་བཀའ་སྩལ་ཡོད་པ་རེད།
དེ་ཡང་ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་དུ་བོད་ནས་གསར་དུ་ཕེབས་པ་ཁག་གཅིག་མཇལ་བཅར་སྐབས་བཀའ་སློབ་སྩལ་དོན། རྒྱ་ནག་གཞུང་གིས་དམ་དྲག་ཧ་ཅང་ཤུགས་ཆེན་པོ་བྱེད་ཀྱི་ཡོད་སྟབས། ཁྱེད་རང་ཚོ་དུས་འཁོར་དབང་ཆེན་སྐབས་སྡོད་ཐུབ་ཀྱི་མེད་པར་བརྟེན་སེམས་འཁྲལ་གཏན་ནས་མ་བྱེད། བོད་ཟླ་བཅུ་གཅིག་པའི་ཚེས་ ༡༣ ནས་ ༡༥ བར་དུས་འཁོར་དབང་ཆེན་དངོས་གཞི་འཁེལ་གྱི་ཡོད། སྐབས་དེར་ཁྱེད་རང་ཚོས་སྨོན་ལམ་ཡག་པོ་རྒྱོབ། ངོས་ཀྱིས་རྡོ་རྗེ་གདན་ནས་ཁྱེད་རང་ཚོ་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ཏན་ཏན་དབང་ཐོབ་ཀྱི་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་།
གཞན་ཡང་། ཚེས་ ༢༥ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཨུ་རུ་སུའི་ནང་པའི་ས་ཁུལ་ཐུ་ཝ་དང་། ཁལ་མུག སྦུ་རི་ཡ་སོགས་ཀྱི་དད་ལྡན་ཆོས་བ་རྣམས་སྤྱོད་མཇུག་ཆེན་མོའི་གསུང་ཆོས་སྐབས། དུས་འཁོར་དབང་ཆེན་ལ་བསྡོད་མ་ཐུབ་མཁན་ཁྱེད་རང་ཚོ་བློ་ཕམ་མ་བྱེད། བོད་ཟླ་ ༡༡ ཚེས་ ༡༣ ནས་ ༡༥ བར་དུས་འཁོར་དབང་ཆེན་གྱི་སྟ་གོན་དང་། དཀྱིལ་འཁོར་ལ་ཞུགས་པའི་སྐོར། དངོས་གཞི་བཅས་ཉིན་གྲངས་གསུམ་རིང་བྱ་རྒྱུར་སྐབས་དེར་ཁྱེད་རང་ཚོས་བོད་ནས་ཚུར་སྨོན་ལམ་རྒྱོབ། ཁྱེད་རང་ཚོ་དད་པ་གཡོ་བ་མེད་པར་བརྟེན་ངོས་ཀྱིས་འདི་ནས་བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་དངོས་འབྲེལ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་མཁན་དེ་དག་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། དེ་བཞིན་རྒྱ་ནག་ནང་རྒྱ་རིགས་ནང་པ་ཧ་ཅང་ཕོན་ཆེན་པོ་ཡོད་པ་དེ་དག་གི་ནང་ནས་དབང་ཞུ་འདོད་ཡོད་པ་དེ་རིགས་ཏན་ཏན་ཡོང་གི་རེད། དེ་དག་ཚང་མ་ངོས་ཀྱིས་དམིགས་འོག་ཏུ་བཅུག་སྟེ་སྨོན་ལམ་རྒྱག་གི་ཡིན། བླ་མ་ཡི་དམ་གྱི་བྱིན་རླབས་ནི་ཐག་ཉེ་རྒྱང་གི་གནས་ཚུལ་གང་ཡང་མེད། དེའི་ཁུངས་ནི། བཅོམ་ལྡན་འདས་ཀྱིས་སྔོན་ཆོག་ནང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ཞེས་པ་ཞིག་ཡོད། བསྙེན་པར་རྫོགས་མཁན་གྱི་དགེ་འདུན་པ་དེར་བཞུགས། བསྒྲུབ་བྱ་དེ་དགག་བྱའི་དབང་གིས་ཚུར་ཡོང་མ་ཐུབ་པར་ས་ཆ་གཞན་ཞིག་ཏུ་བསྡད། དེའི་བར་དུ་འཕྲིན་བསྐུར་ནས་བསྙེན་པར་རྫོགས་པ་བྱུང་བའི་ལོ་རྒྱུས་ཡོད། དེང་སྐབས་ང་ཚོ་ས་ཐག་རིང་ནའང་འཕྲིན་སོགས་ཀྱི་ཐོག་ནས་ཁྱེད་རང་ཚོ་སྨོན་ལམ་བརྒྱབ་ན་དབང་ཐོབ་ངེས་ཡིན་པས་དེ་ལྟར་བྱེད་དགོས། ཞེས་དང་།
དེ་བཞིན་ཚེས་ ༢༨ ཉིན་བྷེ་ཧར་པར་ཎ་གྲོང་ཁྱེར་དུ་བོད་ནས་གསར་དུ་འབྱོར་བ་ཁག་གཅིག་ལ་མཇལ་ཁའི་སྐབས་བཀའ་སློབ་སྩལ་དོན། དེང་སྐབས་རྒྱ་ནག་གི་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་སྟབས། ཁྱེད་རང་ཚོ་འགའ་ཞིག་རྡོར་གདན་དུ་ཉིན་ཤས་བསྡད་ནས་བོད་དུ་ཕྱིར་ལོག་བྱེད་དགོས་པ་ཆགས་ཡོད། འོན་ཀྱང་ཁྱད་པར་མེད། དུས་འཁོར་དབང་ཆེན་བོད་ཟླ་ ༡༡ པའི་ཚེས་ ༡༣། ༡༤། ༡༥ བཅས་ལ་འཁེལ་གྱི་ཡོད། སྐབས་དེར་ངོས་ནས་བོད་ནང་གི་བོད་མི་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཡོད་པ་རྣམས་ངོས་ཀྱིས་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚོར་དབང་ཐོབ་ཀྱི་རེད། དེར་བརྟེན་ཁྱེད་རང་ཚོ་བློ་བདེ་པོ་བྱས་ནས་སྡོད། ཅེས་བཀའ་སློབ་སྩལ་ཡོད།