༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་སླར་ཡང་ཞབས་སོར་འཁོད་སྐབས་ཀྱི་ཟིན་ཐོ་རགས་བསྡུས། (གསུམ་པ།)
༢༠༡༦།༡༡།༡༨~༢༣
ཚེས་༢༢། རེས་གཟའ་མིག་དམར།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་མཆོག་གི་དེ་རིང་གི་མཛད་རིམ་གཙོ་བོ་ནི། སོག་ཡུལ་ཆོས་འཁོར་གསུམ་གྱི་ཐེབས་རྩ་ཚོགས་པ་དང་། རྗེ་བཙུན་དམ་པའི་ཆོས་ཚོགས། དགའ་ལྡན་ཐེག་ཆེན་གླིང་གསུམ་གྱིས་གོ་སྒྲིག་བྱས་ཏེ་སོག་པོའི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཚོ་ལ་ ༼དུས་རབ་ཉེར་གཅིག་པའི་ནང་པ་དང་ཀུན་ཁྱབ་འགན་ཁུར་༽ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་དང་། སོག་རིགས་ན་གཞོན་ ༡༢༠༠ ཙམ་ལྷན་འཛོམས་བྱེད་འཆར་ཡོད་འདུག
ཞོགས་པ་བཞུགས་ཡུལ་མགྲོན་ཁང་དུ་དད་ལྡན་ ༤༠༠ ཙམ་བཅར་བར་ཕེབས་ལམ་དུ་མཇལ་ཁ་གནང་ཞིང་། དེ་དག་ཚོ་ཁག་སོ་སོ་དབྱེ་ནས་ལྷན་དུ་སྐུ་པར་སྒྲོན། ཆུ་ཚོད་༡༠:༠༠ ཐོག་ཚོགས་འདུ་ཚོགས་ཡུལ་ཨུ་ལན་པ་ཐུར་གྱི་སོག་པོའི་རིག་གཞུང་ལྟེ་གནས་ཁང་ལ་ཕེབས། ཚོགས་ཁང་དེ་གྲོང་ཁྱེར་གྱི་དབུས་དང་། གཞུང་གི་ལས་ཁུངས་ཁག་ཡོད་སའི་ལྟེ་བར་གནས། ༸གོང་ས་མཆོག་ཚོགས་ཁང་དུ་འབྱོར་ཀྱང་། མི་མང་ནང་ལ་མ་བཏང་བར་ཕྱི་རུ་སྟར་སྒྲིག་ནས་སྒུག་ཡོད་པ་དང་། ཚོགས་ཁང་ནང་དུ་སྲུང་སྐྱོབ་ཀྱི་དོགས་གཞི་བྱུང་བར་ཉེན་རྟོག་མི་སྣས་ཞིབ་བཤེར་ཞིབ་ཚགས་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་བཤད། གང་ལྟར་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཙམ་གྱི་བར་དུ་ཚོགས་འདུ་འགོ་འཛུགས་མ་ཐུབ་ལ། དེའི་བར་༸གོས་མཆོག་ནས་ཚོགས་ཁང་གི་སྐུ་མགྲོན་ཚོམས་ཆེན་ནང་། ཨ་རི་དང་ཁ་ན་ཊའི་གཞུང་ཚབ་གཉིས་དང་མཇལ་ཕྲད་བཀའ་མོལ་གནང་།
དེ་རྗེས་སོག་པོའི་བརྙན་འཕྲིན་ཁང་གཉིས་ཀྱིས་རེ་ཞུས་ལྟར་༸གོང་ས་མཆོག་ལ་བཅར་འདྲི་ཐུང་ཙམ་ཞུ་རྒྱུའི་གོ་སྐབས་གནང་བར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། བོད་དང་སོག་པོ་གཉིས་ལོ་སྟོང་ཕྲག་གི་འབྲེལ་བ་ཡོད་པ་དང་། ནང་ཆོས་དར་ནས་འབྲེལ་བ་ལྷག་པར་ཡར་རྒྱས་ཕྱིན་ཡོད་པ། དེང་སང་ཕྱི་དངོས་པོའི་ཡར་རྒྱས་ཕྱིན་པ་དང་མཉམ་དུ་ནང་སེམས་ཀྱི་དཀའ་ངལ་ཆེ་རུ་འགྲོ་གི་ཡོད་པ། སོག་པོ་ལ་མཚོན་ན་ཡང་ཕྱི་དངོས་པོ་ཡར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་མོད། དེ་དང་ཆབས་གཅིག་ནང་ཆོས་ཀྱི་དོན་སྙིང་ཤེས་པ་དང་ཉམས་ལེན་ཡག་པོ་བྱེད་ཐུབ་ན། ཏན་ཏན་ཕན་ཐོགས་ཡོང་གི་རེད་ཅེས་དང་། ནང་ཆོས་ནི་སོག་པོའི་ཕ་མེས་ཀྱི་གཅེས་ནོར་ཡིན་པ་དང་། ཧ་ལམ་སོག་རིགས་ཀྱི་རིག་གཞུང་རེད་ཅེས་ལབ་ན་མ་ཆོག་མེད། དེ་ལྟར་ནང་ཆོས་དང་ལྷག་པར་དཔལ་ན་ལེནྡྲའི་ལྟ་གྲུབ་ལ་སྔར་ལས་ལྷག་པའི་དོ་སྣང་བྱེད་དགོས། ཁྱེད་ཚོ་ཆོས་དད་ཆེན་པོ་རེད། ད་སློབ་སྦྱོང་བྱེད་རོགས་གནང་ཞེས་བརྗོད་འདོད་བྱུང་། ཞེས་གསུངས།
གསར་འགོད་པས། སོག་ཡུལ་དུ་མ་འོངས་པར་ནང་ཆོས་ཅི་ལྟར་ཡར་རྒྱས་གཏོང་དགོས་སམ་ཞེས་དྲིས་པར། འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་དང་། དེ་དག་ལ་ལྟ་གྲུབ་ཀྱང་མི་འདྲ་བ་ཡོད་མོད། དེ་དག་མི་སོ་སོ་ལ་ཕན་ཐོགས་ཡོད་པ་རེད། ཆོས་དད་ལ་གྱུར་བ་གཏོང་དགོས་དོན་མེད། སོག་རིགས་གཞོན་སྐྱེས་རྣམས་ཀྱི་དེང་དུས་ཀྱི་ཤེས་ཡོན་ཡར་རྒྱས་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། འོན་ཀྱང་དེང་དུས་ཤེས་ཡོན་ཁོ་ནས་བདེ་སྐྱིད་ཡོང་ཁག་པོ་རེད། སོ་སོའི་ཕ་མེས་ནས་རྒྱུད་པའི་གནའ་བོའི་ཤེས་ཡོན་སྦྱང་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལྡན་ན། ཏན་ཏན་ཡག་པོ་ཡོང་གི་རེད་བསམ་གྱི་འདུག་ཅེས་བཀའ་ལན་གནང་།
དེའི་རྗེས་སུ་སོག་ཡུལ་གྱི་བརྙན་འཕྲིན་ཆེ་ཤོས་གྲས་ Monhron TV གྱི་གསར་འགོད་པ་ནས། ༸གོང་ས་མཆོག་སོག་ཡུལ་དུ་ཐེངས་ཁ་ཤས་ཕེབས་པར་སོག་ཡུལ་དུ་འགྱུར་བ་ག་འདྲ་ཕྱིན་འདུག་གམ་ཞེས་དྲིས་པའི་བཀའ་ལན་དུ། ཁང་བརྩེགས་མཐོན་པོ་མང་པོ་མཐོང་ཞིང་འཛུགས་སྐྲུན་ཆེན་པོ་ཡོད་པར་མངོན། འོན་ཀྱང་། དངོས་པོ་ཡར་རྒྱས་ཁོ་ནས་མི་ལ་ཞི་བདེ་ཡོང་གི་མེད་པ་ཡར་ཐོན་རྒྱལ་ཁབ་ཁག་ལས་རྟོགས་ཏེ། དེང་སང་སླར་ཡང་སེམས་ཀྱི་ཞི་བདེ་ལ་དོ་སྣང་གསར་བ་ཞིག་ཡོང་གི་ཡོད། ལྷག་པར་དུ་ཚན་རིག་པ་རྣམས་ཀྱིས་སེམས་ཀྱི་ཞི་བདེ་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད། དེའི་ཕྱིར་སོག་པོ་རྣམས་སྔ་མོ་ནས་ནང་པ་སངས་རྒྱས་པ་ཡིན་ལ། ཁྱེད་ཚོ་སོག་པོ་རྣམས་ལ་གོ་སྐབས་ཡག་པོ་ཞིག་ཡོད་པ་མཐོང་གི་འདུག དེ་ནི་དངོས་པོ་ཡར་རྒྱས་འགྲོ་བཞིན་པ་དང་། ཕ་མེས་ནས་རྒྱུད་པའི་ནང་ཆོས་ཀྱི་གོམས་སྲོལ་བཟང་པོ་ཡོད་པ་གཉིས་རེད། ད་ནས་བཟུང་སྨོན་ལམ་འདེབས་པ་ཙམ་མ་ཡིན་པར་ནང་ཆོས་ཀྱི་དོན་གནད་སློབ་སྦྱོང་བྱས་ན། ཕྱི་དངོས་པོ་དང་ནང་སེམས་གཉིས་དུས་མཉམ་དུ་ཡར་རྒྱས་འགྲོ་གི་རེད། ཅེས་དང་།
ཡང་གསར་འགོད་པས། སོག་ཡུལ་དུའང་ཆོས་ལུགས་མི་འདྲ་བའི་དབར་ཕན་ཚུན་མི་མཐུན་པ་ལྟ་བུ་ཡོང་གི་ཡོད་པར་ག་འདྲ་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུས་པར། སྔར་བོད་ལ་ཡང་གྲུབ་མཐའ་མི་འདྲ་བ་རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས་སོགས་ཡོད་པ་རེད། ངས་གཙོ་བོ་བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་ཞེས་གཉིས་སུ་དབྱེ་བཞིན་ཡོད། གསང་སྔགས་ཀྱི་རྒྱུད་པ་འདྲ་མིན་དང་། ཉམས་ལེན་བྱེད་སྟངས་མི་འདྲ་དེ་དག་ནི་གང་ཟག་སྒོས་བཙན་ཡིན། བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་ན་དཔལ་ནཱ་ལེནྡྲ་ནས་རྒྱུད་པའི་ནང་ཆོས་ཀྱི་ལྟ་གྲུབ་གཅིག་པ་རེད། ད་ཚང་མས་བསྟན་པ་སྤྱི་བཙན་ལ་བསམ་བློ་གཏོང་རན་པ་རེད་ཅེས་གསུངས།
ཆུ་ཚོད་༡༡:༣༠ཐོག་༸གོང་ས་མཆོག་ཚོགས་ཁང་དུ་ཕེབས་པ་དང་། མི་མང་ཡང་སུམ་ཆ་གཅིག་འཛོམས་འདུག་ལ། ཆུ་ཚོད་ཕྱེད་ཀ་ཙམ་གྱི་ནང་ཚོགས་ཁང་ཡོངས་སུ་ཁེངས་ཤིང་། ཚོགས་ཞུགས་པ་བརྒྱ་ཆ་དགུ་བཅུ་ཙམ་ན་གཞོན་རྐྱང་རྐྱང་ཡིན་པ་མཐོང་། ཚོགས་ཁང་ནང་ལྷིང་འཇགས་ལྡན་ཞིང་། ཉན་མཁན་རྣམས་གྲུང་ཤ་དོད་པོར་གནས། ཁ་ཤས་དད་གུས་ཆེན་པོས་ལག་གཉིས་ཐལ་མོ་སྦྱར་ཞིང་། ལ་ལ་མིག་གཉིས་ཅེར་རེ་༸གོང་ས་མཆོག་གི་ཞམ་རས་མཇལ། འགའ་ཞིག་འབྲི་དེབ་དང་སྨྱུ་གུ་བཏོན་ཏེ་གསུང་བཤད་ཟིན་ཐོར་འགོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུང་བཤད་དབུ་འཛུགས་གནང་མ་ཐག ང་ཚོ་ནི་དུས་རབས་ ༢༡ པའི་ནང་པ་ཡིན་ལ། དེ་ནི་དེང་དུས་ཀྱི་ཤེས་ཡོན་ལྡན་ཞིང་། རང་གི་སྲོལ་རྒྱུན་གྱི་རིག་གཞུང་ཡང་ཤེས་པའི་འདབ་ཆགས་གཤོག་པ་གཉིས་ལྡན་ལྟ་བུ་ཞིག་ཡིན་དགོས། དེ་ལྟར་བྱུང་ན་ཤེས་བྱའི་གནམ་འཕང་བཅད་དེ་འཕུར་ཐུབ། དེ་བཞིན་དུས་རབས་ ༢༡ ནང་། འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པའི་འདུ་ཤེས་ཐོག སྤྱི་ཚོགས་སུ་བྱམས་དང་སྙིང་རྗེ་གོང་འཕེལ་བཏང་སྟེ་བྱམས་བརྩེ་ལྡན་པའི་དུས་རབས་ཤིག་བསྐྲུན་དགོས། དེ་ལྟ་བུའི་དུས་རབས་ཤིག་ཡོང་བར་ཁྱེད་ན་གཞོན་རྣམས་ལ་འགན་ལྗིད་པོ་ཡོད་ཅེས་གསུངས།
ཡང་༸གོང་ས་མཆོག་གིས་སོག་པོའི་མི་མང་དང་། ལྷག་པར་ཁྱེད་ཅག་ན་གཞོན་རྣམས་ཀྱིས་ལོ་རྒྱུས་ཐོག་སོག་པོའི་རྒྱལ་པོ་ཇེན་ཀེ་སི་ཁཱན་གྱིས་རྟ་ཡི་བང་རྩལ་དང་། རལ་གྲིའི་རྣོ་དབལ་ལ་བརྟེན་ནས་གླིང་ཆེན་ཨེ་ཤིས་ཡ་དང་ཡུ་རོབ་ཀྱི་ཡུལ་ལུང་མང་པོ་དབང་བསྒྱུར་བྱས་པའི་སྙིང་སྟོབས་མིག་དཔེར་བཟུང་ནས། ཤེས་ཡོན་སློབ་སྦྱོང་གི་ཐོག་ནས་ཇེན་ཀེ་སི་ཁཱན་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་དགོས་ཞེས་དང་། དེ་བཞིན་གཞོན་ནུ་ཚོས་དེང་དུས་ཀྱི་ཤེས་ཡོན་ལ་དོ་སྣང་བྱེད་པ་དེའི་སྟེང་ནང་ཆོས་ལ་སློབ་སྦྱོང་བྱས་པ་ཡིན་ན། སྙིང་སྟོབས་ལྡན་པའི་སོག་པོ་མིང་དོན་མཚུངས་པ་ཞིག་ཆགས་ཐུབ་རྒྱུ་དང་། ཕྱིའི་དངོས་པོའི་ཡར་རྒྱས་ཙམ་དང་། དེང་དུས་ཀྱི་ཡོན་ཏན་གཅིག་པུས་སོག་པོ་ངོ་མ་ཞིག་ཆགས་ཐུབ་ཀྱི་མ་རེད་ལ། དེ་བཞིན་ཆོས་ལུགས་ཀྱི་དད་པ་རྐྱང་རྐྱང་གིས་སོག་ཡུལ་དེང་རབས་ཅན་ཞིག་ཏུ་འགྱུར་ཐུབ་ཀྱི་མ་རེད་ཅེས་བཀའ་གནང་།
༸གོང་ས་མཆོག་གིས་འཛམ་གླིང་ནང་ཞི་བདེ་འབྱུང་རྒྱུར་གོ་ལའི་དངོས་ཡོད་གནས་སྟངས་གཞི་བཞག་སྟེ་འགྱུར་བ་ངེས་པར་གཏོང་དགོས་པ་དང་། འདས་པའི་དུས་རབས་ ༢༠ པ་ནི་འཁྲུག་འཛིང་གི་ཡོ་ལང་རྒོད་པའི་འཚེ་བའི་དུས་རབས་ཤིག་ཆགས་ཡོད་ལ། ད་ལྟའི་དུས་རབས་ ༢༡ པ་འདིའི་འགོ་སྟོད་དུ་འཛམ་གླིང་ནང་དྲག་སྤྱོད་ཀྱི་དཀའ་ངལ་འཕྲད་བཞིན་པ་ཁག་ཀྱང་། དུས་རབས་ཉི་ཤུའི་ནང་འཕྲད་པའི་དཀའ་རྙོག་ཁག་ལ་གདོང་ལེན་ཚུལ་བཞིན་བྱེད་མ་ཐུབ་པའི་འབྲས་བུ་རེད། དེས་ན་དུས་རབས་འདིའི་མ་འོངས་པ་ཞི་བདེའི་དུས་རབས་ཤིག་ཡོང་བར། ཁྱེད་ཅག་ན་གཞོན་ཚོ་ལ་འགན་འཁྲི་ཆེན་པོ་ཡོད་ཅེས་བཀའ་གནང། ༸གོང་ས་མཆོག་གིས་མུ་མཐུད་དེ་གསུངས་དོན་ལ། གོ་ལའི་ཁོར་ཡུག་དང་དཔལ་འབྱོར། ཆབ་སྲིད་སོགས་ཕྱོགས་གང་ཅིའི་ཆ་ནས་འཛམ་གླིང་འདི་ཕན་ཚུན་གཅིག་གིས་གཅིག་ལ་བརྟེན་ནས་ཡོད་པའི་ལྟོས་གྲུབ་ཀྱི་རང་བཞིན་གསལ་བོ་ཡིན་སྟབས། ང་དང་ཁྱོད་། རང་དང་གཞན་ཟེར་བའི་དབྱེ་བའི་ས་མཚམས་ཧ་ལམ་མེད་པ་ལྟ་བུ་གྱུར་ཡོད། དེའི་ཕྱིར་གཞན་གྱི་བདེ་དོན་བསྒྲུབ་རྒྱུ་ནི། དོན་གྱིས་རང་ཉིད་ཀྱི་ཁེ་ཕན་དང་འབྲེལ་བ་ཆེན་པོ་ཆགས་ཡོད་སྟབས། འཛམ་གླིང་ནང་ཆོས་ལུགས་དང་མ་འབྲེལ་བའི་ཤེས་ཡོན་སློབ་གསོའི་ལམ་ལུགས་ཀྱི་ཐོག་ནས་བྱམས་བརྩེའི་བསམ་བློ་གོང་སྤེལ་དང་། ཀུན་ཁྱབ་འགན་འཁུར་གྱི་བསམ་བློའི་ནུས་སྟོབས་གོང་འཕེལ་གཏོང་ཐབས་ངེས་པར་བྱེད་དགོས་ཞེས་བཀའ་གནང་།
མཇུག་ཏུ་༸གོང་ས་མཆོག་གིས། ཐེངས་འདིར་སོག་ཡུལ་དུ་སླེབས་ཐུབ་པར་སོག་པོའི་སྲིད་འཛིན་མཆོག་གིས་དམིགས་བསལ་ཐུགས་འཁུར་འགན་བཞེས་གནང་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྲིད་འཛིན་མཆོག་ནི་སོག་པོའི་རྒྱལ་ཁབ་དང་མི་རིགས་ཀྱི་མཚན་མཐོང་དང་། ལར་ཞེན། ལངས་ཕྱོགས་སོགས་བརྟན་པོ་སྲུང་བའི་སྙིང་སྟོབས་ཅན་གྱི་སྐྱེས་བུ་ཞིག་རེད་ཅེས་གདེང་འཇོག་ཆེན་པོ་གནང་། དེ་ནས་དྲི་བ་དྲིས་ལན་གྱི་དུས་ཚོད་བཏོན་ན་ཡང་། མང་ཆེ་བས་དྲི་བ་མི་བྱེད་པར་༸གོང་ས་མཆོག་ལ་སྔགས་བརྗོད་ཀྱི་སྙན་ཚིག་སྐྱོར་བ་དང་། སྐུ་པར་སྒྲོན་ཆོག་པའི་རེ་བ་ཞུ་བ། དཔེ་དེབ་དང་མཇལ་དར་མེ་ཏོག་སོགས་ཕུལ་བས་དུས་འདའ་ཞིང་། ཉིན་གུང་ཆུ་ཚོད་༡:༣༠་ཐོག་ཚོགས་འདུ་ལེགས་པར་གྲུབ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སོག་ཡུལ་གྱི་ཉིན་བཞིའི་རིང་གི་བྱམས་བརྩེ་དང་ཤེས་རབ་ཀྱི་འགྲུལ་བཞུད་འདི། དེ་རིང་ཡོངས་སུ་མཇུག་སྒྲིལ་གྱི་ཡོད་སྟབས། ཁོང་གིས་ཐུགས་བརྩེ་བའི་ངང་། ཁྱེད་ཅག་སོག་པོ་ཚོ་ལྷག་བསམ་དད་དམ་གཡོ་བ་མེད་པ་ཡིན་པས། ངོས་རང་མ་འོངས་པར་སླར་ཡང་སོག་ཡུལ་དུ་ཡོང་ཐུབ་རྒྱུའི་རེ་བ་དང་སྨོན་ལམ་བྱེད་བཞིན་ཡོད་ཅེས་གསུངས་སྐབས། མི་ཚང་མ་ཡར་ལངས་ནས་དགའ་བསུའི་ཐལ་མོ་ཤུགས་ཆེ་བརྡབས་པ་དང་། འགའ་ཞིག་ལག་གིས་མཇལ་དར་གནམ་ལ་བཏེགསཤིང་། མིག་ནས་དགའ་དད་ཀྱི་འཆི་མ་འཐོར། ༸གོང་ས་མཆོག་ཡར་བཞེངས་ཏེ་གོམ་སྟབས་དལ་མོའི་ངང་སྡིངས་ཆའི་གཡས་གཡོན་གཉིས་སུ་ཕེབས་ཏེ་མི་མང་ལ་ཕྱག་གཡུག་པ་དང་། ཕྱག་གཉིས་ཐལ་མོ་སྦྱར་ཏེ་དབུ་སྒུར་སྒུར་གནང་སྐབས།
“གཟན་ཤམ་དམར་སྨུག་མནབས་པའི་དགེ་སློང་ཞིག
དུས་རབས་ཤིག་གི་སྐྱོ་སྡུག་གི་རླུང་འཚུབ་བརྒལ་ཞིང་།
དུས་རབས་གཞན་ཞིག་གི་རྙོག་འཛིང་གི་གཙང་པོ་གཤེགས་པའི་འཇུག་ངོགས་སུ།
ཕྱག་གཉིས་ཐལ་མོ་སྦྱར་ཞིང་།
ལུས་ཀུག་ཀུག མགོ་སྒུར་སྒུར། ཞལ་འཛུམ་འཛུམ་བྱས་ཏེ།
འཛམ་གླིང་གི་ཡུལ་གྲུ་གང་སར་སྙེག
འདི་ནི་རང་དོན་མ་ཡིན་ལ།
བོད་ཀྱི་དོན་དང་། ནང་ཆོས་ཀྱི་དོན་དང་།
གཉའ་གནོན་དང་མནར་གཅོད་འོག་ཏུ་གནས་པའི་གཉོམ་ཆུང་ཚོའི་དོན་དང་།
མདོར་ན། འཛམ་གླིང་གི་ཞི་བདེ་དང་། འཇིག་རྟེན་གྱི་ཕན་བདེའི་དོན་ཁོ་ནའོ།།” ཞེས། དེ་སྔ་ཀློག་མྱོང་བའི་རྒྱ་ཡིག་གི་སྙན་རྩོམ་ཞིག་ཏུ་དེ་ལྟར་བྲིས་ཡོད་པར་ཡིད་ལ་ལྷང་ངེར་དྲན།
དེ་རིང་ཕྱི་དྲོ་མགྲོན་ཁང་དུ་སྐུ་སྲུང་ཉེན་རྟོག་མི་སྣ་ ༢༠༠ ཙམ་དང་ཁོ་ཚོའི་ནང་མི་ལ་མཇལ་ཁ་སྩལ་བ་དང་། ཚོ་ཁག་སོ་སོར་བགོས་ཏེ་སྐུ་པར་སྒྲོན་ནས་ཡིད་ཚིམས་པར་བྱས། དེ་ནས་སོག་ཡུལ་དུ་གནས་སྡོད་བོད་ཀྱི་བླ་སྤྲུལ་དགེ་བཤེས་དང་། མི་སྐྱ་ཉུང་ཤས་བཅས་མི་གྲངས་བཞི་བཅུ་ཙམ་ལ་མཇལ་ཁ་དང་བཀའ་སློབ་ཐུང་ཙམ་གནང་བར། ཁྱེད་ཅག་གིས་སོག་ཡུལ་དུ་མིག་དཔེ་བཟང་པོ་ཞིག་འཇོག་དགོས། ཆོས་དད་ཆེ་བའི་སོག་རིགས་རྣམས་ལ་ཆོ་ག་ཕྱག་ལེན་ལྟ་བུ་བསླབ་རྒྱུ་གཙོ་འདོན་མི་བྱེད་པར། ནང་ཆོས་ཀྱི་ལྟ་གྲུབ་སྐོར་ངོ་སྤྲོད་དང་ཟབ་ཁྲིད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་། དེ་བཞིན་བསྟན་པ་སྤྱི་བཙན་ལ་བསམ་བློ་བཏང་ནས་ཆོས་རྒྱུད་ཁག་ནང་ཕན་ཚུན་མཐུན་ལམ་བྱེད་དགོས་པ་༸མགོན་པོ་མཆོག་རང་ཉིད་དཔེར་དྲངས་ཏེ། རང་ཉིད་ལ་ཆོས་ཞུས་མྱོང་བའི་བླ་མ་ ༢༣ ཡོད་པ་དང་། གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་དེ་དག་ལས། ལྟ་གྲུབ་དང་ཉམས་ལེན་གྱི་གནད་འགག་སྦྱང་ནས་ཕན་ཐོགས་ཆེན་པོ་བྱུང་ཞེས་བླང་དོར་གྱི་བཀའ་སློབ་ལམ་སྟོན་ལྷུག་པོ་སྩལ་ཏེ་དེ་རིང་གི་མཛད་རིམ་ཡོངས་སུ་མཇུག་བསྒྲིལ།
ཚེས་༢༣། རེས་གཟའ་ལྷག་པ།
རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་འདྲེ་ལག་བསྐྱངས་ཏེ་བཀག་འགོག་དང་། སོག་པོ་གཞུང་གིས་གཞན་བརྟེན་བསྟུན་མཁས་ཀྱི་ཐབས་ལམ་སྣ་ཚོགས་བྱས་ཀྱང་། སོག་པོའི་སྲིད་འཛིན་སོགས་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སོག་ཡུལ་དུ་ཉིན་མ་བཞིའི་མཛད་རིམ་ཁག་ལེགས་གྲུབ་ཟིན་ཏེ། དེ་རིང་ཉི་ཧོང་དུ་ཕེབས་རྒྱུ་ཡིན་མོད། སོག་ཡུལ་གྱི་གདན་ཞུས་གྲ་སྒྲིག་ཚོགས་ཆུང་གིས་རེ་ཞུས་བཞིན། མགྲོན་ཁང་ནས་ཆིབས་ཐོན་མ་གནང་གོང་། གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་རྒྱུ་ཞལ་བཞེས་ཐོབ།
ཞོགས་ཀ་ཆུ་ཚོད་༧: ༣༠ཐོག་མགྲོན་ཁང་གི་མཇལ་འཕྲད་ཁང་ཞིག་ཏུ་སོག་པོའི་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ ༥༠ ཙམ་དང་ཐུག་འབྲེལ་གནང་ཞིང་། ༸གོང་ས་མཆོག་ནས་ད་ཐེངས་སོག་ཡུལ་གྱི་ནང་པའི་དགོན་པ་དགའ་ལྡན་ཐེག་ཆེན་གླིང་དང་། ནང་པའི་ཆོས་ཚོགས་གཞན་ཁག་ཐུན་མོང་གིས་གདན་འདྲེན་བྱས་པ་ལྟར་འདིར་སླེབས་པ་རེད། ངོས་རང་ས་ཆ་གང་ལ་ཕྱིན་ཀྱང་གཙོ་བོ་ལས་འགན་གསུམ་གྱི་ཐོག་འབད་བརྩོན་གནང་གི་ཡོད་ཅེས། རང་ཉིད་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་རྒྱུད་ཀྱི་བྱམས་བརྩེ་གོང་མཐོར་གཏོང་རྒྱུ་དང་། ནང་པའི་ཆོས་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་མཐུན་འབྲེལ་ཡོང་ཐབས། བོད་མི་ཞིག་ཡིན་པ་དང་ལྷག་པར་ཏཱ་ལའི་བླ་མའི་མིང་ཡོད་པས། བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་སྲུང་སྐྱོང་ཡོང་ཐབས་བཅས་ལ་འབད་ཀྱི་ཡོད་སྐོར་གསུངས་ཤིང་། བོད་དང་སོག་པོ་གཉིས་བར་ལོ་སྟོང་ཕྲག་གི་འབྲེལ་བ་ཡོད་པ་དང་། ནང་ཆོས་དར་ནས་འབྲེལ་བ་དེ་ཇེ་ཟབ་ཏུ་ཕྱིན་ཡོད་ལ། བོད་སོག་གཉིས་ཕྲུ་གུ་མཚེ་མ་ལྟ་བུ་ཡིན་ཞེས་བཤད་ཆོག་ཅིང་། ང་ཚོའི་ལུས་ཀྱི་དཔྱི་ཟུར་ན་ཤ་རྟགས་གཅིག་མཚུངས་ཡོད་པ་རེད་ཅེས་དང་། ད་ལྟ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་བོད་ཀྱི་གདན་ས་གསུམ་ན་སོག་པོའི་སློབ་གཉེར་བ་བརྒྱ་ཕྱག་ཁ་ཤས་ཀྱིས་སློབ་སྦྱོང་བྱེད་བཞིན་ཡོད་པས། འབྱུང་འགྱུར་ལོ་ ༡༥།༢༠ ནང་དགེ་བཤེས་ཐོན་རྒྱུ་དང་། དེ་དག་གིས་སོག་ཡུལ་གྱི་ནང་ཆོས་དར་རྒྱས་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད་ཅེས་བཀའ་གནང་།
དེ་ནས་ཁལ་ཁ་རྗེ་བཙུན་དམ་བའི་ཡང་སྲིད་སྐོར་ལ་༸གོང་ས་མཆོག་ནས་གསུངས་དོན། ཕྱི་ལོ་ ༢༠༡༡ ལོར་ངོས་རང་སོག་ཡུལ་དུ་སླེབས་སྐབས། རྗེ་བཙུན་དམ་པ་མཆོག་ནས་ཁོང་ག་དུས་གཤེགས་དགོས་མིན་དང་། ས་ཆ་གང་དུ་གཤེགས་ན་ལེགས་པའི་སྐོར་ང་ལ་དྲིས་བྱུང། ངོས་ནས་ལོ་སར་ནས་གཤེགས་རྒྱུ་དང་། གཤེགས་ཡུལ་སོག་ཡུལ་རང་ནས་གཤེགས་ན་ལེགས་པའི་དགོངས་ཚུལ་བཏོན་པ་དེ་དེ་བཞིན་གནང་སོང་བ་ནི་ཡ་མཚན་པོ་བྱུང་ཞེས་དང་། རྗེ་བཙུན་དམ་པ་སྐུ་ཕྲེང་རིམ་བྱོན་དང་༸རྒྱལ་དབང་དབར་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ངེད་གཉིས་སྒེར་ངོས་ནས་འབྲེལ་བ་དམིགས་བསལ་ཡོད་པས། ཡང་སྲིད་འཚོལ་རྒྱུ་ངོས་ལ་དམིགས་བསལ་གྱི་འགན་འཁྲི་ཡོད། ད་ལྟ་གང་གི་ཡང་སྲིད་སོག་ཡུལ་དུ་འཁྲུངས་ཟིན་པའི་རྟགས་མཚན་གསལ་པོ་ཡོད་ཀྱང་། ད་ལྟ་སྐུ་ན་ཧ་ཅང་ཕྲ་བས་ཡོངས་ཁྱབ་གསལ་བསྒྲགས་གནང་རྒྱུའི་དུས་ལ་བབ་མེད་ཅེས་བཀའ་གསལ་གནང་སོང་།
དེ་ནས་གསར་འགོད་པ་ཞིག་གིས་༸གོང་ས་མཆོག་སོག་ཡུལ་དུ་ཕེབས་རྒྱུར་རྒྱ་ནག་གཞུང་གིས་བཀག་འགོག་བྱས་པའི་སྐོར་ལ་དགོངས་ཚུལ་ཅི་ཡོད་དྲིས་པར། དེ་ནི་འཆར་ཅན་རེད། སོག་ཡུལ་ཙམ་མིན་པར་ངོས་རང་འཛམ་གླིང་ཡུལ་གྲུ་གང་ལ་བསྐྱོད་ཀྱང་རྒྱ་ནག་གི་སྐྱོན་བརྗོད་བྱེད་ཀྱི་ཡོད། དེ་བཞིན་ངོས་རང་ཉི་ཧོང་དང་སོག་ཡུལ་མ་གཏོགས་ནང་པའི་ཡུལ་ལུང་གཞན་ལ་འགྲོ་ཐུབ་ཀྱི་མེད། དེང་སྐབས་རྒྱ་ནག་ནང་ནང་པ་དུང་ཕྱུར་བཞི་ཙམ་ཡོད་པར་བཤད་ཅིང་། རྒྱ་ནག་གི་དད་ལྡན་རྣམས་དང་ཐུག་སྐབས། ཏཱ་ལའི་བླ་མ་རྒྱ་ནག་ལ་ཕེབས་རོགས་ཞེས་མིག་ཆུ་བཏོན་ཏེ་ཞུ་འབོད་བྱེད་ཀྱང་ང་ལ་རང་དབང་མེད། རྒྱ་གཞུང་གིས་དུས་ད་ལྟའང་ཏཱ་ལའི་བླ་མ་ཁ་བྲལ་རིང་ལུགས་པ་ཡིན་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་། དོན་དངོས་སུ་ཕྱི་ལོ་ ༡༩༧༤ ལོ་ནས་བཟུང་ང་ཚོས་བོད་རང་བཙན་རྩོད་ལེན་མི་བྱེད་པར། བོད་ལ་རང་སྐྱོང་ཆ་ཚང་ཞིག་ཡོང་ཐབས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ཐག་གཅོད་གཏན་འབེབས་བྱས་པ་དང་། སྲིད་ཇུས་དེ་ད་བར་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན་ཡོད་པ་ནི་འཛན་གླིང་ཡོངས་སུ་གསལ་བོ་ཡིན་ཞེས་བཀའ་ལན་གནང་། དེ་བཞིན་གསར་འགོད་པ་ཞིག་གིས་ཨ་རིའི་སྲིད་འཛིན་གསར་བའི་སྐོར་དྲིས་པར་ཡང་ལན་འདེབས་གནང་།
གསར་འགོད་ལྷན་ཚོགས་གྲུབ་མཚམས། ༸གོང་ས་མཆོག་སྐུ་འཁོར་བཅས་ཇེན་ཀེ་སི་ཁཱན་རྒྱལ་སྤྱིའི་གནམ་ཐང་དུ་ཤར་སྐྱོད་གནང་ཞིང་། དེ་ནས་སོག་པོའི་གནམ་གྲུ་བརྒྱུད་ཉི་ཧོང་གི་རྒྱལ་ས་ཊོག་ཁྱོའི་ཕྱོགས་སུ་བདེ་བླག་ཏུ་ཕེབས་སོ།།
༸གོང་ས་མཆོག་ཆེན་པོ་ཧོར་གྱི་ཡུལ་དུ་གདན་ཞུས་གནང་སྟེ་ཕེབས་ཐེངས་བརྒྱད་པ་འདི་ལའང་། རྒྱ་ནག་གཞུང་གིས་ཐོག་མར་ཆིབས་བསྒྱུར་འགོག་ཐབས་དང་། བར་དུ་མཛད་རིམ་ཁག་ལ་མི་མང་མཉམ་ཞུགས་མི་བྱེད་ཐབས། མཐའ་མར་མཛད་འཕྲིན་གྱི་ཤུགས་རྐྱེན་གཅོག་ཐབས་སོགས། གཡོ་བྱུས་ངན་པ་དངོས་ཤུགས་རྒྱུད་གསུམ་ནས་ཐབས་བརྒྱ་ཇུས་སྟོང་གིས་སྤེལ་ཡོད་ན་ཡང་། དད་དམ་གཙང་ཞིང་ལྷག་བསམ་སྙིང་སྟོབས་ལྡན་པའི་སོག་པོའི་མི་མང་གི་ཆོད་སེམས་འགྱུར་མེད་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོའི་གསང་གསུམ་འཕྲིན་ལས་ཀྱི་གཟི་དཔལ་མཐའ་ཡས་པ་དེ་དག རྒྱ་གཞུང་གི་སྡིག་ལག་སྤར་མོས་འགེབས་ཐབས་བྲལ་པས་དམར་པོའི་སྲིད་གཞུང་ཁ་སྐྱེངས་པར་གྱུར་ཅིང་། དེ་བཞིན་༸གོང་ས་༸རྒྱལ་བའི་དབང་པོའི་ཞབས་ཟུང་པདྨའི་རེ་ཁ་སླར་ཡང་ཆེན་པོ་ཧོར་གྱི་ཡུལ་དུ་བཀོད་དེ། ཞལ་རས་ཟླ་ཚེས་གསལ་བའི་འཛུམ་མདངས་འོད་སྣང་དཀར་པོ་དང། ཟབ་རྒྱས་གསུང་གི་སྙིང་བཅུད་འཆི་མེད་བདུད་རྩིའི་ཟེགས་མ་ཡིས། རྒྱ་ཆེའི་སོག་པོ་མི་མང་གི་དགའ། དད། བཀུར་གསུམ་གྱི་དྭངས་གཙང་པདྨའི་འདབ་བརྒྱ་མངོན་པར་བཞད་ཡོད་དོོ།།
(ཆིབས་ཞབས་སུ་སྐུ་བཅར་དྲུང་ཆེའི་མིང་ཙམ་འཛིན་པ་རྔ་བ་ཚེ་རྒྱམ་གྱིས་རགས་ཟིན་དུ་བཀོད།)