༄༅།།སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་སླར་ཡང་ཞབས་སོར་འཁོད་སྐབས་ཀྱི་ཟིན་ཐོ་རགས་བསྡུས། (དང་པོ།)
༢༠༡༦།༡༡།༡༨~༢༢
ཚེས་༡༨། རེས་གཟའ་པ་སངས།
དེ་ཡང་ཆེན་པོ་ཧོར་ཡུལ་གྱི་གཞུང་དགོན་དགའ་ལྡན་ཐེག་ཆེན་གླིང་དང་། སོག་ཡུལ་གྱི་དགོན་སྡེ་ཁག་གི་བླ་སྤྲུལ་དགེ་འདུན་དང་ལྷ་སྡེ་མི་སྡེ་ཐུན་མོང་གིས་ཡུན་རིང་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྟོན་འཁོར་བཅས་འདི་ཟླའི་ཚེས་ ༡༨ ཉིན་གྱི་སྔ་དྲོ་ཉི་ཧོང་གི་རྒྱལ་ས་ཌོག་ཁྱོ་ནས་ཕེབས་ཐོན་གནང་ཞིང་། གནམ་ཐོག་ཆུ་ཆོད་ལྔ་ལྷག་འཕུར་མཚམས་སོག་ཡུལ་གྱི་ཕྱི་དྲོའི་ཆུ་ཚོད་ ༤།༡༥ ཐོག་རྒྱལ་ས་ཨུ་ལན་པ་ཐུར་དུ་བདེ་འབྱོར་བྱུང་། འཛམ་གླིང་གི་བྱེ་ཐང་ཆེ་ཤོས་ཨང་བཞི་པ་སྟེ། ཀོ་པིས་བྱེ་ཐང་ཆེན་མོའི་བྱང་ཕྱོགས་སུ་གནས་པའི་བྱང་སོག་གི་དགུན་ཟླ་ར་བའི་ནམ་ཟླ་ནི་གྲང་ངར་ཧ་ཅང་ཆེ་ལ། རི་ཀླུང་ཐམས་ཅད་གངས་དཀར་གྱིས་གཡོགས་པ་ནི་དར་དཀར་ཡུག་གཅིག་གིས་འཇིག་རྟེན་བརྒྱན་པ་དང་གཉིས་སུ་མེད། ཀུན་གསལ་བུ་མོས་པང་པ་ནས་ཁ་བའི་མེ་ཏོག་གི་འདབ་ལོ་འཐོར་བཞིན་པ་དེ། འགྲོ་བའི་མགོན་པོ་འཇིག་རྟེན་དབང་ཕྱུག་གང་ཉིད་ཆེན་པོ་ཧོར་གྱི་ཡུལ་དུ་ཕེབས་བསུ་ཞུ་བ་དང་ཀུན་ནས་མཚུངས།
དེ་ལྟར་ཇིན་གེ་སི་ཁན་གནམ་ཐང་དུ་ཞབས་སོར་བཀོད་པ་དང་། རྒྱ་གར་གཞུང་གི་སྐུ་ཚབ་དང་། སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོ་ཆོས་རྒྱ་མཚོ་། ༸གོང་ས་མཆོག་གི་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་སྤྲུལ་སྐུ་སོགས་ཕེབས་བསུར་བཅར་ཞིང་མཇལ་དར་ཕུལ། དགའ་ལྡན་དགོན་པའི་སེར་མོ་བ་རྣམས་ཀྱིས་གདུགས་དང་། རྒྱལ་མཚན། བ་དན་སོགས་འཕྱར་ཞིང་། དུང་དང་རྒྱ་གླིང་འབུད་པ་དང་། མེ་ལོང་དགུ་རྡུང་དཀྲོལ་ནས་སེར་སྦྲེངས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས། དེ་ནས་བཞུགས་ཡུལ་སོག་པོའི་སྲིད་འཛིན་དང་སྲིད་བློན། གྲོས་ཚོགས་ཀྱི་ཚོགས་གཙོ་གསུམ་གྱི་བཞུགས་ཤག་ཡོད་སའི་ལུང་གཞུང་བཙན་ས། ཕྱི་རྒྱལ་གྱི་གཞུང་འབྲེལ་སྐུ་མགྲོན་བཞུགས་ཡུལ་ Ikh Tenger ཞེས་པའི་མགྲོན་ཁང་དུ་གདན་དྲངས།
༸གོང་ས་མཆོག་ཕྱི་ལོ་ ༡༩༧༩ ལོར་སོག་ཡུལ་དུ་ཐེངས་དང་པོ་ཕེབས་པ་དང་། དགུ་བཅུ་གོ་གྲངས་ནང་སོག་ཡུལ་དུ་དུས་འཁོར་དབང་ཆེན་གནང་། ད་ཐེངས་ནི་སོག་ཡུལ་དུ་ཕེབས་ཐེངས་བརྒྱད་པ་ཡིན་ནོ།།
ཚེས་༡༩། རེས་གཟའ་སྤེན་པ།
དེ་རིང་ཞོགས་ཀ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་གྱི་དགོན་པ་ཆེ་ཤོས་དགའ་ལྡན་ཐེག་ཆེན་གླིང་དུ་གནས་གཟིགས་སུ་ཕེབས་ཤིང་། དེར་སྔ་མོའི་ཚོགས་ཆེན་འདུ་ཁང་གི་ཤུལ་དུ་ཡོད་པའི་ལྷ་ཁང་ཞིག་ཏུ་མཆོད་མཇལ་གནང་། དེ་ནས་དགའ་ལྡན་འདུས་མང་གིས་སྤུས་སྣེ་བཅས་ཚོགས་ཆེན་འདུ་ཁང་རྙིང་བར་གདན་དྲངས་ཏེ་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སོར་འཁོད། དགའ་ལྡན་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམ་ཞེས་གདངས་དབྱངས་མཐོན་པོ་འཐེན་པ་དང་མཉམ་དུ་དགའ་ལྡན་དགོན་པའི་བླ་མ་མཁན་པོས་མཎྜལ་རྟེན་གསུམ་ཕུལ། དེ་རྗེས་བླ་མ་མཆོད་པ་དབྱངས་སུ་འཐེན་ནས་ཚོགས་འདོན་བྱས་པ་ཐོས་དུས། སྔར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་དར་བ་དང་རྗེས་སུ་བོད་དང་འདྲ་མཚུངས་ཉམས་ཆག་བྱུང་མོད། འོན་ཀྱང་བོད་ལ་ཉམས་གསོ་བྱུང་བ་ནང་བཞིན་སོག་ཡུལ་ལ་མ་བྱུང་པར་ཡིད་སེམས་ཕངས་པའམ་སེམས་ལ་སྐྱོ་སྣང་ཞིག་ངང་གིས་སྐྱེས།
༸གོང་ས་མཆོག་ནས་འདུས་ཚོགས་སུ་བཀའ་སློབ་གནང་དོན་ལ། ངོས་རང་ཕྱི་ལོ་ ༡༩༧༩ ལོར་ཐེངས་དང་པོ་སོག་ཡུལ་དུ་སླེབས་པ་རེད། དེ་དུས་དགོན་པའི་ལྕགས་རིའི་ནང་ལ་མཛད་རིམ་ཅི་ཞིག་སྤེལ་ན་འཐུས་པའི་ཆོག་མཆན་ཡོད་ཟེར་མོད། ལྕགས་རིའི་ནང་ལ་རང་དབང་ཡོད་པ་ཙམ་ལས། ཕྱི་ལོག་ལ་རང་དབང་མེད་པས་ངོས་རང་ཅུང་ཙམ་མ་བདེ་བ་བྱུང་། ད་ནི་རང་དབང་ཆ་ཚང་ལྡན་པའི་ངང་ཚུལ་འདི་རེད། ཁྱེད་རང་ཚོས་འདོན་པ་བཏོན་པ་ཧ་ཅང་ཡག་པོ་རེད། འོན་ཀྱང་འདོན་པའི་ནང་དོན་ཤེས་དགོས་པ་གལ་ཆེ་ཞེས་སྔར་པཎ་ཆེན་ན་རོ་པའི་ལོ་རྒྱུས་དྲངས་ཏེ་ཚིག་དོན་གཉི་ཀ་རྟོགས་དགོས་པའི་གནད་འགག་སྐོར་བཀའ་སློབ་གནང་།
ཡང་༸གོང་ས་མཆོག་ནས། སྔ་མོར་ཆེན་པོ་ཧོར་གྱི་ཡུལ་ནི་བཤད་སྒྲུབ་ཟུང་གི་བསྟན་པ་ཧ་ཅང་དར་རྒྱས་བྱུང་བའི་ཡུལ་ལུང་ཞིག་རེད། བར་ལམ་དམར་ཤོག་གིས་དབང་བསྒྱུར་འོག་དཀའ་ངལ་འཕྲད་པ་རེད། ངོས་རང་ ༡༩༧༩ ལོར་ཨུ་ལན་པ་ཐུར་དུ་སླེབས་སྐབས། བླ་རྒན་ཁ་ཤས་ཀྱིས་འདོན་པ་བཏོན་དུས་ཁོ་ཚོས་དཀའ་ངལ་ཁྲོད་དུ་བསྟན་པ་མི་ཉམས་པར་དཀའ་ལས་བརྒྱབ་འདུག་སྙམ་པ་བྱུང་། ད་ཁྱེད་རང་ཚོས་དཔེ་ཆ་བལྟས་ནས་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེ་ཞེས་གསུངས་ཏེ། པཎ་གྲུབ་བཅུ་བདུན་གྱི་ཐང་ག་ཞིག་རྟེན་སྐལ་དུ་གནང་ཞིང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་ལྗགས་ལུང་གནང་། མཁན་པོ་ཁྱེད་རང་གིས་འགན་ཁུར་ནས་ད་ནས་བཟུང་ཚོགས་ལ་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་འདོན་དགོས་ཞེས་བཀའ་གནང་། དེ་ནས་དགེ་འདུན་དམངས་ནས་༼རྟེན་འབྲེལ་བསྟོད་པ་༽དབྱངས་རྟ་དང་བཅས་ཚོགས་འདོན་བྱས་པར། ༸གོང་ས་མཆོག་ནས་ལེགས་སོའི་བསྔགས་བརྗོད་གནང་། ཡང་རྩེད་མོ་དང་སྦྲགས་ཏེ་གསུང་དོན་ལ། ཁྱེད་ཅག་གི་རྒྱན་དྲུག་མཆོག་གཉིས་ཀྱི་ཐང་ག་རྣམས་འདུ་ཁང་གི་ཟུར་དུ་མི་མངོན་པའི་གནས་སུ་བཤམས་ཤིང་། ཕྱག་རྡོར་དང་འཇིགས་བྱེད་སོགས་མདུན་གྲལ་དུ་བཤམས་སྟངས་ལ་བལྟས་ན། རྒྱན་དྲུག་མཆོག་གཉིས་ཀྱིས་ང་ཚོའི་གཞུང་ལ་སློབ་སྦྱོང་ནི་བྱེད་ཀྱི་མི་འདུག ད་ལྷོད་ལྷོད་བྱས་ནས་ཟུར་དུ་སྡོད་ཀྱི་ཡིན་ཞེས་གསུང་གི་ཡོད་པ་འདྲ་ཞེས་བཞད་མོ་བཞད། འོན་ཀྱང་ཁྱེད་ཅག་གིས་རྟེན་འབྲེལ་བསྟོད་པ་ཚོགས་འདོན་བྱས་པར་བསྔགས་བརྗོད་ཡོད་ཅེས་བཀའ་གནང་།
ཉིན་གུང་དགའ་ལྡན་དགོན་པས་སོག་གུར་ཞིག་ཏུ་སོག་ལུགས་ཀྱི་གསོལ་སྟོན་བཤམས་ཏེ་༸གོང་ས་མཆོག་སྐུ་འཁོར་དང་བཅས་པར་གསོལ་སྟོན་ཕུན་སུམ་ཚོགས་པ་ཕུལ། དགའ་ལྡན་ཐེག་ཆེན་གླིང་དགོན་པ་ནི་ཁཱལ་ཁ་རྗེ་བཙུན་དམ་པ་སྐུ་འཕྲེང་ལྔ་བས་ཕྱི་ལོ་ ༡༨༠༥ ལོ་ཕྱག་བཏབ་མཛད་ཅིང་། དུས་རབས་ཉི་ཤུའི་མགོ་སྟོད་དུ་༸གོང་ས་སྐུ་འཕྲེང་བཅུ་གསུམ་པ་ཆེན་པོ་སོག་ཡུལ་དུ་ཕེབས་སྐབས་ཟླ་ཤས་རིང་དགའ་ལྡན་དགོན་དུ་བཞུགས་ཤིང་། ད་ལྟ་ཡང་སྐུ་གོང་མའི་དྲན་རྟེན་གཟིམ་ཁང་ཤིག་དགའ་ལྡན་དགོན་པ་ན་མཆིས།
ཉིན་གུང་གསོལ་ཚིགས་གྲུབ་མཚམས་ཁལ་ཁ་རྗེ་བཙུན་དམ་པ་སྐུ་འཕྲེང་དགུ་པའི་བླ་བྲང་དུ་འཁྱུག་ཙམ་ཕེབས་ཤིང་། བླ་བྲང་གི་ལས་སྣེ་ཞབས་འབྲང་རྗེས་ཤུལ་རྣམས་ལ་ནང་མོལ་གྱི་བཀའ་སློབ་གནང་།
དེ་ནས་དུས་འཁོར་ལྷ་ཁང་དང་སྤྱན་རས་གཟིགས་གྲྭ་ཚང་གི་འདུ་ཁང་གཉིས་ཀྱི་མདུན་ཐང་དུ་ཕེབས་སྐབས། དད་ལྡན་རྒན་གཞོན་སྟོང་ཕྲག་ལྷག་གིས་གནམ་གཤིས་གྲང་ངར་གྱི་ལྷགས་རླུང་ལ་ཅི་མི་སྙམ་པར། ལག་ཏུ་ཁ་དོག་སྣ་ཚོགས་ཀྱི་ཁ་བཏགས་བསྣམས་ནས་༸གོང་ས་མཆོག་ཕེབས་སྒུག་བྱེད་བཞིན་པར་འཚམས་འདྲི་དང་བཀའ་སློབ་ཐུང་ཙམ་གནང་། ཁྱེད་རང་ཚོ་སོག་པོ་སྐྱ་སེར་མི་མང་ཚང་མ་ལ། ང་ཚོ་མི་ལོ་བརྒྱ་ཕྲག་མང་པོའི་རིང་ལ་དམིགས་བསལ་འབྲེལ་བ་དང་མཛའ་བརྩེ་ལྡན་ལ། ཕན་ཚུན་སྙིང་ཉེ་བའི་བསམ་པ་ཡོད་པ་དང་། ཆོས་ཕྱོགས་ནས་བཤད་ན་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། ཐུགས་རྗེ་ཆེ། འཚམས་འདྲི་ཡོད་ཅེས་དང་། འཛམ་གླིང་ལ་དངོས་པོ་ཡར་རྒྱས་འགྲོ་བཞིན་ཡོད། ཕྱི་དངོས་པོའི་ཡར་རྒྱས་ཀྱིས་ལུས་ཀྱི་བདེ་སྐྱིད་ལས། སེམས་ཀྱི་བདེ་སྐྱིད་བསྐྲུན་མི་ཐུབ་ལ། མི་ཞིག་ལ་མཚོན་ན་སེམས་ཀྱི་བདེ་བ་དེ་ཧ་ཅང་གལ་ཆེན་པོ་རེད། ཚན་རིག་པ་རྣམས་ཀྱིས་ཀྱང་སེམས་ཀྱི་ཞི་བདེ་གལ་ཆེན་ཡིན་པ་བཤད་ཅིང་། བོད་དང་སོག་པོ་གཉིས་ནི་དཔལ་ནཱ་ལེཎྜའི་ཆོས་བརྒྱུད་འཛིན་པ་གཅིག་མཚུངས་ཡིན་ལ། དེ་འཛམ་གླིང་ལ་ཕན་ཐོགས་ཡོད་པ་ཞིག་དང་། དེ་ལ་ང་ཚོས་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་རེད། ཁྱེད་ཚོ་སྐྱ་སེར་དབྱེ་བ་མེད་པར་ནང་ཆོས་ལ་སློབ་སྦྱོང་བྱེད་རོགས་ཞེས་ངས་འབོད་སྐུལ་ཞུ་འདོད་བྱུང་ཞེས་བཀའ་སློབ་སྩལ།
དེ་ནས་སེར་བྱེས་ཡིད་དགའ་ཆོས་འཛིན་འདུ་ཁང་དུ་སོག་ཡུལ་གྱི་མངའ་སྡེ་ ༢༡ ནས་ཕེབས་པའི་དགེ་འདུན་པ་དང་། མང་ཚོགས་ཉུང་ཤས་བཅས་སེར་སྐྱ་སྟོང་ཕྲག་གཉིས་ལྷག་འཛོམས་སར་བཀའ་སློབ་གནང་དོན་ལ། ངས་རྒྱུན་དུ་ང་ཚོ་དུས་རབས་ ༢༡ པའི་ནང་པ་བྱེད་དགོས་ཞེས་བརྗོད་ཀྱི་ཡོད་། དེ་ནི་རིགས་པའི་རྗེས་འབྲང་གི་དད་པ་གཙོ་བོ་བྱེད་དགོས་པ་རེད། དེ་ལྟར་སློབ་སྦྱོང་བྱས་ཞིང་རྒྱུ་མཚན་ཤེས་པའི་ནང་པ་ཞིག་ཆགས་ན། ནང་ཆོས་འདི་ད་དུང་ལོ་བརྒྱ་ཕྲག་དུ་མར་གནས་ཐུབ་རྒྱུ་ཐག་བཅད་ནས་བཤད་ཐུབ། གལ་སྲིད་དད་པའི་རྗེས་འབྲང་ཁོ་ན་བྱས་ནས་སོང་ན། ནང་ཆོས་འདི་དུས་ཡུན་ཇི་ཙམ་གནས་ཐུབ་མིན་བརྗོད་དཀའ་ཅེས། སྐྱ་སེར་སུ་ཡིན་ཡང་ནང་ཆོས་ལ་དད་པ་ཙམ་མིན་པར། ནང་ཆོས་ཀྱི་ལྟ་གྲུབ་ལ་སློབ་སྦྱོང་བྱེད་དགོས་སྐོར་བཀའ་སློབ་ཟབ་རྒྱས་གནང་།
དྲི་བ་དྲིས་ལན་གནང་སྐབས་དགེ་འདུན་པ་ཞིག་ནས། ཁོ་རང་སྨན་པ་ཞིག་ཡིན། དགེ་སློང་བསྒྲུབས་ནས་ལོ་ཉི་ཤུ་ལྷག་ཕྱིན་སོང་། འོན་ཀྱང་མཚམས་མཚམས་སུ་སེམས་ཅན་ལ་ཚོད་ལྟ་ལྟ་བུ་མ་བྱས་ཐབས་མེད་ཀྱིས། སེམས་ཅན་གྱི་སྲོག་ལ་ཉེན་ཁ་བཟོས་པས་སྲོག་གཅོད་ཀྱི་ཕམ་པ་བྱུང་བའི་དཀའ་ངལ་ལ་ཅི་བྱ་དགོས་ལམ་སྟོན་གནང་རོགས་ཞུས་པར། དགེ་སློང་གི་སྡོམ་པ་ཉིས་བརྒྱ་རྩ་གསུམ་ཡོད་པ་དང་།དེའི་ནང་ནས་ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་སོགས་གཙོ་བོ་རེད། སེམས་ཅན་ལ་ཚོད་ལྟ་བྱེད་པ་དེ་གཙོ་བོ་སེམས་ཅན་སྤྱི་ལ་ཕན་པའི་ཆེད་རེད། དེའི་ཕྱིར་ཀུན་སློང་ལ་རག་ལས་པས་ཀུན་སློང་གཙོ་བོ་ཆགས་ཡོད། ཅེས་བཀའ་གནང་།
ཚེས་༢༠། རེས་གཟའ་ཉི་མ།
དེ་རིང་ཞོགས་ཀ་སོག་ཡུལ་དུ་བཅའ་སྡོད་རྒྱ་གར་གཞུང་ཚབ་ཆེན་མོ་འབུམ་རམ་པ་སུའུ་རེ་ཞི་བྷ་བུ་(Dr. Suresh Babu) མཆོག་༸གོང་ས་མཆོག་ལ་འཚམས་ཞུས་སུ་བཅར་ཞིང་། ཕྱི་ཉིན་ཉིན་གུང་གི་གསོལ་ཚིགས་སུ་གདན་ཞུས་ཕུལ་བར་ཞལ་བཞེས་གནང་། དེ་ནས་༸གོང་ས་མཆོག་སྟོན་འཁོར་བཅས་གསོལ་མགྲོན་ཁང་ནས་ཨུ་ལན་པ་ཐུར་གྱི་ལུས་རྩལ་ཁང་ཆེ་ཤོས་སུ་ཕེབས། དེ་རིང་གི་གནམ་གཤིས་ཁ་སང་ལས་གྲང་ཞིང་། གྲང་ཚད་ཀོར་ཐིག་འོག་གི་ ༣༨ རེད་ཟེར། འཁྱགས་རླུང་ཤ་རུས་ཀྱི་གསེང་ལ་ཟུག་པའི་ཚོར་སྣང་བྱུང་ན་ཡང་། འདས་པའི་ལོ་བཅུ་གྲངས་ནང་སོག་ཡུལ་ཀྱང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་ལྟར། ཁང་ཁྱིམ་ནང་དུ་ཚ་གློག་གི་མཐུན་རྐྱེན་འཛོམས་ཡོད་པས། ནང་ལོག་ནས་ཕྱི་ལོག་གི་གྲང་ངར་ཚོར་མི་ཐུབ། ཚོགས་ཁང་དུ་སོག་པོ་དད་ལྡན་རྣམས་ཀྱི་ལག་ཏུ་ཚོན་མདོག་འདྲ་མིན་གྱི་ཁ་བཏགས་བསྣམས་ཏེ་དད་གུས་ཆེན་པོས་ཕེབས་བསུ་ཞུས་ཤིང་། མི་གྲངས་སྟོང་ཕྲག་བདུན་བརྒྱད་ལྷག་གིས་ཚོགས་ཁང་ཡོངས་སུ་ཁེངས། དེའི་ཁྲོད་ཐག་རིང་ཨུ་རུ་སིའི་མངའ་ཁོངས་ཀྱི་སོག་པོ་ཁལ་མུག་པ་དང་། བྷུ་རུ་ཡ་ཐེ་སོགས་ནས་ཡོང་མཁན་ཡང་མི་ཉུང་ཞིག་ཡོད་པར་བཤད།
དེང་རབས་ཁྱད་ཆོས་ལྡན་པའི་ཚོགས་ཁང་འདི་རྒྱ་ནག་གཞུང་གིས་འགྲོ་སོང་རོགས་སྐྱོར་འོག་འཛུགས་བསྐྲུན་བྱས་པ་ཞིག་ཡིན་ལ། ཕྱི་ལོ་ ༢༠༡༡ ལོར་༸གོང་ས་མཆོག་སོག་ཡུལ་དུ་ཕེབས་སྐབས། ཚོགས་ཁང་འདི་ལེགས་གྲུབ་བྱུང་ནས་བདུན་ཕྲག་ཁ་ཤས་ལས་སོང་མེད་ལ། དེར་༸གོང་ས་མཆོག་གིས་གསུང་ཆོས་གོ་སྒྲིག་ཞུས་པར་རྒྱ་གཞུང་གིས་ཐབས་ལམ་འདྲ་མིན་གྱིས་བཀག་འགོག་བྱས་ན་ཡང་། སོག་པོ་རྣམས་དད་དམ་གཡོ་མེད་དང་། ཚོགས་ཁང་ལ་བྱིན་རླབས་འབྱུང་རྒྱུའི་དགའ་ཚོར་གྱིས་རྒྱ་གཞུང་གིས་སྡུག་སྐད་ལ་ཅི་མི་སྙམ་པར་གསུང་ཆོས་ཉིན་གཉིས་རིང་ལེགས་པར་གོ་སྒྲིག་ཞུས།
༸གོང་ས་མཆོག་ཚོགས་ཁང་དབུས་ཀྱི་སྡིངས་ཆའི་བཞུགས་ཁྲིར་༸ཞབས་སོར་འཁོད་པ་དང་གསུང་ཆོས་དབུ་འཛུགས་གནང་། དེ་རིང་ཡང་བསྐྱར་སོག་ཡུལ་དུ་སླེབས་པ་རེད། དེ་རིང་འདི་ནས་ཆོས་འབྲེལ་བྱ་རྒྱུ་ཡིན་ལ། ངས་ཆོས་འབྲེལ་བྱེད་པ་དེ་བྱིན་རླབས་གནང་བ་ལྟ་བུ་མ་ཡིན་པར་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་རྩིས་ཀྱི་ཡོད་ཅེས་གསུངས་ཏེ། སྔ་དྲོའི་ཆོས་ཐུན་༼རིགས་གསུམ་སྤྱི་སྒྲུབ་༽ཀྱི་རྗེས་གནང་དབུ་མ་བཙུགས་གོང་སྔོན་འགྲོའི་ནང་ཆོས་ངོ་སྤྲོད་གནང་ཞིང་། འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་དང་། ཆོས་ལུགས་ཚང་མས་བྱམས་བརྩེ་དང་། བཟོད་སྒོམ། བག་ཡོད་སོགས་ཐུན་མོང་གི་བསླབ་བྱ་སྤེལ་གྱི་ཡོད་པ་གཅིག་མཚུངས་ཡིན་མོད། འོན་ཀྱང་སྟོན་པ་རང་ཉིད་ཀྱིས་དགེ་སློང་དག་གམ་མཁས་རྣམས་ཀྱིས། །སྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་རང་གི་བཀའ་ལ་བརྟག་དཔྱད་བྱེད་པའི་ཐོག་ནས་ཁས་ལེན་དགོས་པ་ལས། དད་པ་ཙམ་གྱི་རྗེས་སུ་འབྲངས་དགོས་མེད་པར་གསུངས་མཁན་སྟོན་པ་ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་མ་གཏོགས་མེད་ལ། དེ་ནི་ཚན་རིག་དང་མཐུན་པའི་དགོངས་པ་ཞིག་ཡིན་པ་དང་། དེ་བཞིན་ནང་པའི་སེམས་ཁམས་རིག་པ་དང་། རྟེན་འབྱུང་གི་ལྟ་བ་སོགས་ལ་དེང་དུས་ཚན་རིག་པས་ཀྱང་ངོས་ལེན་བྱེད་དགོས་པ་ཞིག་ཆགས་ཡོད་བཅས། ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་།
ཕྱི་དྲོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་༼རྟེན་འབྲེལ་བསྟོད་པ་༽དང་༼ལམ་གཙོ་རྣམ་གསུམ་༽གྱི་བཤད་ལུང་གནང་ཞིང་། གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།།སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།།དེའི་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།།ཅེས་པའི་ཚིགས་རྐང་མཐའ་མར་སྟོང་ཉིད་རྟོགས་པ་དང་། བདག་མེད་རྟོགས་པ་ཞེས་མ་བརྗོད་པར། རྟེན་འབྲེལ་རྟོགས་པ་ཞེས་བྲིས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་གནད་འགག་སྐོར་ཞིབ་རྒྱས་འགྲེལ་བརྗོད་གནང་སྟེ་ཉིན་གཅིག་གི་གསུང་ཆོས་ལེགས་པར་གྲུབ།
དེ་རིང་གི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྔ་ཕྱི་དྲོའི་གསུང་ཆོས་ཆ་ཚང་སོག་ཡུལ་ནང་གི་བརྙན་འཕྲིན་ཨང་གྲངས་དགུ་པ་སྟེ། ནང་པའི་བརྙན་འཕྲིན་ཐོག་ཐོག་ཐད་གཏོང་བྱས་ཡོད་པ་དང་། དེ་བཞིན་ངོ་དེབ་ཀྱི་ཐོག་ཏུ་ཡང་ཐད་གཏོང་བྱས་པར་ལྟ་མཁན་མི་གྲངས་ཁྲི་ཁ་ཤས་བྱུང་ཡོད་དོ།།
(ཆིབས་ཞབས་སུ་སྐུ་བཅར་དྲུང་ཆེའི་མིང་འཛིན་པ་རྔ་བ་ཚེ་རྒྱམ་གྱིས་རགས་ཟིན་དུ་བཀོད།)