༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་དང་། རྒྱ་གར་དབུས་གྲོས་ཚོགས་གོང་འོག་གི་འཐུས་མི་རྩོམ་པ་པོ་སྐུ་ཞབས་ཤཱན་ཏ་ཀུ་མར་(Shanta Kumar)ལགས་ཀྱིས་བརྩམས་པའི་ <<ཧི་མ་ལ་ཡའི་སྟེང་དུ་གྲིབ་མ་དམར་པོ་>>Red Shadow over Himalaya དང་། ཁོང་གི་སྐུ་ཟླ་སན་ཏོ་ཤི་ཤེལ་ཇ་ Smt. Santosh Shailja ལས་ཀྱིས་བརྩམས་པའི་<<གལ་ཏེ་སྟོན་ཀ་ཤར་ཚེ་>> If Autumn Comes ཞེས་པ་དང་། གཞན་ཡང་སྐུ་ཞབས་ཧེམ་རཱ་ཇ་ཀོ་ཤིག་ཁུ་ Hemraj Kaushik མཆོག་གིས་སྐུ་ཞབས་ཤཱནྟ་ཀུ་མཱར་མཆོག་ལ་ཆེ་བསྟོད་ཀྱི་དཔེ་དེབ་གཅིག་བཅས་ཁྱོན་དཔེ་དེབ་གསུམ་དབུ་འབྱེད་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་ཡོད་པ་རེད།
དེ་ཡང་ཞོགས་པ་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ་༸གོང་ས་མཆོག་བཞུགས་སྒར་གཟིམ་ཆུང་ནས་ཆིབས་བསྒྱུར་གྱིས་ཕོ་བྲང་སྒོ་ཆེན་དུ་སྐུ་ཞབས་ཤཱན་ཏ་ཀུ་མར་ Shanta Kumar ལགས་ཀྱི་ནང་མི་ལྷན་རྒྱས་ལ་མཇལ་ཁ་སྩལ་བ་དང་། དེ་ནས་གཙུག་ལག་ཁང་གི་ཆོས་རར་༸ཞབས་སོར་འཁོད་དེ་<<ཧི་མ་ལ་ཡའི་སྟེང་དུ་གྲིབ་མ་དམར་པོ་>>སོགས་དཔེ་དེབ་གསུམ་དབུ་འབྱེད་མཛད་པ་དང་། དེ་རྗེས་རྩོམ་པ་པོ་སྐུ་ཞབས་ཤཱན་ཏ་ཀུ་མར་Shanta Kumarལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཞི་བདེའི་དེད་དཔོན་གནང་སྟེ་ཆེ་བསྟོད་གཟེངས་རྟགས་བརྒྱ་དང་ལྔ་བཅུ་ལྷག་འབུལ་བཞེས་གནང་ཡོད་པ་དང་། འཛམ་གླིང་ནང་བྱམས་སྙིང་རྗེའི་འགྲོ་དོན་བསྐྱངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཕེབས་པ་ལས་ཀྱང་ལྷག་པ། དེ་བཞིན་མ་འོངས་པར་བོད་གཞིས་བྱེས་མཉམ་འཛོམས་ཀྱིས་ཕོ་བྲང་པོ་ཏཱ་ལར་སླར་ཡང་ཞབས་སོར་འཁོད་པའི་སྨོན་འདུན་ཞུ། ཞེས་དང་། ཧི་མ་ལ་ཡའི་སྟེང་དུ་གྲིབ་མ་དམར་པོ་ཞེས་པའི་དཔེ་དེབ་ནི་ལོ་ལྔ་བཅུའི་གོང་ལ་གསར་རྩོམ་འགྲེམས་སྤེལ་གནང་བ་དང་། དེ་རིང་སླར་ཡང་པར་བསྐྲུན་བྱེད་དོན་ནི་དེ་སྔའི་རྒྱ་དཀར་ནག་དབར་གྱི་ཛ་དྲག་གི་ཉེན་ཁ་ལས་ཀྱང་དེང་སང་ཉེན་ཁ་ཆེ་རུ་ཕྱིན་ཡོད་པས་ཉེན་ཁ་དེ་དྲན་གསོ་གཏོང་ཆེན་ཡིན་ཞེས་སོགས་གསུང་བཤད་གནང་། གཞན་ཡང་། ཁོང་གིས་བརྩམས་པའི་དཔེ་དེབ་གསུམ་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་མཛད་སྒོ་སྤེལ་བ་ནི་ཁོང་དང་ཁོང་གི་ནང་མི་ཡོངས་ཀྱི་སྐལ་བ་བཟང་པོའི་ཉིན་ཞིག་ཡིན་ཞེས་སོགས་གསུང་བཤད་གྲུབ་མཚམས་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་གཅིག་དང་། དབྱངས་ཅན་མའི་སྐུ་བརྙན་གཅིག་ཕུལ་བ་དང་། དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་གནང་ཡོང་བའི་སྐྱབས་འཇུག་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ལོ་མང་པོར་ངོ་ཤེས་རྒྱུས་ཡོད་ཡིན་པའི་ཤཱན་ཏ་ཀུ་མར་དང་ལྕམ། དེ་བཞིན་འབྲེལ་ཡོད་ལས་ཀ་བྱེད་མཁན་དང་། འདིར་སྐུ་མགྲོན་མང་པོ་ཞིག་ཕེབས་འདུག ཁྱོད་རང་ཚོ་ཚང་མར་ཞུ་རྒྱུར། དེ་རིང་འདིར་དེབ་ཁག་གསུམ་ཞལ་འབྱེད་ཀྱི་མཛད་སྒོར་ཤོག་ཅེས་གསུངས་པ་རེད། ངོས་ལ་དེབ་དབུ་འབྱེད་ཀྱི་གོ་སྐབས་བྱུང་བ་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཐོག་མར་དཔེ་དེབ་དབུ་འབྱེད་ལྡི་ལིར་བྱེད་རྒྱུ་གཏན་འཁེལ་ཡོད་ཀྱང་ངོས་རང་ལ་མ་བདེ་བ་བྱུང་བ་ཡིན་ནམ་གང་ལྟར་འགྲོ་ཐུབ་ཡོད་པ་མ་རེད། དེ་རྗེས་ཁོང་གིས་འདིར་བྱེད་ཀྱི་ཡིན་ཞེས་དེ་རིང་དངོས་སུ་ཕེབས་ཏེ་མཛད་སྒོ་ཚུགས་པ་ལ་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དང་པོ་ངེད་གཉིས་ངོ་ཤེས་པའི་སྐབས་སུ་ངེད་གཉིས་ཀ་ལོ་གཞོན་པའི་སྐབས་རེད། དེ་ནས་ལོ་མང་པོ་ཞིག་ཕྱིན་པ་རེད། ཉིན་རེ་བཞིན་ལོ་རྒས་ནས་འགྲོ་བཞིན་པ་ཆོས་ཉིད་རེད། ཁྱོད་རང་གི་དེབ་སྟེང་གི་པར་དེ་ད་དུང་ད་ལྟའི་ཁྱོད་ཀྱི་གདོང་པ་དང་གཅིག་པ་རང་བསྡད་འདུག གང་ལྟར་མི་སྐྱེས་པའི་མཐའ་མ་འཆི་བ་ཆོས་ཉིད་རེད། རྒས་འགྲོ་བའང་ཆོས་ཉིད་རེད། གལ་ཆེ་ཤོས་ནི་སོ་སོ་གསོན་པའི་རིང་དུ་མི་ཚེའི་དོན་དང་ལྡན་པ་བྱེད་དགོས་པ་གལ་ཆེན་པོ་རེད། ཁྱོད་རང་ལ་(Shanta Kumar) མཚོན་ན་ཆབ་སྲིད་ཀྱི་ལས་འགན་མང་པོ་འཁྱེར་ནས་རིམ་པ་མང་པོར་ལས་ཀ་བྱས་ཏེ་དངོས་གནས་སྤྱི་སྨན་གྱི་དོན་དག་མང་པོ་ཞིག་སྒྲུབ་ཡོད་པ་རེད། དེ་དང་ཆབས་ཅིག་ལོ་རྒྱུས་ཀྱི་དེབ་འདི་འདྲ་ཞིག་བྲིས་པ་དང་། ཁྱེད་རང་གི་ལྕམ་ལགས་ཡིན་ནའང་དེ་བཞིན་དེབ་བྲིས་འདུག གང་ལྟར་དངོས་ཡོད་ཀྱི་ལོ་རྒྱུས་ལ་དངོས་སུ་ཉམས་མྱོང་གི་ཐོག་ནས་མཐོང་ཐོས་གང་བྱུང་བ་ཡིག་ཐོག་ལ་ཕབ་ནས་བྲིས་པ་ནི་ཧ་ཅང་གལ་ཆེན་པོ་རེད། ལོ་རྒྱུས་ནི་བསྡད་ཀྱི་ཡོད་པས་ལོ་རྒྱུས་དངོས་དེ་གསལ་པོ་དགོས་པ་རེད། ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་ལོ་རྒྱུས་འདྲ་མིན་ཡོང་བཞིན་ཡོད་པས་དངོས་ཡོད་གནས་ཚུལ་གང་བྱུང་བ་དེ་དག་ཡིག་ཐོག་ལ་བཀོད་ནས་ད་ལྟའི་ང་ཚོའི་མི་རབས་ཙམ་མ་ཡིན་པར་མི་རབས་རྗེས་མ་ཚོ་ཡིན་ནའང་བཤད་ཐུབ་རྒྱུ་ནི་གནད་འགག་ཧ་ཅང་ཆེན་པོ་རེད། དེར་བརྟེན་ཁྱོད་ཀྱིས་དེབ་འདི་འདྲ་ཞིག་བྲིས་གནང་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དུས་རབས་ཉི་ཤུ་པ་དེ་ཕལ་ཆེར་མིའི་ལོ་རྒྱུས་ནང་ཧ་ཅང་འཁྲུག་པོའི་དུས་རབས་ཤིག་རེད་འདུག འཕྲུལ་ཆས་དང་ཚན་རིག་ཡར་རྒྱས་སོང་བ་སོགས་མི་ལ་ཕན་ཐོགས་ཡོད་པའི་རིགས་ཀྱང་དུས་རབས་ཉི་ཤུ་པའི་ནང་ཧ་ཅང་ཡར་རྒྱས་ཕྱིན་ཡོད། དེ་དང་ཆབས་ཅིག་རང་རྒྱལ་གཞན་ཕམ་གྱི་བསམ་བློའི་ཐོག་ནས་འཛམ་བུ་གླིང་འདིར་དཔེར་ན་དམག་ཆེན་དང་པོ་དང་དམག་ཆེན་གཉིས་པ། དེ་རྗེས་ཀོ་རི་ཡའི་དམག ཝེ་དི་ནམ་གྱི་དམག དེ་བཞིིན་ཡུལ་གྲུ་འགའ་ཤས་ལ་དམག་འཁྲུག་བྱུང་ནས་དུས་རབས་ཉི་ཤུ་པའི་ནང་དམག་འཁྲུག་ཧ་ཅང་མང་པོ་བྱུང་བ་རེད། ལོ་རྒྱུས་སྨྲ་བ་ཚོས་བཤད་ན་དུས་རབས་ཉི་ཤུ་པའི་ནང་ལ་འཁྲུག་རྩོད་ཀྱི་ཐོག་ནས་མི་བསད་པ་ས་ཡ་ཉིས་བརྒྱ་ལྷག་བཤད་ཀྱི་འདུག དེ་ལྟ་བུའི་དུས་རབས་ཤིག་ཆགས་པ་རེད། ཧ་ཅང་རྙོག་དྲ་ཡོད་པའི་དུས་རབས་ཤིག་གི་ནང་ལ་ཨེ་ཤ་ཡའི་ལུང་པའི་ནང་དུའང་འགྱུར་བ་ཆེན་པོ་ཕྱིན་པ་དང་། བོད་ཀྱི་གནས་ཚུལ་ཡང་དུས་རབས་ཉི་ཤུ་པའི་ནང་གི་འགྱུར་བའི་གནས་ཚུལ་གཅིག་ཆགས་ཀྱི་ཡོད།
དུས་རབས་ཉི་ཤུ་པའི་ནང་ལ་མི་བསད་ཁྲག་སྦྱོར་མང་པོ་བྱུང་ནས་མི་ས་ཡ་ཉིས་བརྒྱ་ལྷག་ཅིག་དམག་འཁྲུག་ནང་འདས་གྲོངས་སུ་ཕྱིན་པ་དང་། དེའི་རྗེས་ཤུལ་ས་ཡ་མང་པོས་དཀའ་ངལ་མྱང་བསྡད་པ་མི་རབས་རྒན་པ་ཚོར་བཤད་རྒྱུ་འདུག ཡུ་རོབ་ནང་ལ་ཡིན་ནའང་རེད། ཨེ་ཤ་ཡའི་ནང་ལ་ཡིན་ནའང་རེད། དེ་འདྲ་བཤད་རྒྱུ་ཡོད་པ་རེད། སྐབས་ཐོག་ལ་དཀའ་ངལ་འཕྲད་པ་ཙམ་དུ་མ་ཟད་དུས་རབས་ཉི་ཤུའི་ནང་གི་འཚེ་བ་ཤུགས་ཆེན་པོ་ནི་བསམ་བློའི་ནང་རང་རྒྱལ་གཞན་ཕམ་ཟེར་བ་ལས་བྱུང་བ་དང་། རང་རྒྱལ་གཞན་ཕམ་གོ་མཚོན་གྱི་ཐོག་ནས་བྱེད་པའི་བསམ་བློ་ཤུགས་ཆེན་པོ་ཞིག་བྱུང་འདུག བག་ཆགས་རྙིང་པ་དེ་དུས་རབས་ཉི་ཤུ་རྩ་གཅིག་པའི་སྐབས་ལའང་ཡོད་པས་དེང་སང་དཀྱིལ་ཤར་གྱི་ལུང་པ་ཚོའི་ནང་དུ་དཀའ་ངལ་མང་པོ་ཞིག་ཡོང་བཞིན་འདུག དུས་རབས་ཉི་ཤུ་པའི་ནང་བསམ་བློའི་འཁྱེར་སོ་ལ་ཧ་ཅང་དཀའ་ངལ་འཕྲད་ན་གང་མགྱོགས་དཔུང་ཤུགས་ཀྱི་ཐོག་ནས་དཀའ་ངལ་སེལ་བའི་བག་ཆགས་ཤིག་ཡོད་པས། ད་ལྟའི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུའང་བག་ཆགས་དེ་སླེབས་པའི་སྐྱོན་མང་པོ་ཞིག་ཡོང་གི་ཡོད་པ་ངོས་ནས་ནམ་རྒྱུན་བཤད་བཞིན་ཡོད།
ཨེ་ཤ་ཡའི་ནང་ལ་དཀའ་ངལ་འཕྲད་དེ་བོད་ཀྱི་གནས་ཚུལ་འགྱུར་བ་ཕྱིན་པ་དེའི་རྐྱེན་གྱིས་ད་ལྟའང་དཀའ་ངལ་གཅིག་ཡོང་གི་ཡོད། འདས་པའི་བྱུང་བའི་ཐོག་ནས་ང་ཚོར་བསླབ་བྱ་གང་སླེབས་ཀྱི་ཡོད་པ་རེད་ཅེ་ན། འཚེ་བ་མེད་པའི་ལམ་ལ་འགྲོ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེར་བརྟེན་དུས་རབས་ཉི་ཤུ་རྩ་གཅིག་པ་ནི་འཚེ་བ་མེད་པའི་དུས་རབས་ཤིག་བཟོ་དགོས་ཀྱི་འདུག དེ་ནི་ངོས་རང་གཅིག་པུའི་བསམ་ཚུལ་མ་རེད། ཚན་རིག་པ་དང་ཤེས་ཡོན་ཅན་ཚང་མར་ཕལ་ཆེར་བསམ་ཚུལ་གཅིག་གྱུར་ཡོང་གི་འདུག འཚེ་བ་བྱས་ཏེ་དཀའ་ངལ་སེལ་རྒྱུ་ཧ་ཅང་ཁག་པོ་རེད། འཚེ་བས་མིའི་སེམས་ལ་ང་རྒྱལ་དང་ཁོང་ཁྲོ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། གང་ལྟར་འཚེ་བ་བྱེད་པའི་རྩ་བའི་རྒྱུ་ནི་ཞེ་སྡང་དང་ཆགས་སྡང་གི་བློའི་དབང་གིས་སླེབས་ཡོང་གི་ཡོད། རྒྱ་གར་འཕགས་པའི་ཡུལ་ལ་ཨ་ཧམ་ས(Ahimsa)ཞེས་འཚེ་བ་མེད་པའི་ལྟ་གྲུབ་ཅིག་ཕལ་ཆེར་ལོ་སྟོང་ཕྲག་གསུམ་ལྷག་གི་རིང་སླེབས་ཡོང་ཡོད། འཚེ་བ་མེད་པ་ཞེས་པ་ནི་ཞེད་སྣང་བྱས་ཏེ་འགུལ་བསྐྱོད་རྒྱག་མ་ཐུབ་པར་བསྡད་རྒྱུ་ཞིག་མ་རེད། འཚེ་བ་བྱེད་པའི་ནུས་པ་ཡོད་བཞིན་དུ་གཞན་ལ་བརྩེ་བ་བྱས་ཏེ་གནོད་པ་སྐྱེལ་མི་རུང་བསམ་པའི་རྒྱུ་མཚན་གྱི་ཐོག་ནས་འཚེ་བ་བྱེད་པའི་ནུས་པ་ཡོད་བཞིན་དུ་སྡོམ་པ་དེ་ལ་འཚེ་བ་མེད་པ་ཟེར་བ་རེད། དེར་བརྟེན་འཚེ་བ་མེད་པ་ཞེས་པ་ནི་ལུས་ཀྱི་སྤྱོད་པ་དང་། ངག་གི་སྤྱོད་པའི་ཐོག་ལ་འཚེ་བ་མེད་པའི་སྐད་ཆ་བཤད་ཀྱི་ཡོད་པ་རེད། དེ་ཐུག་ས་ནི་སེམས་ནང་གི་སྙིང་རྗེ་ཧ་ཅང་གལ་ཆེན་པོ་རེད།
འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ལྷག་ཡོད། ཆོས་དད་མེད་མཁན་དུང་ཕྱུར་བཅུ་ལྷག་ཡོད། ཆོས་དད་ཡོད་མཁན་ལའང་ཆོས་ལུགས་འདྲ་མིན་ཡོད། དེར་བརྟེན་ཆོས་དད་ཡོད་མེད་ལ་མ་ལྟོས་པར་མི་ཚང་མའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེའི་རང་བཞིན་ཅན་རེད་ཅེས་དེང་སང་ཚན་རིག་པས་བཤད་ཡོང་གི་འདུག དེར་བརྟེན་རང་བཞིན་ལྷན་སྐྱེས་འཚེ་བ་མེད་པའི་རང་བཞིན་ཅན་ཞིག་ཡིན་པ་དེ་ནི་ང་ཚོར་རེ་བ་ཡོད་པ་ཞིག་རེད། ཉམས་མྱོང་མང་པོ་ཕྱོགས་བསྡོམས་བྱས་ཏེ་ང་ཚོའི་དུས་རབས་འདི་ཆོས་ཕྱོགས་ཀྱི་སྐད་ཆ་མ་ཡིན་པར་ཤེས་ཡོན་གྱི་ཐོག་ནས་སྙིང་རྗེ་ལྡན་པའི་དུས་རབས་ཤིག་བཟོ་ཐུབ་དགོས། ཤེས་ཡོན་གྱི་ཐོག་ནས་སེམས་ལ་ཞི་བདེ་ཡོད་ན་ལུས་བདེ་བ་དང་། ཚེ་རིང་བ། སེམས་སྐྱིད་པ། གྲོགས་མང་བ་སོགས་ཡོང་གི་རེད།
དེང་སང་གི་འཛམ་བུ་གླིང་དུ་དངོས་པོ་ཡར་རྒྱས་ལ་གཙོ་བོ་དམིགས་པ་ཆགས་ཡོད། དེའི་ཐོག་མུ་མཐུད་ནས་ཕྱིན་པ་ཡིན་ན་མིའི་སེམས་ལ་བདེ་སྐྱིད་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། དེར་བརྟེན་ཕྱི་དངོས་པོ་ཡར་རྒྱས་ཡོད་པ་དང་ཆབས་ཅིག་ནང་བསམ་བློར་བྱམས་བརྩེ་ལྡན་པ་ཞིག་དགོས་པ་ངོས་ཀྱི་གྲོགས་པོ་མང་པོར་བསམ་ཚུལ་གཅིག་གྱུར་ཡོང་གི་འདུག དེ་ལྟ་བུའི་འཚེ་བ་མེད་པ་དང་བྱམས་བརྩེའི་བསམ་པ་དང་ལྡན་པའི་ཐོག་ལ་རྒྱ་གར་གྱི་ལོ་སྟོང་ཕྲག་ལྷག་གི་རིག་གཞུང་དེ་ཏན་ཏན་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་དང་། ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། ངོས་ཀྱིས་རྒྱ་གར་གྱི་གྲོགས་པོ་ཚོར་རྒྱུན་དུ་བཤད་ཀྱི་ཡོད། ཕ་མེས་ཀྱི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་ཟབ་པ་དང་རྒྱ་ཆེ་བ་ཟེར་ཆོག་གི་རེད། ཟབ་པའི་སྐོར་ནས་སེམས་ཁམས་རིག་པ་གཏིང་ཟབ་མོའི་རྣམ་གཞག་ཅིག་རྒྱ་གར་གྱི་རིག་གཞུང་ནང་ལ་ཡོད་པ་དང་། རྒྱ་ཆེ་བ་ནི་འཚེ་བ་མེད་པའི་ཐོག་ནས་བྱམས་བརྩེ་སྒོམ་པ་ཡང་རྒྱ་གར་རིག་གཞུང་ནང་དུ་ཡོད་པ་ཞིག་རེད། དེ་ལྟ་བུའི་གནའ་རབས་ཀྱི་རིག་གཞུང་དེ་ལ་རྒྱ་གར་ནང་དེང་སང་གཞི་ནས་དོ་སྣང་སླེབས་ཀྱི་འདུག
བར་སྐབས་རྒྱ་གར་གྱི་གནས་སྟངས་དེ་གཙོ་བོ་དངོས་པོ་ཡར་རྒྱས་རྐྱང་རྐྱང་ལ་དམིགས་ཡོད་པ་ཞིག་ཆགས་འདུག རྒྱ་གར་གྱི་གནའ་རབས་ཀྱི་ཆོས་དང་རིག་གཞུང་ཞེས་པ་འདོན་པ་འདོན་རྒྱུ་དང་སྨོན་ལམ་བརྒྱག་རྒྱུ་ལྟ་བུར་ངོས་འཛིན་གྱི་འདུག དེ་མ་རེད། གཙོ་བོ་སེམས་ཁམས་རིག་པའི་ཐོག་ནས་ནང་སེམས་ལ་འགྱུར་བ་གཏོང་རྒྱུ་ནི་རྒྱ་གར་གྱི་གནའ་རབས་ཀྱི་ཤེས་ཡོན་གཙོ་བོ་གཅིག་རེད། དེ་བསྐྱར་གསོ་བྱེད་དགོས་ཀྱི་འདུག་ཅེས་ངོས་ཀྱིས་བཤད་བཞིན་ཡོད། དེང་སང་དོ་སྣང་བྱེད་མཁན་མང་དུ་འགྲོ་བཞིན་འདུག དུས་རབས་ཉི་ཤུ་རྩ་གཅིག་པ་དེ་འཚེ་བ་མེད་པ་དང་བྱམས་བརྩེ་ལྡན་པའི་དུས་རབས་ཤིག་བཟོ་དགོས་ཚེ་རྒྱ་གར་འཕགས་པའི་ཡུལ་གྱི་མི་ཚོས་དེའི་ཐོག་ལ་དམིགས་བསལ་གྱིས་ཞབས་འདེགས་སྒྲུབ་ཐུབ་པའི་ཆ་རྐྱེན་ཡོད་པ་མཐོང་གི་འདུག
འཚེ་བ་མེད་པའི་ལྟ་སྤྱོད་ཀྱིས་རྨང་གཞི་བྱས་པའི་འོག་རྒྱ་གར་དུ་འཚར་ལོངས་བྱས་པའི་གྲངས་ཅན་པ་དང་གཅེར་བུ་བ། སངས་རྒྱས་པའི་ཆོས་སོགས་མང་པོ་ཞིག་ཡོད་པ་རེད། དེའི་ཐོག་ལ་རྒྱལ་ཁབ་གཞན་ནས་ཛོ་ར་སུ་ཌ་ཆོས་ལུགས་དང་། (Zorastra) ཇོའུ་ཆོས་ལུགས། ཡེ་ཤེས་ཆོས་ལུགས། ཁ་ཆེའི་ཆོས་ལུགས་སོགས་རྒྱ་གར་ནང་སླེབས་ནས་ཞི་བདེ་བག་ཕེབས་ངང་བསྡད་འདུག ངོས་ཀྱིས་རྒྱུན་བཤད་བཞིན་ཡོད། དཔེར་ན་འབོམ་བྷེ་རུ་ཛོ་ར་སུ་ཌ་ཆོས་ལུགས་པ་འབུམ་གཅིག་མ་ཟིན་ཙམ་མ་གཏོགས་ཡོད་པ་མ་རེད། ཧ་ཅང་ཉུང་ཉུང་རེད། ཡིན་ནའང་ཁོ་ཚོར་འཇིགས་སྣང་གང་ཡང་མི་འདུག སེམས་ལྷོད་ལྷོད་ངང་ཡེ་ཤུ་དང་ཧིན་རྡི་སོགས་ས་ཡ་མང་པོ་ཡོད་པའི་གྲོང་ཁྱེར་ཆེན་པོ་གཅིག་གི་ནང་དུ་ཁོང་ཚོ་ཞི་བདེ་ངང་བསྡད་ཡོད། རྒྱ་གར་འཕགས་པའི་ཡུལ་ལ་དངོས་གནས་ཆོས་ལུགས་རིས་སུ་མ་ཆད་པ་དག་འཆམ་མཐུན་གྱིས་བསྡད་འདུག སྐབས་རེར་རྙོག་དྲ་ཉུང་ཙམ་རེ་ཡོང་གི་རེད།
ངོས་ཀྱིས་རྩེད་མོ་དང་སྦྲགས་རྒྱ་གར་ལུང་པ་འདི་མིའི་ཡུལ་རེད་མ་གཏོགས་མི་ཡུལ་མིན་པ་ཞིག་མ་རེད། མི་ཡུལ་ཡིན་པས་རྙོག་དྲ་བཟོ་མཁན་ཉུང་ཙམ་ཡོང་གི་རེད། ཅེས་བཤད་ཀྱི་ཡོད། རྙོག་དྲ་ཕྲན་བུ་ཡོང་ཡང་སྤྱི་ཡོངས་ཀྱི་ཆ་ནས་ཧ་ཅང་ལེགས་པོ་རེད། དེང་སང་འཛམ་གླིང་སྟེང་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་འཁྲུག་པ་བརྒྱག་མཁན་ཡོང་གི་ཡོད་པས་རྒྱ་གར་གྱི་ཆོས་ལུགས་མཐུན་འབྲེལ་དེ་ངོ་མཚར་སྐྱེས་པ་ཞིག་རེད། དེ་རིང་འདིར་སྐད་ཆ་བཤད་པའི་སྐབས་སུ་ཡང་ངོས་ཀྱི་ཁ་གཏད་དུ་ཁ་ཆེ་ཞིག་བསྡད་འདུག རྒྱ་གར་ཧ་ཅང་ཡག་པོ་རེད། ལོ་སྟོང་ཕྲག་རིང་ཆོས་ལུགས་མི་འདྲ་བ་རྣམས་མཐུན་པོ་བྱས་ཏེ་བསྡད་པའི་གོམས་གཤིས་ཏེ་རྒྱ་གར་རང་གི་ནང་དུའང་མི་རབས་གསར་པ་ཚོར་མུ་མཐུད་ནས་འཇགས་ཐུབ་པ་ཞིག་དང་། འཛམ་གླིང་སྤྱི་ལའང་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱ་དགོས། ངོས་ཀྱིས་ནམ་རྒྱུན་རྒྱ་གར་གཞུང་ལ་བཤད་ཀྱི་ཡོད། རྒྱ་གར་གཞུང་གིས་རྒྱལ་སྤྱིའི་ཆོས་ཚོགས་ཤིག་འཛུགས་ཐུབ་ན་ཡག་པོ་འདུག རྒྱ་གར་གཞུང་གིས་གདན་ཞུ་གནང་པ་ཡིན་ན་ཡེ་ཤུ་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་དང་། ཁ་ཆེའི་ཆོས་ལུགས་ཀྱི་དབུ་ཁྲིད་སོགས་མང་པོ་ཞིག་ཕལ་ཆེར་ཕེབས་ཐུབ་ཀྱི་རེད། རྒྱ་གར་ལ་ལོ་སྟོང་ཕྲག་རིང་ཆོས་བརྒྱུད་མི་འདྲ་བ་མཐུན་པོ་བྱས་ཏེ་བསྡད་པ་འཛམ་གླིང་ལ་ངོ་སྤྲོད་དང་། ཆོས་བརྒྱུད་མཐུན་པོ་བྱས་ཏེ་འདུག་ཐུབ་པ་མི་ལ་སྙིང་སྟོབས་སྤེལ་བ་དང་། ལམ་སྟོན་བྱེད་ཐུབ་པ་ཞིག་བྱུང་ན་ཞེས་བཤད་བཞིན་ཡོད། ཅེས་སོགས་བཀའ་སློབ་སྩལ་བ་དང་།
གཞན་ཡང་ཕྱི་ལོ་ ༡༩༥༩ ཟླ་ ༤ པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་ནས་མ་སི་རུ་ནས་ལོ་གཅིག་དང་དེ་ནས་རྡ་རམ་ས་ལར་ཕེབས་ཏེ་འདས་པའི་ལོ་ལྔ་བཅུ་གྲངས་ལ་ཧི་མ་ཅལ་མངའ་སྡེའི་ནང་བསྡད་པ་དང་། ཧི་མ་ཅལ་གྱི་མི་མང་པོ་ཞིག་མངའ་སྡེ་གཅིག་པའི་མི་ཡིན་སྟབས་ངོ་ཤེས་ཆགས་ཡོད་པའི་སྐོར་དང་། ཕྱི་ལོ་ ༢༠༡༡ ནས་ཆབ་སྲིད་ཀྱི་འགན་དབང་བཞག་པ་དང་དེ་ནས་བཟུང་བོད་ཀྱི་ཁོར་ཡུག་དང་ཆོས་དང་རིག་གཞུང་སྐོར་ལ་མུ་མཐུད་ཐུགས་འགན་བཞེས་བཞིན་པ་སོགས་བཀའ་སློབ་སྩལ་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་མཇུག་སྡོམ་གསུང་བཤད་གནང་སྟེ་དཔེ་དེབ་དབུ་འབྱེད་མཛད་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་དང་། མཛད་སྒོ་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་སྐུ་ཞབས་ཤཱན་ཏ་ཀུ་མར་ལགས་དང་། ཁོང་གི་སྐུ་ཟླ་སན་ཏོ་ཤི་ཤེལ་ཇ་ལགས་། གཞན་ཡང་སྐུ་ཞབས་ཧེམ་རཱ་ཇ་ཀོ་ཤིག་ཁུ་ལགས་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞན་ཡང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་མི་མང་སོགས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བ་ཕེབས་ཡོད་པ་དང་། ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་དང་། རྒྱ་གར་དབུས་གྲོས་ཚོགས་གོང་འོག་གི་འཐུས་མི། རྩོམ་པ་པོ་སྐུ་ཞབས་ཤཱན་ཏ་ཀུ་མར་(Shanta Kumar)ལགས་ཀྱིས་ད་བར་དུ་ཁོང་གི་སྐུ་ཟླ་དང་མཉམ་དུ་དེབ་སུམ་ཅུ་བརྩམས་ཡོད་འདུག།།