རེའུ་མིག
འཚོལ་བ།
སྤྱི་ཚོགས་དྲ་ལམ།
སྐད་ཡིག
ཐད་གཏོང་།
  • མདུན་ངོས།
  • མཛད་འཆར།
  • འཕྲིན་གསར།
  • དགོངས་གཞི།
  • སྐུ་པར།
  • བརྙན་འཕྲིན།
  • དེ་ལས་མང་།
  • འཕྲིན་གསར།

དབུ་མ་བཞི་བརྒྱ་པའི་གསུང་ཆོས་གནང་སྒོ་མཇུག་གྲུབ་པ། October 6, 2016

འགྲེམ་སྤེལ།

༄༅།།ཕྱི་ལོ་ ༢༠༡༦ ཟླ་ ༡༠ ཚེས་ ༦ ཉིན་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོས་རྒྱ་ནག་དང་དེ་མིན་རྒྱལ་ཁབ་གཞན་ཁག་༦༤ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་༦༦༠༠བརྒལ་བར་དབུ་མ་བཞི་བརྒྱ་པའི་གསུང་ཆོས་གནང་སྒོ་མཇུག་ལེགས་པར་གྲུབ་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་བརྒྱད་པ་ཙམ་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༧ཞབས་སོར་འཁོད་པ་དང་།  དེ་ནས་རྒྱའི་སྐད་ཀྱི་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་རྗེས་༧གོང་ས་མཆོག་གིས་བཀའ་སྩལ་དོན།    དེ་རིང་ཉིན་མཐའ་མ་ཆགས་བསྡད་ཡོད།ནམ་རྒྱུན་སྨོན་ལམ་བརྒྱག་པའི་སྐབས་རྒྱལ་སྲས་སྤྱོད་ལ་འཇུག་པར་ཤོག་ཅེས་པའི་རྒྱལ་བའི་སྲས་ཞེས་པ་ནི་བདུད་བཞི་ལས་རྒྱལ་བའི་རྒྱལ་བ་སྐུ་བཞིའི་བདག་ཉིད་ཀྱི་སངས་རྒྱས་དང་།    སངས་རྒྱས་རེ་རེ་ནས་བྱང་ཆུབ་སེམས་དཔའི་རྟོགས་པ་སྔོན་དུ་སོང་བའི་ཐོག་ནས་སངས་རྒྱས་པ་ཞིག་ཡིན་པ་རེད།    དེ་བཞིན་སངས་རྒྱས་ཀྱིས་ཤེར་ཕྱིན་ལ་སོགས་པའི་གཞུང་གསུངས་པ་དང་།    དེ་ཚོའི་བསྟན་པ་འཛིན་མཁན་གཙོ་བོ་ནི་མི་ཡི་རྟེན་ཅན་གྱི་བྱང་ཆུབ་སེམས་དཔའ་ཚོ་ཆགས་ཡོད།    དེ་ལྟ་བུའི་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་སྤྱོད་པ་ལ་ཁ་མིག་ཡར་བལྟ་བྱེད་དེ་དེ་དག་གི་རྗེས་སུ་ཞུགས་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་འཇུག་དགོས།    རྒྱལ་སྲས་ཀྱི་སྤྱོད་པ་ལ་འཇུག་ཅེས་པ་ནི་བཞི་བརྒྱ་བ་ལས།    བསོད་ནམས་མིན་པ་དང་པོར་བཟློག།བར་དུ་བདག་ནི་བཟློག་པ་དང་།།ཕྱི་ནས་ལྟ་བ་ཀུན་བཟློག་པ།།གང་གིས་ཤེས་དེ་མཁས་པ་ཡིན།།ཞེས་ཉེས་སྤྱོད་རགས་རིམ་ནས་བཟློག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཟབ་ལ་རྒྱ་ཆེ་བ་དེ་བསླབ་དགོས་ཀྱི་ཡོད། 

དེར་བརྟེན་སྔོན་ལ་བསོད་ནམས་མིན་པ་དང་པོར་བཟློག་ཅེས་གཞན་ལ་གནོད་འཚེའི་རིགས་ཀྱི་བྱ་བ་དེ་དག་སྡིག་པའི་ལས་རེད།    སྡིག་པའི་འབྲས་བུ་ལ་སྡུག་བསྔལ་ཡོང་བ་ཡིན་པས་བསོད་ནམས་མ་ཡིན་པའི་ལས་རེད།    དེ་བཟློག་དགོས་པ་རེད་ཅེས་བསོད་ནམས་མིན་པ་དང་པོ་བཟློག་གསུངས་ཡོད།     སྡིག་པ་མི་དགེ་བའི་ལས་ལ་སྤྱོད་བཞིན་བྱང་ཆུབ་ཀྱི་སེམས་སྒོམ་གྱི་ཡོད་ཟེར་བ་ལྟ་བུ་དང་།    གསང་སྔགས་རྡོ་རྗེ་ཐེག་པའི་ལམ་སྒོམ་གྱི་ཡོད་ཟེར་བ་ལྟ་བུ་བཤད་པ་ཡིན་ན་ཕལ་ཆེར་རྫུན་མ་རེད་ཅེས་བཤད་ཐུབ་ཀྱི་རེད།    ཆོས་རྣམ་དག་བྱེད་མཁན་ཞིག་ཡིན་ན་སྔོན་ལ་ཉེས་སྤྱོད་དེ་དག་བསྡོམས་དགོས།   དེ་ནས་བར་དུ་བདག་ནི་བཟློག་པར་བྱེད་ཅེས་བདག་དུ་འཛིན་པ་བཟློག་རྒྱུ་དང་།    ཁ་ཉིན་བརྗོད་པ་ལྟར་གོ་བ་ལེན་སྟངས་མ་འདྲ་བ་ཡོད་ཀྱང་།    མཐའ་མར་ལྟ་ཞིག་ཀུན་བཟློག་པ་ཞེས་པ་ནི་ཉོན་མོངས་པས་བཞག་པའི་བག་ཆགས་དང་བཅས་པ་སྦྱོང་བ་ཞེས་སྦྱར་བ་ཡིན་ན་ཏག་ཏག་བསྡད་ཡོད་པ་ལྟ་བུ་འདུག    དེར་བརྟེན་དང་པོ་བསོད་ནམས་མིན་པ་དང་པོར་བཟློག་ཅེས་པར་བསམ་བློ་བཏང་བ་ཡིན་ན།   བསོད་ནམས་མ་ཡིན་པའི་ལས་ནི་མི་ལ་འཚེ་བ་བྱེད་པ་དང་།    མི་ལ་གནོད་པ་བྱེད་པ།    མི་ལ་མགོ་བསྐོར་གཏོང་བ།    བཤུ་གཞོག་གཏོང་བ།   དབང་ཡོད་བཤད་པ་སོགས་བསོད་ནམས་མ་ཡིན་པའི་ལས་རེད།   རིམ་པ་དང་པོ་དེ་ལས་བཟློག་དགོས་ཀྱི་ཡོད་པ་རེད།    དེ་ལྟ་བུའི་བསོད་ནམས་མ་ཡིན་པའི་ལས་བཟློག་པ་ནི་ནང་པ་གཅིག་པུའི་སྐད་ཆ་མ་རེད།   འཛམ་གླིང་ཆོས་ལུགས་གཙོ་ཆེ་བ་ཚང་མས་བསོད་ནམས་མིན་པ་དང་པོར་བཟློག་ཅེས་པའི་ཉམས་ལེན་བྱེད་ཀྱི་ཡོད་པ་རེད།   ངོས་ཀྱིས་གཙོ་ཆེ་བ་ཟེར་དགོས་དོན་ནི་ལྷ་གསོལ་བ་དང་ཀླུ་གསོལ་བ་ལྟ་བུའི་རིགས་གནས་ཚུལ་ཁ་ཁ་རེད།    དེ་མིན་གྱི་ཡི་ཤི་དང་ཁ་ཆེ།   ཧུན་རྡི།    ཇོའུ་ལ་སོགས་པར་སོ་སོའི་ལྟ་གྲུབ་ཅིག་བཤད་ནས་ཡོང་གི་ཡོད་པས་ངོས་ཀྱིས་གཙོ་ཆེ་བ་ཟེར་བ་དེ་ཚོར་བཤད་ཀྱི་ཡོད།   གང་ལྟར་བྱམས་པ་དང་བརྩེ་བ་ཉམས་ལེན་གྱི་གཙོ་བོར་བཟུང་ཡོད་པའི་ཆོས་ལུགས་ཤིག་ཡིན་ཕྱིན་བསོད་ནམས་མིན་པའི་ལས་བཟློག་རྒྱུ་དེ་ཕལ་ཆེར་ཡོད་པ་རེད། 

དེ་ཙམ་དུ་མ་ཟད་ཆོས་དད་མེད་མཁན་ཚོ་ཡང་འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ཡོད་པའི་མིའི་སྤྱི་ཚོགས་ནང་ལ་བསྡད་ཡོད་པ་རེད།    གྲོགས་པོ་ག་ཚོད་ཀྱིས་མང་ན་ཡག་གི་རེད་ལ་སྐྱིད་ཀྱི་རེད།   དགྲ་ག་ཚོད་མང་བའི་ཚོད་ཀྱིས་མ་སྐྱིད་པ་དང་ཉེན་ཁ་ཆེ་བ་ཡོད་པ་རེད།    དེར་བརྟེན་བསོད་ནམས་མ་ཡིན་པའི་ལས་བསགས་ན་དགྲ་མང་པོ་ཡོང་གི་རེད།    བསོད་ནམས་མ་ཡིན་པའི་ལས་ཀྱི་ལྡོག་ཕྱོགས་མི་ལ་ཕན་པ་སྒྲུབ་པ་དང་མི་ལ་ཞབས་འདེགས་ཞུ་བ།    མི་ལ་ལྷག་བསམ་རྣམ་དག་གིས་ཤ་ཚ་བྱས་པ་ཡིན་ན་གཉེན་མང་པོ་ཡོང་གི་རེད།     ཆོས་ཡོད་ཀྱང་མེད་ཀྱང་བསོད་ནམས་མེད་པའི་ལས་བཟློག་དགོས་པ་འཛམ་བུ་གླིང་འདིར་འགྲོ་བཞིན་ཡོད།    ཅེས་སོགས་འཚེ་བ་མེད་པའི་ལས་བསོད་ནམས་མིན་པ་དང་པོ་བཟློག་ཅེས་པའི་ནང་ཡོང་གི་ཡོད་པ་སོགས་གསུང་ཆོས་སྔོན་འགྲོའི་བཀའ་སློབ་རྒྱས་པར་སྩལ་རྗེས།    དགེ་བསྙེན་གྱི་བསླབ་སྡོམ་འབོག་ཆོག་གནང་། 

དེ་ཡང་དགེ་བསྙེན་གྱི་བསླབ་སྡོམ་དང་འབྲེལ་ནས་བཀའ་སློབ་སྩལ་དོན།     འཛམ་གླིང་འདིའི་མི་ཚང་མས་སྲོག་གཅོད་དང་།    མ་བྱིིན་ལེན།    བཙན་གཡེམ།    དེ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་ཀྱལ་སོགས་སྤོང་དགོས་པ་རེད་འདུག   ཆོས་དང་སྐྱེ་བ་ཕྱི་མའི་སྐད་ཆ་མ་ཡིན་པར་མི་ཚེ་འདི་སྐྱིད་པོ་ཡོང་བའི་དོན་དུ་བཤད་ཐུབ་ཀྱི་འདུག   དེར་བརྟེན་སངས་རྒྱས་པའི་ཆོས་པ་ལ་ཁྱིམ་པའི་སྡོམ་པ་དང་རབ་བྱུང་གི་སྡོམ་པ་གཉིས་ཡོད།    ཁྱིམ་པའི་སྡོམ་པ་ལ་བསྙེན་གནས་དགེ་བསྙེན་གྱི་སྡོམ་པ་དང་དེ་ནི་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་རེད།   མི་ཚེ་གཅིག་གི་རིང་དུ་སྡོད་པའི་སྡོམ་པ་དེ་དགེ་བསྙེན་གྱི་སྡོམ་པ་ལ་སོགས་པ་ཡོད།   དགེ་བསྙེན་གཙོ་བོ་དེ་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་དང་།  དེ་ནས་ཡོངས་རྫོགས་དགེ་བསྙེན།    ཡོངས་རྫོགས་དགེ་བསྙེན་ནི་བསླབ་གཞི་ལྔ་འཛིན་པ་དེ་རེད།    བསླབ་གཞི་ལྔ་ནི་མི་གསོད་པ་སྤོང་བ།    མ་བྱིན་ལེན་སྤོང་བ།   ལོག་གཡེམ་སྤོང་བ།    ལོག་གཡེམ་ཡག་པོ་སྤངས་ཚེ་བཙན་གཡེམ་མེད་འགྲོ་བ་དང་།     དེ་ནས་མི་ཆོས་བླ་མའི་རྫུན་རེད།    དེ་ཕལ་ཆེར་ཁྱོད་ཚོར་ཉེན་ཁ་ཡོད་པ་མ་རེད།   ཡིན་ནའང་།    ང་མཁན་པོ་ཡིན་ཟེར་བ་སོགས་ངོས་རང་ལ་ཆ་བཞག་ན་ང་ཏཱ་ལའི་བླ་མ་ཡིན་ཞེས་སོགས་ཧ་ཅང་ཆེན་པོ་བཤད་དེ་འདུ་ཤེས་བསྒྱུར་ན་མི་ཆོས་བླ་མའི་རྫུན་ཡོང་བའི་ཉེན་ཁ་ཡོད།    སྤྱིར་བཏང་གི་མི་ལ་མི་ཆོས་བླ་མའི་རྫུན་གྱི་ཉེན་ཁ་ཕལ་ཆེར་ཡོད་པ་མ་རེད། 

ཁྱིམ་པ་ཚོ་ལ་འབྱུང་ཉེ་བ་ནི་ཆང་འཐུང་བ་སྤོང་བ་དེ་རེད།    རབ་ལ་ཆང་དང་མྱོས་འགྱུར་གྱི་རིགས་རྩ་བ་ནས་སྤོངས།   གལ་ཏེ་རྩ་བ་ནས་སྤོང་མི་ཐུབ་ཀྱང་ར་བཟི་བཟི་བར་དུ་མི་འཐུང་བ་བྱོས།   ངོས་ཀྱིས་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་སའི་ཡོངས་འཛིན་རིན་པོ་ཆེས་ཕྱི་ལོ་༡༩༦༠ནང་ངོས་ལ་གསུངས་གསལ་དུ།   སྔོན་མ་སྟོད་པའི་སྤོ་ལགས་གཅིག་གིས་དགེ་བསྙེན་སྒྲུབ་པ་དང་།   ཡོངས་འཛིན་རིན་པོ་ཆེའི་དགེ་བསྙེན་གྱི་བསླབ་པ་གནང་སྟེ་ཆང་སྤོངས་དགོས་པ་རེད་ཅེས་གསུངས་དུས་སྤོ་ལགས་དེས་ཡོངས་འཛིན་རིན་པོ་ཆེར་ཆང་ངས་ཁྱོན་ནས་སྤོང་ཐུབ་ཀྱི་མི་འདུག་ཅེས་ཞུ་གི་འདུག་གསུངས་སོང་།    ཡོངས་འཛིན་རིན་པོ་ཆེ་བརྩེ་བའི་བདག་ཉིད་བསམ་གྱིས་མི་ཁྱབ་པ་དང་མཁས་གྲུབ་གཉིས་ལྡན་རེད།    ཁོང་གིས་སྤོ་ལགས་དེ་ལ་འོན་ན་སྐྱོན་ཡོད་པ་མ་རེད།    ཆང་ཉུང་ཙམ་ཉུང་ཙམ་ལས་མང་པོ་མ་འཐུང་གསུངས་པ་ཡིན་ཞེས་ངོས་ལ་གསུངས་སོང་།    ངོས་ཀྱིས་ནམ་རྒྱུན་བརྗོད་ཀྱི་ཡོད།    ཁྱོད་རང་ཚོས་ཆང་གཏན་དུ་སྤོང་ཐུབ་པ་བྱུང་ན་རྩ་བ་ནས་སྤོངས།    གལ་སྲིད་སོ་སོའི་གོམས་གཤིས་སོགས་ཀྱི་ཐོག་ནས་རྩ་བ་ནས་སྤོང་མི་ཐུབ་ཚེ་ར་བཟི་བཟི་བར་དུ་མ་འཐུང་།  

འགོག་བདེན་ཞེས་པ་ནི་ཉེས་པ་གང་ཡང་རུང་བ་གཅིག་གཏན་དུ་སྤངས་པ་ཞིག་རེད།    དེའི་ཐོག་མའི་རྨང་གཞི་ལ་ལུས་ངག་གི་ཉེས་སྤྱོད་བསྡོམ་པ་དང་།    རིམ་པ་གཉིས་པར་སླེབས་དུས་ཉེས་སྤྱོད་དེ་དག་གང་གི་དབང་གིས་ཡོང་བའི་ཉོན་མོངས་སྤོང་བ་དང་།    རིམ་པ་གསུམ་པ་ནི་ཉོན་མོངས་དེས་བཞག་པའི་བག་ཆགས་སྤོང་རྒྱུ་དེ་རེད།   རབ་བྱུང་ཕོ་མོ་ཚོས་དགེ་བསྙེན་བསྒྲུབས་ཟིན་པ་རེད།    སྡོམ་པ་གོང་མ་རྒྱུད་ལ་ཡོད་པ་རེད།    ཁྱིམ་པ་དགེ་བསྙེན་སྒྲུབ་འདོད་ཡོད་པ་ཚོས་ས་ཆ་ཁོད་ཡངས་ཡོད་ཚེ་ཐོག་མ་སྟོན་པའི་སྣང་བརྙན་འདི་ལ་སྟོན་པ་དངོས་ཡིན་བསམ་པའི་ཐོག་ཕྱག་གསུམ་འཚོལ།    གལ་སྲིད་ས་ཆ་ཁོད་ཡངས་པོ་མེད་ཚེ་ཐལ་མོ་དཔྲལ་བ་དང་མགྲིན་པ་སྙིང་ཁར་སྦྱར་ན་འགྲིག་གི་རེད་ཅེས་བཀའ་གནང་བསྟུན་དགེ་བསྙེན་གྱི་བསླབ་སྡོམ་ཞུ་མཁན་དག་གིས་ཕྱག་འཚལ་བ་དང་།   དེ་རྗེས་༧གོང་ས་མཆོག་གིས་ངོས་ལ་ཕྱག་གསུམ་འཚོལ་ཅིག   ངོས་ཀྱིས་སྟོན་པའི་མགྲོན་གཉེར་ལྟ་བུ་བྱེད་ཀྱི་ཡོད་པ་རེད་ཅེས་སོགས་བཀའ་གནང་རྗེས་དགེ་བསྙེན་གྱི་སྡོམ་པ་འབོག་ཆོག་སྩལ་བ་དང་།     དེ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་འབོག་ཆོག་གིས་སྔོན་འགྲོའི་བྱང་ཆུབ་ཀྱི་སེམས་སྒོམ་ཚུལ་དང་།    དགོས་པ་གང་གི་ཆེད་དུ་སྒོམ་མིན།   རང་ལ་བདེ་སྐྱིད་དགོས་ན་བྱམས་བརྩེ་སྒོམ་དགོས་པ།   དེ་ལྟར་བསྒོམས་པའི་ཕན་ཡོན་སོགས་བཀའ་ཁྲིད་རྒྱས་པར་སྩལ་རྗེས་སེམས་བསྐྱེད་གནང་སྟེ།    དབུ་མ་བཞི་བརྒྱ་པའི་རབ་བྱེད་དགུ་པ་ནས་གསུང་ཆོས་འཕྲོ་སྐྱོང་དང་དབུ་མ་བཞི་བརྒྱ་པའི་འགྲེལ་བའི་འཕྲོས་ཀྱི་ལྗགས་ལུང་སྩལ་།    དེ་རྗེས་རྒྱ་རིགས་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་རྒྱ་སྐད་ཀྱི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་༧ཞབས་བརྟན་གསོལ་འདེབས་གསུང་འདོན་གྱིས་བརྟན་བཞུགས་བསྟར་འབུལ་གྲུབ་རྗེས།    ཆོས་ཞུ་བ་རྣམས་དང་ལྷན་དུ་དྲན་རྟེན་སྐུ་པར་བསྒྲོན་དེ་ཐེངས་འདིའི་གསུང་ཆོས་གནང་སྒོ་མཇུག་ལེགས་པར་གྲུབ་པ་བཅས།།  

  • དྲ་ཚིགས་འདིའི་ནང་དོན་ཡོད་ཚད་ཀྱི་བདག་དབང་ཆ་ཚང་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ཡོད། ༢༠༢༥

འགྲེམ་སྤེལ།

  • ངོ་དེབ།
  • འཕྲུལ་སྒྲ
  • གློག་འཕྲིན།
Copy

Social Channels

  • ངོ་དེབ།
  • འཕྲུལ་སྒྲ
  • Instagram
  • Youtube

སྐད་ཡིག་འདམ་ག

  • རྒྱ་སྐད།
  • བོད་སྐད།
  • རྒྱ་གར་སྐད།
  • ཉི་ཧོང་སྐད།
  • འཇར་མན་སྐད།
  • ཨི་ཏ་ལིའི་སྐད།
  • སོག་སྐད།
  • རུ་སུའི་སྐད།
  • ཧྥ་རན་སིའི་སྐད།
  • ཝེ་ཏི་ནམ་སྐད།
  • སི་པེན་སྐད།

དྲ་ངོས་འདི་ཡི་ནང་ལ་འཚོལ།

འཚོལ་བཤེར་དར་སྲོལ་ཆེ་བ་ཁག

  • མཛད་འཆར།
  • སྐྱེས་རབས།
  • གཟེངས་རྟགས།