༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་ཀ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡུ་རོབ་ཀྱི་བྷེལ་ཇམ་དང་ཧྥ་རན་སི། པོ་ལན་ཌི་བཅས་སུ་མཛད་འཕྲིན་ཁག་རེ་ཞིག་མཇུག་ལེགས་པར་གྲུབ་སྟེ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༩ ཚེས་ ༧ ཉིན་ཡུ་རོབ་ཀྱི་བྷེལ་ཇམ་རྒྱལ་ཁབ་དུ་༸ཞབས་སོར་འཁོད་དེ་སེམས་དང་སྲོག་གི་ཚོགས་འདུ་ཐེངས་༣༡པར་དབུ་བཞུགས་མཛད་པ་དང་། དེ་བཞིན་གསར་འགོད་པ་དང་ས་གནས་བོད་རིགས་མི་མང་།ན་གཞོན་འགོ་ཁྲིད་སོགས་ལ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་བཀའ་དྲིན་སྩལ་རྗེས་ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་རུ་ཆིབས་བསྒྱུར་བསྐྱངས་ཏེ་བརྒྱུད་ལམ་ཁག་གི་གསར་འགོད་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་བོད་རྒྱ་འབྲེལ་མོལ་གྱི་གཞི་རྟེན་དབུ་མའི་ལམ་གྱི་སྲིད་བྱུས་དང་སྐུའི་ཡང་སྲིད་སྐོར་ལ་བཀའ་འདྲི་ཞུས་དོན་བཞིན་བཀའ་ལན་སྩལ་བ་དང་།ཁྲིམས་རྩོད་པའི་ལྷན་ཚོགས་ཤིག་ལ་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ལ་འགན་ཁུར་ལེན་ཕྱོགས་སྐོར་ལམ་སྟོན་བཀའ་སློབ་སྩལ།
དེ་བཞིན་ཕེ་རུ་སི་རུ་གནས་སྡོད་བོད་རིགས་རྣམས་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་སྩལ་བ་དང་། གཞན་ཡང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་དང་སྐུ་ཚབ་ལ་མཇལ་འཕྲད་གནང་བ་མ་ཟད།ཧྥ་རན་སའི་སི་ཊ་སི་བྷག་གྲོང་ཁྱེར་དུ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སོགས་ལ་མཇལ་འཕྲད་དང་གསུང་བཤད་གནང་བ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས་པོ་ལན་རྒྱལ་ཁབ་ཏུ་ཆིབས་བསྒྱུར་བསྐྱངས་ཏེ་པོ་ལན་ཌའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་མཇལ་ཁ་སྩལ། དེ་རྗེས་རང་དབང་གི་སྐོར་ལ་བཀའ་སློབ་གསུང་བཤད་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཅེས་ནོར་དུ་ངོས་འཛིན་བྱས་པའི་ཡི་ཤིའི་ཆོས་ལུགས་ཀྱིས་ཞི་བདེའི་མཆོད་ཁང་ Church of Peace ཞེས་པར་ཆིབས་སྒྱུར་བསྐྱངས་ཏེ་འཛམ་གླིང་ཞི་བདེའི་འབོད་སྐུལ་གྱི་ཞུ་སྙན་ལ་ཡི་ཤུའི་ཆོས་བརྒྱུད་ཆེན་པོ་གཉིས་དང་ཁ་ཆེ། དེ་བཞིན་ Jew དང་། ནང་པ་སོགས་ཆོས་ལུགས་འདྲ་མིན་གྱི་དབུ་བླ་དང་ Swidnica གྲོང་ཁྱེར་སྤྱི་ཁྱབ་དང་གནད་ཡོད་མི་སྣ་བཅས་ཁྱོན་མི་གྲངས་ ༥༠༠ ཡས་མས་ལྷན་འཛོམས་སྐབས་མཚན་རྟགས་བཀོད་རྗེས་བོད་དང་། སོག་པོའི་རིགས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ་སོགས་ཡུ་རོབ་ཁུལ་དུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཨ་སམ་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་དབང་ལྡན་འགན་འཛིན་རྣམ་པས་ཕེབས་བསུ་དང་འབྲེལ་ཕེབས་ལམ་གཡས་གཡོན་དུ་དད་ལྡན་སེར་སྐྱ་མི་མང་གིས་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་དང་། ཕོ་བྲང་རྒྱལ་སྒོ་རུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམ་པས་ཕེབས་བསུ་ཞུས་པ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་སྟོན་འཁོར་ཕོ་བྲང་དུ་༸ཞབས་སོར་བདེ་བོར་འཁོད་ཡོད་པ་བཅས།།