༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་གྱི་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་། སྐབས་དེར་སེམས་དང་སྲོག་གི་ལྷན་ཚོགས་གོ་སྒྲིག་གནང་མཁན་གྱི་གཙོ་འཛིན་རྣམ་པས་གཙོས་སྦིལ་སིལ་བོད་ཀྱི་སྐུ་ཚབ་དོན་གཅོད་སོགས་ཀྱིས་ཕེབས་བསུ་དང་འབྲེལ་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་བོད་མི་ ༣༥༠ བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་། ན་གཞོན་ཕོ་མོ་ཟུང་གིས་ཕྱེ་མར་ཆང་ཕུད་འདེགས་འབུལ་ཞུས་པ་མ་ཟད། བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གྱི་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས།
ཕྱི་ཚེས་ ༨ ཉིན་སྦེལ་ཇམ་གྱི་བརྙན་འཕྲིན་གསར་འགྱུར་བརྒྱུད་ལམ་ RTBF ཞེས་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ Francois Mazure ལགས་ཀྱིས་༸གོང་ས་མཆོག་ལ་སྦེལ་ཇམ་དུ་འཚོགས་རྒྱུའི་སེམས་དང་སྲོག་གི་ལྷན་ཚོགས་ཀྱི་བརྗོད་གཞི་ནུས་སྟོབས་དང་གཅེས་སྐྱོང་གཉིས་དང་འབྲེལ་བའི་སྐོར་བཀའ་འདྲི་ཁག་གཅིག་ཞུས་པ་དང་། ༸གོང་ས་མཆོག་གིས་ནུས་སྟོབས་ནི་གཙོ་བོ་ནུས་པར་རག་ལུས་ཡོད་པ་དང། ནུས་པ་ལྡན་པ་བྱ་རྒྱུ་དེ་ཡང་ཕན་པ་དང་གནོད་པ་གཉིས་ཀ་ཡོང་སྲིད། འོན་ཀྱང་གཅེས་སྐྱོང་ནི་མི་གཞན་གྱི་སྲོག་དང་། ཐོབ་ཐང་། བདེ་དོན་ལ་གུས་བརྩི་ཞུ་རྒྱུ་དེ་ཡིན། གལ་ཏེ་ནུས་པ་དེ་ཕན་པའི་རང་བཞིན་ལ་བཀོལ་ཐུབ་ཚེ་ཡག་པོོ་ཡོད།
བྱམས་བརྩེ་ནི་འགྲོ་བ་མིའི་མི་ཚེ་དང་། འཚོ་གནས། སྤྱི་ཚོགས་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། ཆོས་ལུགས་ཚང་མས་བྱམས་བརྩེའི་བསླབ་བྱ་གསུང་བཞིན་ཡོད། དེང་སྐབས་ང་ཚོའི་ཤེས་ཡོན་ལམ་ལུགས་དང་མི་ཚེ་སྐྱེལ་སྟངས་དེ་ཕྱི་དངོས་པོར་བརྟེན་དྲགས་པར་བརྟེན། འཛམ་གླིང་ནང་གི་མི་ཐེར་འབུམ་བདུན་ཡོད་པ་རྣམས་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། ནང་སེམས་ཀྱི་རིན་ཐང་གོང་སྤེལ་གཏོང་རྒྱུའི་ཚོར་བ་དེ་ཆོས་ལུགས་གཅིག་པུའི་སྦྱིན་ཐུབ། འོན་ཀྱང་མི་ཚང་མ་ཆོས་ལ་དོ་དབྱིངས་མེད་པ་དང་ཡོད་པའི་ཁོངས་ནས་མང་པོ་ཞིག་གིས་དེ་ཙམ་དོ་སྣང་ཡང་བྱེད་ཀྱི་མེད། དེར་བརྟེན་ང་ཚོས་ཤེས་ཡོན་གྱི་ལམ་ལུགས་ཡར་རྒྱས་གཏོང་རྒྱུ་ཁོ་ན་ལས་གཞན་ཐབས་ལམ་གང་ཡང་མེད། ཅེས་བཀའ་ལན་སྩལ།
ཡང་༸གོང་ས་མཆོག་ལ་ཉེ་ཆར་སྦེལ་ཇམ་ཐེ་བའི་ཡུ་རོབ་ནང་འཇིགས་སྐུལ་དྲག་སྤྱོད་པས་འཚེ་བའི་བྱ་སྤྱོད་སྤེལ་བར་བརྟེན། མང་ཚོགས་ཁྲོད་ཁོང་ཁྲོ་ཟ་མཁན་ཚོར་བཀའ་སློབ་ཅི་ཞིག་ཡོད་སྐོར་བཀའ་འདྲི་ཞུས་པར་བཀའ་སྩལ་དོན། བོད་པ་ཚོར་ཡང་དཀའ་ངལ་མང་དག་ཅིག་འཕྲད་ཡོད་པར་བརྟེན་བོད་མི་འགས་ཁོང་ཁྲོ་བྱེད་ཀྱི་ཡོད། འོན་ཀྱང་ངོས་ཀྱིས་ཁོང་ཚོར་ཁོང་ཁྲོས་དཀའ་ངལ་སེལ་མི་ཐུབ་པ་མ་ཟད། དེས་སེམས་ནང་གི་ཞི་བདེ་དཀྲུག་གི་ཡོད་ཅེས་བརྗོད་ཀྱི་ཡོད། དེ་སྔ་ཨ་རིར་ཕྱི་ཟླ་དགུ་པའི་ཚེས་བཅུ་གཅིག་གི་དོན་རྐྱེན་བྱུང་ནས་ཉིན་གཅིག་རྗེས་ངོས་ཀྱིས་སྐབས་དེ་དུས་ཨ་རིའི་སྲིད་འཛིན་ངའི་གྲོགས་པོ་ཇོར་ཇི་བྷུ་ཤི་མཆོག་ལ་ཐུགས་གསོ་ཞུས་པ་དང་སྦྲགས་ཡ་ལན་ཅི་འདྲ་ཞིག་ཡིན་རུང་འཚེ་བ་མེད་པའི་ཐོག་ནས་གནང་རྒྱུའི་རེ་བ་ཡོད་སྐོར་བརྗོད་པ་ཡིན། གལ་ཏེ་ཨི་རག་ནང་གི་དཀའ་ངལ་དེ་དག་འཚེ་མེད་ཞི་བའི་སྒོ་ནས་སེལ་ཐབས་གནང་ཡོད་ན་ད་ལྟ་གནས་སྟངས་དེ་ལས་བཟང་བ་ཞིག་ཆགས་ཡོད་སྲིད། དྲག་ཤུགས་ཀྱིས་དཀའ་ངལ་སེལ་བའི་ཚབ་ཏུ་གནས་སྟངས་ཇེ་སྡུག་ཏུ་གཏོང་གི་ཡོད། ཅེས་དང་། ཁ་ཆེའི་འཇིགས་སྐུལ་དྲག་སྤྱོད་པ་དང་ནང་པའི་འཇིགས་སྐུལ་དྲག་སྤྱོད་པ་ཞེས་ཐ་སྙད་བེད་སྤྱོད་བྱེད་རྒྱུ་དེ་འགྲིག་གི་མེད་པ་དང་། མི་སུ་འདྲ་ཞིག་གིས་དྲག་སྤྱོད་ཀྱི་ལས་རིགས་སྤེལ་ཚེ་མི་དེ་ཁ་ཆེའམ་ནང་པ་ཡང་ན་ཆོས་པ་ཡང་དག་པ་ཞིག་ཆགས་ཀྱི་མེད། ཅེས་སོགས་བཀའ་ལན་སྩལ་རྗེས་སྐུའི་ཡང་སྲིད་བུད་མེད་ཀྱི་ལུས་རྟེན་ཕེབས་ཀྱི་ཡོད་མེད་སྐོར་དང་། ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་མཛད་པ་སོགས་ཀྱི་དྲི་བར་བཀའ་ལན་སྩལ་ཡོད།
དེ་རྗེས་༸གོང་ས་མཆོག་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་དུ་དབུ་བཞུགས་ཀྱིས་བཀའ་སློབ་སྩལ་ཡོད་པ་མ་ཟད། ཕྱེད་ཡོལ་སྦར་སེལ་ནང་རྟེན་གཞི་བྱས་པའི་ཡུ་རོབ་མཐུན་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་གཅིག་དང་དེ་བཞིན་སྦེལ་ཇམ་གྱི་ཕྱི་མི་གནས་སྤོ་ལས་ཁུངས་ཀྱི་ལས་བྱེད་དང་ལྷན་མཇལ་འཕྲད་གནང་ཡོད་པ་རེད།
ཚེས་ ༩ ཉིན་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་ནང་རྟེན་གཞི་བྱས་པའི་བྷོ་ཛར་སྒྱུ་རྩལ་བསྟི་གནས་ཁང་Bozar Center for Fine Art དུ་ཡུ་རོབ་སེམས་དང་སྲོག་གི་ཚོགས་པས་གོ་སྒྲིག་འོག་ཉིན་གྲངས་གཉིས་དང་ཕྱེད་ཀའི་རིང་གི་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་ལྷན་ཚོགས་ཐེངས་སུམ་ཅུ་སོ་གཅིག་པའི་ཚོགས་མགོན་དུ་དབུ་བཞུགས་ཀྱིས་ཚན་རིག་དང་དཔལ་འབྱོར། ཆོས་ལུགས་བཅས་ཀྱི་མཁས་ལས་མི་སྣ་དང་ལྷན། ནུས་སྟོབས་དང་གཅེས་སྐྱོང་། ཞེས་པའི་བརྗོད་གཞིའི་ཐོག་བཀའ་བསྡུར་མཛད་ཡོད།
དེ་ཡང་སྔ་དྲོ་༸གོང་ས་མཆོག་གོང་འཁོད་ཚོགས་ཁང་དུ་༸ཞབས་སོར་འཁོད་སྐབས་དེར་འདུས་མང་ཚོགས་ ༡༩༠༠ བརྒལ་བས་ཕེབས་བསུའི་འཚམས་འདྲི་ཞུས་པ་དང་། ལྷན་ཚོགས་དབུ་འཛུགས་ཀྱི་ཐོག་མར་ཡུ་རོབ་སེམས་དང་སྲོག་གི་འགན་འཛིན་སན་ཌར་ཊཡེ་ཌི་མེན་Sander Tideman ལགས་ཀྱིས་སྦར་སེལ་ནང་སེམས་དང་སྲོག་གི་བགྲོ་གླེང་ཐེངས་དང་པོའི་ཐོག་མཉམ་ཞུགས་གནང་མཁན་ཡོངས་ལ་འཚམས་འདྲི་ཞུས་པ་དང་སྦྲགས་ལྷན་ཚོགས་གོ་སྒྲིག་ཆེད་མཐུན་འགྱུར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས། དེ་རྗེས་སྐུ་ཞབས་མེ་རཐིའུ་རི་ཁར་ཌི་ Ven. Matthieu Ricard ལགས་ཀྱིས་གཙོ་སྐྱོང་ཐོག་ནུས་སྟོབས་དང་གཅེས་སྐྱོང་གྱི་འབྲེལ་བའི་སྐོར་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་རེད།
སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ངོས་རང་སེམས་དང་སྲོག་གི་ལྷན་ཚོགས་འདིར་མཉམ་ཞུགས་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁྱེད་རྣམ་པས་ལྷན་ཚོགས་འདི་འཚོགས་རྒྱུའི་ཐོག་འབད་བརྩོན་ལྷད་མེད་གནང་བར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ང་ཚོས་འདས་པའི་ལོ་ངོ་ ༣༠ ལྷག་ནས་ལྷན་ཚོགས་འདི་ལྟ་བུ་འཚོགས་བཞིན་ཡོད། དེ་བཞིན་ལྷན་ཚོགས་འདིར་འགོ་སྟོད་ནས་བློ་སྤོབས་ཆེན་པོའི་ཐོག་མཉམ་ཞུགས་གནང་མཁན་ཧྥ་རན་སི་སི་ཁོ་ཝ་རེ་ལ་ Francisco Varela ལགས་ཁོང་ལ་ངོས་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ངོས་རང་ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ནང་ཐེངས་དང་པོ་སྐྱོད་སྐབས་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་ཕྱི་དངོས་པོའི་འཛུགས་སྐྲུན་ཐོག་ཡར་རྒྱས་ཧ་ཅང་ཕྱིན་ཡོད་ནའང་། མང་ཚོགས་ཁྲོད་འགྲན་སེམས་དང་སེམས་ངལ་སོགས་ཀྱིས་ནང་སེམས་ཀྱི་བདེ་སྐྱིད་དེ་ཙམ་མེད་པ་སྐབས་དེ་དུས་ནས་ངོས་ལ་ཚོར་སྣང་བྱུང་། ཕྱི་དངོས་པོས་ལུས་ཀྱི་བདེ་བ་ཙམ་ལས་སེམས་ནང་བདེ་སྐྱིད་བསྐྲུན་མི་ཐུབ། ང་ཚོས་སྒེར་གྱི་ཆོས་དད་ཇི་ཡིན་ལ་མ་ལྟོས་པར་ཕན་ཚུན་དབར་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཀྱི་ཐབས་ལམ་རིགས་བརྗེ་རེས་གནང་ན་འཛམ་གླིང་འདིའི་ནང་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་རྒྱུར་ཕན་ཐོགས་ཡོང་གི་རེད་དྲན་བྱུང་། སྐབས་དེར་ང་ཚོའི་དགོན་སྡེ་གྲྭ་ཚང་ཁག་གིས་མི་སྣ་ཁག་གཅིག་གིས་ངོས་ལ་དགོན་པའི་ནང་ཚན་རིག་སློབ་ཁྲིད་བྱས་ཚེ་ནང་ཆོས་སློབ་གཉེར་བྱེད་རྒྱུར་འགོག་རྐྱེན་འགྲོ་སྲིད་པའི་བསམ་ཚུལ་འདོན་མཁན་བྱུང་བ་མ་ཟད། ནུབ་ཕྱོགས་ངོས་ཤེས་པ་ཁག་གཅིག་གིས་ཚན་རིག་ནི་ཆོས་གཏོར་བཤིག་གཏོང་མཁན་རེད་ཅེས་བརྗོད་མཁན་ཡང་བྱུང་། འོན་ཀྱང་ང་ཚོས་ཤར་བསྐྱོད་ཀྱིས་མུ་མཐུད་ཚན་རིག་པ་དང་ལྷན་བགྲོ་གླེང་བྱས་ཏེ་དེ་རིང་ང་ཚོ་ཡུ་རོབ་ནང་བགྲོ་གླེང་བྱེད་བཞིན་ཡོད། ཅེས་དང་།
གཞན་ཡང་། སེམས་དང་སྲོག་བསྟི་གནས་ཁང་གིས་ཕྱི་དངོས་པོའི་འཛུགས་སྐྲུན་ཙམ་མ་ཟད་ནང་སེམས་ཀྱི་རིན་ཐང་ཐོག་ཐུགས་སྣང་གནང་བར་བསྔགས་བརྗོད་མཛད་པ་དང་སྦྲགས། བགྲོ་གླེང་འདིའི་བརྒྱུད་འཛམ་གླིང་འདིའི་ནང་ལུས་སེམས་གཉིས་ཀའི་བདེ་བ་གོང་འཕེལ་ཡོང་རྒྱུའི་ཐུགས་རེ་མཛད་བཞིན་ཡོད་སྐོར་བཀའ་སྩལ་བ་དང་ལྷན། བྱམས་བརྩེ་་ནི་ཆོས་ལ་དད་པ་ཡོད་མཁན་གཅིག་པུ་ཙམ་མ་ཡིན་པར་མི་ཚང་མར་དགོས་ཀྱི་ཡོད་པ་དང་། མིའི་རང་བཞིན་ལྷན་སྐྱེས་ནི་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ཚན་རིག་པ་ཚོས་བརྟག་དཔྱད་ཀྱིས་བརྒྱུད་ར་འཕྲོད་བྱུང་ཡོད་པ་དེ་ནི་ང་ཚོའི་རེ་བའི་འབྱུང་ཁུངས་ཞིག་ཆགས་ཡོད། དེར་བརྟེན་ང་ཚོས་འབད་བརྩོན་བྱས་ཚེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཏན་ཏན་བཏང་ཐུབ་ངེས་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མུ་མཐུད་བགྲོ་གླེང་མཛད་ཡོད་པ་རེད།
ཚེས་ ༡༠ ཉིན་སྔར་ཉིན་བཞིན་སེམས་དང་སྲོག་གི་མཁས་པའི་བགྲོ་གླེང་གི་མགོན་དུ་དབུ་བཞུགས་ཀྱིས་ནུས་སྟོབས་དང་གཅེས་སྐྱོང་། ཞེས་པའི་བརྗོད་གཞིའི་ཐོག་ཆོས་ཕྱོགས་དང་ཆོས་ལུགས་ཀྱིས་ལྟ་ཚུལ་ཇི་ཡིན་སྐོར་བཀའ་སློབ་བསྩལ་ཡོད།
དེ་ཡང་ཉིན་གཉིས་པའི་ལས་རིམ་གཙོ་སྐྱོང་གནང་མཁན་ལྕམ་སྐུ་རོ་ཤི་ཇོན་ཧ་ལི་ཕེག་སེ་ Roshi Joan Halifax ལགས་ཀྱིས་ལས་རིམ་སྐོར་ངོ་སྤྲོད་གནང་གྲུབ་བསྟུན་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཐོག་མར་ངོས་རང་ལ་བརྗོད་གཞི་འདིའི་སྐོར་འཆད་རྒྱུའི་གོ་སྐབས་གནང་བ་དེ་ཧ་ཅང་གི་ཆེས་མཐོང་ཆེན་པོ་ཐོབ་པ་ཞིག་བྱུང་། དང་པོ་དེར་ངོས་རང་ནང་པའི་ཆོས་པ་ཞིག་ཡིན་པའི་ཆ་ནས་ངོས་ཀྱི་མི་ཚེའི་དམ་བཅའ་གཅིག་ནི་འཛམ་གླིང་འདིའི་ནང་ཡོད་པའི་ཆོས་ལུགས་ཡོངས་རྫོགས་དོན་དམ་གྱི་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ཡིན། ཆོས་ལུགས་ནང་ཕན་ཚུན་མཐུན་སྒྲིལ་བྱེད་རྒྱུ་དེ་ཡང་གཞི་རྩ་ཡོད་པ་ཞིག་ཡིན།
གནའ་བོའི་ཆོས་ལུགས་ཛོ་ར་ཛོ་དིན་ཞེས་རྒྱ་གར་མུམ་བྷེ་ནང་ཡོད། སྤྱིར་དེར་མི་འབོར་འབུམ་གཅིག་ཙམ་ཡོད་པའི་སྤྱི་ཚོགས་ཆུང་ངུ་ཞིག་ཡོད་པ་དེ་ཧ་ཅང་གི་སེམས་བག་ཕེབས་པོ་ཡོད། དེ་ནས་རྒྱ་གར་ནང་ཇུ་དེ་སིམ། ཁ་ཆེ། ཡེ་ཤུ་བཅས་རིམ་པས་བྱུང་ཡོད། ཆོས་ལུགས་ཚང་མས་བྱམས་བརྩེའི་ཉམས་ལེན་དང་བཟོད་སྒོམ། དེ་བཞིན་ཚུལ་ཁྲིམས་བསྲུང་རྒྱུའི་བསླབ་བྱ་གཅིག་གྱུར་ཡིན་སྟབས། དེ་ནི་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུའི་གཞི་བརྟེན་ཞིག་ཏུ་འགྱུར་ཡོད། ལྟ་གྲུབ་ཀྱི་ཆ་ནས་ཆོས་ལུགས་སོ་སོར་ལྟ་ཚུལ་རང་ག་བ་རེ་ཡོད། དེའི་ནང་ཚན་ནས་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་རིགས་གཅིག་དང་འཇིག་རྟེན་བཀོད་པ་པོ་ཁས་མི་ལེན་མཁན་བཅས་གཉིས་སུ་དབྱེ་ཡོད། རྒྱ་གར་ནང་ཡོད་པའི་ཇེན་དང་ནང་པའི་ཆོས་ལུགས་དེ་དག་གིས་འཇིག་རྟེན་བཀོད་པ་པོ་མི་འདོད་ཀྱང་། ལྟ་གྲུབ་ཀྱི་ཆ་ནས་ཁྱད་པར་ཡོད་པ་ཞིག་ཡིན། ཡེ་ཤུ་དང་ཁ་ཆེ་ཆོས་ལུགས་གཉིས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་ཡོད། ནང་པའི་ཆོས་ལུགས་ནང་ལའང་སྡེ་ཚན་བཞི་ཙམ་ཕྱེ་ཡོད་པ་ནི། མདོ་སྡེ་པ། བྱེ་བྲག་སྨྲ་བ། སེམས་ཙམ་པ། དབུ་མ་པ་ཞེས་གསུངས་ཡོད། ང་ཚོ་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་ཐེག་པ་ཆེན་པོའི་ཆོས་ཚུལ་དང་། ཐེ་ཝན། འབར་མ་བཅས་ནི་ཐེག་དམན་པའི་ཆོས་ཚུལ་གསུང་བཞིན་ཡོད།
ཡིན་ནའང་ཆོས་ལུགས་སོ་སོའི་རིག་གཞུང་དང་ལྟ་གྲུབ། ལྟ་ཚུལ་མ་འདྲ་བ་ངེས་པར་དུ་ཡོང་ཆོག་པ་ཞིག་དང་དེ་ལྟར་ཡོང་དགོས་ངེས་ཤིག་ཆགས་ཡོད། བྱམས་བརྩེ་དང་བཟོད་སྒོམ་གྱི་ཉམས་ལེན་ཞིག་བྱས་པར་འཇིག་རྟེན་བཀོད་པ་པོ་འདོད་མཁན་ཞིག་ཡིན་ཕྱིན། ཧ་ཅང་གི་ངོ་མཚར་ལྡན་པ་ཞིག་རེད། ང་ཚོ་ཚང་མ་དཀོན་མཆོག་གཅིག་གིས་བཟོས་པ་རེད། ཅེས་གསུངས་སྟབས། དཀོན་མཆོག་དེར་མཐའ་མེད་པའི་བྱམས་བརྩེ་ཞིག་ཡོད་པ་རེད། མི་ཚེ་འདི་དཀོན་མཆོག་གིས་བཟོས་པ་རེད། ཅེས་གསུངས་ཡོད། དེ་འདྲས་ལྟ་ཚུལ་དེའི་ཐོག་ནས་ང་ཚོ་དཀོན་མཆོག་དང་ཧ་ཅང་གི་སེམས་ཐག་ཉེ་པོ་ཆགས་ཀྱི་ཡོད། མི་ཚེ་འདི་སྒང་དཀོན་མཆོག་གིས་བཟོས་པ་ཞིག་གི་ལྟ་ཚུལ་ཡོད་པར་བརྟེན། དཀོན་མཆོག་དེ་སོ་སོའི་པ་ལགས་ལྟ་བུ་ཞིག་ཆགས་ཡོད།
གལ་སྲིད་པ་ལགས་ཁོང་ཁྲོ་ཅན་ཞིག་ཡིན་ན་ཁག་པོ་རེད་མ་གཏོགས་གཞན་དཀོན་མཆོག་དེ་སོ་སོའི་པ་ལགས་བརྩེ་བ་མཐའ་ཡས་པ་སྦྱིན་མཁན་ཞིག་ཡིན་བསམས་པའི་བསམ་བློའི་འཛིན་ཕྱོགས་དེའི་ཐོག་ནས་རང་ཉིད་སོ་སོ་ཡིན་ནའང་ངོས་རང་བརྩེ་བའི་བདག་ཉིད་ཅན་གྱི་པ་ལགས་དེའི་བུ་ཡིན་པས་ཕའི་རྒྱུད་ཀྱི་ཡོན་ཏན་གྱི་ནུས་པ་ངར་ཡོད་སེམས་པ་ཞིག་ཡོང་གི་ཡོད་སྟབས། ཧ་ཅང་གི་ནུས་པ་ཆེན་པོ་ཞིག་རེད་འདུག དེ་ནས་འཇིག་རྟེན་བཀོད་པ་པོ་མཁས་མི་ལེན་མཁན་ཇི་ནི་སིམ་ལྟ་བུར་མཚོན་ན། འཚེ་མེད་ཞི་བར་གཙིགས་ཆེར་འཛིན་མཁན་ཞིག་དང་། སེམས་ཅན་ཡོད་དོ་ཅོག་གི་ཚེ་སྲོག་ལ་རིན་ཐང་བརྩིས་གནང་མཁན་གྱི་ཆོས་ལུགས་ཤིག་ཆགས་ཡོད་པ་མ་ཟད། ཞལ་ཟས་སུའང་ཤ་མེད་བཞེས་གནང་མཁན་ཞིག་ཡིན་པར་བརྟེན། ང་ཚོ་ནང་པ་དང་བསྡུར་ན་ཧ་ཅང་གི་བློ་རྒྱ་ཆེན་པོ་བཞེས་མཁན་ཞིག་ཡིན་པ་རེད། ནང་པ་སངས་རྒྱས་པ་ཡིན་ན། ལེགས་ཉེས་གང་ཞིག་བྱུང་བ་དེ་སོ་སོ་རང་ཉིད་ལ་རག་ལུས་པ། གལ་སྲིད་རང་ཉིད་ཀྱི་འདུན་ལམ་ཡག་པོ་ཞིག་བྱུང་ན། རང་ཉིད་སོ་སོའི་ཁེ་ཕན་ཞིག་ཡིན་པ་རེད།
གལ་སྲིད་སོ་སོས་བྱམས་བརྩེ་སོགས་ཉམས་ལེན་མ་བྱས་ན། སོ་སོར་ཁེ་ཕན་ཡོང་མི་ཐུབ་པ། གང་ལྟར་ཡོད་ཚད་སོ་སོར་རག་ལུས་པ་གསུངས་ཡོད། ལྟ་ཚུལ་དེ་ཡང་ཧ་ཅང་གི་ཡག་པོ་ཡིན་པ་རེད། ལོ་ཉིས་སྟོང་གོང་ལ་ལྟ་གྲུབ་འདྲ་མིན་གསུང་མཁན་གྱི་སྟོན་པ་དེ་དག་འཛམ་གླིང་སྟེང་བྱོན་ནས་ཐུན་མོང་མ་ཡིན་པ་རེ་གསུངས་ཡོད། དེ་ཡང་ས་ཆའི་གནས་བབ་དང་རིག་གཞུང་བྱེ་བྲག་པ། མིའི་སེམས་ཁམས་ཀྱི་མོས་པ་སྣ་ཚོགས་པ་སོགས་ལ་བརྟེན་ནས་ལྟ་གྲུབ་འདྲ་མིན་གསུངས་པ་དེ་ངེས་པར་དུ་དགོས་ངེས་ཅན་ཞིག་ཡིན་པ་རེད། རིག་གཞུང་གི་ལྟ་སྟངས་ཐོག་ནས་འཛམ་གླིང་འདིའི་སྟེང་ཆོས་ལུགས་ཕལ་མོ་ཆེར་སྡེ་ཚན་གསུམ་ཡོད་པ་ནི། དང་པོ། ཆོས་ཕྱོགས། དེ་ནི་ཆོས་ལུགས་ཡོངས་རྫོགས་གཅིག་གྱུར་ཆགས་ཡོད། ཨ་རིར་དགུ་པའི་བཅུ་གཅིག་གི་དོན་རྐྱེན་ཞིག་བྱུང་ཡོད། ངོས་ནས་ཁ་ཆེར་རྒྱབ་སྐྱོར་བྱེད་ཀྱི་ཡོད། གང་ཡིན་ཟེར་ན། ཁ་ཆེའི་སྟོན་པ་མོཧད་མས་གང་ཟག་ཕོ་མོ་སུ་ཞིག་ཡིན་རུང་མི་གསོད་ཁྲག་སྦྱོར་གྱི་ལས་ཀར་ཞུགས་ཚེ་གང་ཟག་དེ་ཁ་ཆེའི་ཆོས་པ་ཡང་དག་པ་ཞིག་མིན་སྐོར་གསུངས་ཡོད། ངོས་ནས་དེང་སྐབས་བརྒྱུད་ལམ་ཁག་གི་ནང་བརྗོད་རྒྱུ་བྱུང་། ནམ་རྒྱུན་ང་ཚོས་ཁ་ཆེའི་འཇིགས་སྐུལ་པ་དང་ནང་པའི་འཇིགས་སྐུལ་རིང་ལུགས་ཞེས་བརྗོད་པའི་ཚིགས་བེད་སྤྱོད་བྱེད་བཞིན་པ་དེ་ནོར་འདུག
གང་ཟག་མི་འགའ་རེས་འཇིགས་སྐུལ་ཀྱི་ལས་ཀ་འདིའི་ནང་ཚུད་པར་བརྟེན་ནས་ཁ་ཆེ་དང་ནང་པའི་འཇིགས་སྐུལ་རིང་ལུགས་ཞེས་བརྗོད་མི་ཐུབ། གང་ཟག་རེ་བཟུང་གི་བྱ་སྤྱོད་དེ་ཆོས་ལུགས་དང་མ་བསྲེས་པར་སོ་སོར་དབྱེ་བ་ཕྱེ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཁ་ཆེའི་ཇི་ཧད་ཀྱི་དོན་དག་ངོ་མ་དེ་གཞན་ལ་གནོད་འཚེ་བྱ་རྒྱུ་མིན་པ་དེ་རེད། ཅེས་ཐོག་མ་རྒྱ་གར་ནས་ཡིན་པའི་ཁ་ཆེའི་ཆོས་པ་ཞིག་དང་། དེ་ནས་ནིའུ་ཡོག་ནས་ཁ་ཆེའི་སློབ་དཔོན་ཞིག་གིས་དེ་ལྟར་གསུང་བྱུང་། དེར་བརྟེན་བྱམས་བརྩེ་ནི་ཆོས་ལུགས་ཐུན་མོང་གི་ཉམས་ལེན་གཅིག་གྱུར་ཡིན་པ་དང་། དེ་བཞིན་གཉིས་པ་ལྟ་གྲུབ་སྣ་ཚོགས་ཡོད་པ་དེ་གོང་བརྗོད་ལྟར། ཟ་ཁང་ཞིག་གི་ནང་དུས་གསུམ་གྱི་ཞལ་ལག་གཅིག་ཡིན་ཚེ་ཟ་ཁང་དེར་ཡོང་མཁན་གྱི་མི་ཉུང་དུ་འགྲོ་རྒྱུ་ཡིན་སྟབས། ཟ་ཁང་ཞིག་གི་ནང་ཁ་ཟས་ཇི་ཙམ་སྣ་འཛོམས་པ་དེས་ཚོད་ཀྱི་བྲིན་རྒྱུགས་ཆེ་བ་ཡོང་བ་བཞིན། ལྟ་གྲུབ་འདྲ་མིན་གསུང་པ་དེས་ཆོས་ལུགས་ཡོངས་རྫོགས་ཀྱི་མིག་ཡུལ་གཅིག་ཡིན་པའི་བྱམས་བརྩེའི་ཉམས་ལེན་གནང་ཕྱོགས་ཐད་ཐབས་ལམ་འདྲ་མིན་ཞིག་གསུང་ཡོད་སྟབས་ཕན་ཐོགས་ཆེན་པོ་བྱུང་ཐུབ་ཀྱི་ཡོད། དེར་བརྟེན་སྟོན་པ་རང་ཉིད་ཀྱིས་ཀྱང་ལྟ་གྲུབ་མི་འདྲ་བ་གསུངས་ཡོད། ཅེས་དང་།དེ་ནས་རིག་ཚན་འདྲ་མིན་ནས་ཡིན་པའི་མཁས་དབང་རྣམས་དང་ལྷན་བཀའ་བསྡུར་མཛད་པ་དང་སྦྲགས། མཐའ་དོན། ༸གོང་ས་མཆོག་གིས་སླར་ཡང་གང་ཉིད་ཀྱི་སྐུ་ཚེ་ཧྲིལ་པོའི་མཛད་འགན་རྣམས་ངོ་སྤྲོད་འཁྱུག་ཙམ་རེ་དང་། ང་ཚོ་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་ཕྱིར་མ་འོངས་པའི་རེ་བ་བྱེད་ས་གཅིག་པུ་དེ་ནི་ཤེས་ཡོན་སློབ་སྦྱོང་བརྒྱུད་ནས་ཡར་རྒྱས་གཏོང་རྒྱུ་དེ་ཡིན་པ་དང་། དེར་བརྟེན་གང་ཟག་མི་རེ་ངོ་རེར་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་ལས་འགན་དེ་བསྒྲུབ་དགོས་པ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
ཚེས་ ༡༡ ཉིན་གྱི་སྔ་དྲོ་༸གོང་ས་མཆོག་གིས་ཕི་ལེ་མིཤ་བརྙན་འཕྲིན་གསར་འགྱུར་བརྒྱུད་ལམ་ Flemish TV News གྱི་གསར་འགོད་པས་སྦེལ་ཇམ་དང་ཡུ་རོབ་ཁུལ་དུ་ཆིབས་སྒྱུར་སྐབས་སྤྲོ་བོ་བྱུང་ཡོད་མེད་སྐོར་གྱི་དྲི་བར་བཀའ་ལན་སྩལ་སྐབས། ༸གོང་སམཆོག་གིས་མཆོག་ཕྱི་ལོ་ ༡༩༧༣ ལོར་ཐོག་མར་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཆིབས་སྒྱུར་བསྐྱངས་སྐབས་བྷི་བྷི་སི་གསར་ཁང་གི་ Mark Tully ལགས་ཀྱི་ཆེད་དོན་དྲི་བར་བཀའ་ལན་སྩལ་བ་དྲན་གསོ་མཛད་པ་སྦྲགས། ༸གོང་ས་མཆོག་རང་ཉིད་འཛམ་གླིང་འདིའི་མི་སེར་གཅིག་ཡིན་པ་དང་ཁོང་ཉིད་ནི་རེ་བ་བཟང་ས་ནས་རྒྱག་མཁན་ཞིག་ཡིན་པ། དེ་བཞིན་ད་ལྟའི་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་དང་འབྲེལ་བའི་ཤེས་ཡོན་སློབ་གསོ་གཏན་འབེབས་གནང་རྒྱུའི་ཐོག་འབད་བརྩོན་ཡང་དག་ཅིག་བྱས་ཚེ་དུས་རབས་འདིའི་ནང་འཛམ་གླིང་འདི་ཞི་བདེ་དང་བདེ་སྐྱིད་ལྡན་པ་ཞིག་ཆགས་ཐུབ་ངེས་ཡིན་སྐོར་བཀའ་ལན་སྩལ
དེ་རྗེས་༸གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་ནང་འཚོགས་བཞིན་པའི་སེམས་དང་སྲོག་གི་ཚོགས་འདུའི་མཇུག་བསྒྲིལ་ཐོག་ལྷན་ཞུགས་ཀྱིས་བཀའ་སློབ་བཀའ་དྲིན་སྩལ་ཡོད། གོང་ཚེས་ཉིན་གྱི་ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་སྦར་སེལ་གྱི་མཐའ་རུ་ཡོད་པའི་ Brussels Expo ཞེས་པར་མང་ཚོགས་ཆིག་ཁྲི་བརྒལ་བར་མི་སྒེར་གྱི་ལས་འགན་དང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད། སྐབས་དེར་ཡུ་རོབ་སེམས་དང་སྲོག་བསྟི་གནས་ཁང་གི་འགན་འཛིན་སན་ཌར་ཊཡེ་ཌི་མེན་ Sander Tideman ལགས་ཀྱིས་༸གོང་ས་མཆོག་སྡིངས་ཆའི་སྟེང་གདན་ཞུས་བ་དང་སྦྲགས། སྦར་སེལ་གྲོས་ཚོགས་ཀྱི་ཚོགས་གཙོ་ Charles Picqué མཆོག་དང་ཕེ་ལེ་མིཤ་གྲོས་ཚོགས་ཀྱི་ཚོགས་གཙོ་ Jan Peumans མཆོག་རྣམ་གཉིས་ལ་ལས་རིམ་ངོ་སྤྲོད་ཡོང་བའི་འབོད་སྐུལ་ཞུས་འདུག དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། དུས་རྒྱུན་ངོས་ཀྱིས་མི་གཞན་དང་ཐུག་འཕྲད་བྱེད་སྐབས་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་འདུ་ཤེས་འཛིན་གྱི་ཡོད། ང་ཚོ་ཐོག་མར་མ་ནས་སྐྱེ་སྟངས་དང་མཐར་འཆི་སྟངས་སོགས་གཅིག་མཚུངས་ཆགས་ཡོད། ང་ཚོ་ཚང་མ་སྤུན་ཟླ་ཕོ་མོ་ཆགས་ཡོད། དེང་སྐབས་ང་ཚོར་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་ནི་ང་ཚོས་ཕན་ཚུན་གཅིག་གྱུར་གྱི་འདུ་ཤེས་དེ་དོར་ཏེ། རིམ་པ་གཉིས་པའི་ཐོག་ནས་མི་ཕན་ཚུན་མི་འདྲ་བའི་ཁྱད་པར་ཡོད་པ་དེ་དག་ལ་གཙིགས་ཆེར་འཛིན་པར་བརྟེན་དཀའ་ངལ་དེ་དག་འབྱུང་བཞིན་ཡོད། ང་ཚོས་ངའི་རྒྱལ་ཁབ་དང་ཁོ་པ་ཚོའི་རྒྱལ་ཁབ། ང་ཚོ་དང་ཁོ་པ་ཚོ། ཞེས་པའི་འཐེན་ཁྱེར་གྱི་བསམ་བློ་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་དུས་རབས་ ༢༠ ནང་རྩོད་རྙོག་དང་དྲག་སྤྱོད་སོགས་བྱུང་བའི་རྗེས་འབྲས་སུ་དམག་ཆེན་གཉིས་པོ་བྱུང་བ་རེད། དེང་སྐབས་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་འབྱུང་བའི་གོད་ཆག་སོགས་ཇེ་མང་དུ་འགྲོ་བཞིན་པ་དེ་དག་ནི་མིས་བཟོས་པའི་དཀའ་ངལ་ཤ་སྟག་རེད།
སྐབས་རེ་མི་ཁག་གཅིག་གིས་བྱམས་བརྩེ་ཉམས་ལེན་བྱེད་རྒྱུ་དེ་ཞན་ཆ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པ་དེ་ནོར་འཁྲུལ་རེད། དེ་ལས་ལྡོག་ཏེ་བརྩེ་བ་ནི་ནུས་སྟོབས་ཀྱི་མཚོན་རྟགས་ཤིག་ཡིན་པ་དང་ཁོང་ཁྲོ་དེ་ཞན་ཆ་ཞིག་ཡིན། དེ་བཞིན་མི་འགས་བྱམས་བརྩེ་བྱེད་རྒྱུ་ནི་མི་གཞན་ཁོ་ནར་ཕན་ཐོགས་ཡོད་པར་ངོས་འཛིན་བྱེད་རྒྱུ་དེ་ཡང་ནོར་བ་རེད། སེམས་པ་བཟང་པོ་དང་བྱམས་བརྩེ་སོ་སོའི་རྒྱུད་ལ་སྐྱེ་ཚེ་དེའི་ཁེ་ཕན་དེ་ཐོག་མ་རང་ཉིད་སོ་སོར་ཡོང་གི་ཡོད། དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་གཙོ་བཟུང་བྱས་པ་ལས་ནང་བསམ་བློའི་རིན་ཐང་ཐོག་དོ་སྣང་བྱེད་ཀྱི་མེད་པར་བརྟེན། དེང་དུས་ཀྱི་ཤེས་ཡོན་དེ་ནང་སེམས་ཀྱི་རིན་ཐང་གོང་མཐོར་གཏོང་རྒྱུའི་སློབ་གསོ་འདང་ངེས་ཤིག་མེད། གལ་ཏེ་ང་ཚོས་མིའི་རྣམ་དཔྱོད་དེ་ཉིད་བེད་སྤྱོད་བྱས་ཚེ་ནང་བསམ་བློའི་རིན་ཐང་གི་ནུས་པ་གོང་མཐོར་གཏང་ཐུབ། དེར་བརྟེན་འགྲོ་བ་མིའི་རྒྱུད་ལ་ཡོད་པའི་བཟང་པོའི་ཡོན་ཏན་གོང་འཐོར་གཏོང་སྟེ་འགྲོ་བ་མིའི་རིགས་ལ་བདེ་སྐྱིད་བསྐྲུན་ཐབས་བྱ་རྒྱུ་ནི་ངོས་ཀྱི་འགན་འཁུར་དང་པོ་དེ་ཡིན།
ངོས་རང་ནང་པའི་དགེ་སློང་དང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་མཁན་གྱི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་སྤེལ་གཏོང་ཐབས་བྱ་རྒྱུ་ནི་ངོས་ཀྱི་འགན་འཁུར་གཉིས་པ་དེ་ཡིན། རྒྱ་གར་ནང་འདས་པའི་ལོ་ངོ་སྟོང་ཕྲག་རིང་ནས་ ཆོས་ལུགས་གཙོ་ཆེ་འདྲ་མིན་འཆམ་མཐུན་ངང་འཚོ་གནས་བྱེད་བཞིན་ཡོད་པ་ནི་ཆོས་ལུགས་འདྲ་མིན་ཞི་མཐུན་ངང་གནས་ཐབས་ཡོད་པའི་མིག་དཔེ་ལྟ་བུར་གྱུ་ཡིན། ངོས་ཀྱི་འགན་འཁུར་གསུམ་ནི་ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་དང་ལྷག་པར་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་སེར་སྐྱ་ཡོངས་ཀྱིས་ངོས་ལ་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་བཞིན་ཡོད་སྟབས། བོད་དོན་ཐོག་དམིགས་བསལ་འགན་འཁུར་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་མཛད་ཡོད།
ཕྱེད་ཡོལ་མང་ཚོགས་ཆིག་ཁྲི་བརྒལ་བར་མི་སྒེར་གྱི་ལས་འགན་དང་འཇིག་རྟེན་ཀུན་ཁྱབ་ཀྱི་འགན་ཁུར་Individual Commitment and Global Responsibility ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཡོད་པ་དང་། དེ་རྗེས་སྦེལ་ཇམ་ཁུལ་དུ་གནས་སྡོད་བོད་རིགས་ ༣༥༠༠ ཙམ་ལ་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་དང་ཡ་རབས་བཟང་སྤྱོད་མི་ཉམས་རྒྱུན་འཛིན་བྱ་དགོས་པ་དང་། དེ་བཞིན་ནང་ཆོས་ལ་སློབ་གཉེར་ཡག་པོ་བྱས་ཏེ་དུས་རབས་ ༢༡ པའི་ནང་པ་ཞིག་ཆགས་ཐབས་བྱ་དགོས་སྐོར་སོགས་ཀྱི་བཀའ་སློབ་བཀའ་དྲིན་སྩལ།
ཚེས་ ༡༢ ཉིན་སྦར་སེལ་ཁུལ་གྱི་མཛད་འཕྲིན་ཉིན་མཐའ་མར་སྦར་སེལ་ནང་ས་ཕྱོགས་འདྲ་མིན་ནས་ཡིན་པའི་གཞོན་སྐྱེས་འཛིན་སྐྱོང་གཙོ་འཛིན་པ་ཁག་གཅིག་ལས་གྲུབ་པའི་ན་གཞོན་འགོ་ཁྲིད་ཚོགས་པའི་ཚོགས་མི་རྣམས་དང་ལྷན་མཇལ་འཕྲད་གནང་བ་དང་། སྐབས་དེར་མཇལ་བཅར་བས་༸གོང་ས་མཆོག་ལ་ཚོང་ལས་གཉེར་སྐབས་མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་དེ་ཉིད་ལག་བསྟར་ཇི་ལྟར་བྱ་དགོས་པའི་ཐོག་བཀའ་འདྲི་ཞུས་པར། ༸གོང་ས་མཆོག་གིས་བྱ་བ་གང་འདྲ་ཞིག་བརྩམ་ཡང་གཙོ་ཆེ་ཤོས་མི་དེའི་ཀུན་སློང་ལ་རགས་ལུས་ཡོད་པས་ནམ་ཞག་རྒྱུན་དུ་ཀུན་སློང་བཟང་པོ་ཞིག་ཁྱེར་དགོས་སྐོར་སོགས་ཀྱི་བཀའ་ལན་སྩལ་ཡོད་པ་མ་ཟད། དེ་བཞིན་འཕྲུལ་ཆས་བཀོལ་སྤྱོད་དང་། དཀའ་ངལ་ལ་གདོང་ལེན་བྱེད་ཕྱོགས་སོགས་ཀྱི་དྲི་བར་ཡང་བཀའ་ལན་སྩལ་འདུག དེ་རྗེས་སྦར་སེལ་གྱི་ལྷོ་ཤར་ཁུལ་དུ་རྟེན་གཞི་བྱས་པའི་ University of Louvain ཞེས་པའི་གཙུག་ལག་སློབ་གཉེར་ཁང་དུ་སློབ་མ་ཆིག་སྟོང་འདུ་འཛོམས་ཀྱི་དབུས་སུ་སྦེལ་ཇམ་ཁུལ་གྱི་ཆོས་ལུགས་འདྲ་མིན་གྱི་མི་སྣ་གྲགས་ཅན་ཁག་གཅིག་དང་ལྷན་དུ་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད།
སྐབས་དེར་༸གོང་ས་མཆོག་གིས་ཁོང་ཉིད་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བ་དང་། ཕྱི་ལོ་ ༡༩༧༣ ལོར་ཐོག་མར་ཡུ་རོབ་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐོར་ངོ་སྤྲོད་མཛད་པ་དང་སྦྲགས། ང་ཚོ་ཚང་མས་འགྲོ་བ་མིའི་རིགས་གཅིག་མཚུངས་ཀྱི་འདུ་ཤེས་འཛིན་རྒྱུ་དང་། ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་རྟེན་ནས་འཚོ་བཞིན་ཡོད་པ་དང་། ད་ཆ་ང་ཚོ་ཚང་མར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་གཅིག་མཚུངས་འཕྲད་བཞིན་ཡོད་སྐོར། དེ་བཞིན་༸གོང་ས་མཆོག་གིས་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་མིའི་རང་བཞིན་ལྷན་སྐྱེས་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད་པ་དང་། ད་ལྟ་ཡོད་བཞིན་པའི་ཤེས་ཡོན་གྱི་ལམ་ལུགས་ནང་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་གཙོ་བཟུང་བྱེད་བཞིན་ཡོད་པར་བརྟེན། དེས་བྱམས་བརྩེ་གོང་མཐོར་གཏོང་རྒྱུར་དེ་ཙམ་ཕན་ཐོགས་ཐུབ་ཀྱི་མེད་སྐོར། ཆོས་ལུགས་གཙོ་ཆེ་ཚང་མས་བྱམས་པ་དང་བརྩེ་བའི་བསླབ་བྱ་གཅིག་མཚུངས་གསུང་བཞིན་ཡོད་སྟབས། ཁ་ཆེ་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་མཁན་ཚོ་ཁ་ཆེའི་ཆོས་པ་ཡང་དག་པ་ཞིག་མིན། འོན་ཀྱང་ང་ཚོས་ཁ་ཆེ་དྲག་སྤྱོད་པའམ་ཡང་ན་ནང་པའི་དྲག་སྤྱོད་པ་ཞེས་བོས་ན་ནོར་འཁྲུལ་ཡིན་སྐོར་སོགས་བཀའ་སློབ་སྩལ་ཡོད།
དེ་རྗེས་ཉིན་གུང་ལྗགས་སྨིན་གྲུབ་མཚམས་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཆིབས་ཞལ་བསྒྱུར་ཡོད་པ་དང། དེ་ནས་༸གོང་ས་མཆོག་པེ་རི་སིའི་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་ཡུ་རོབ་ཁོར་ཡུག་ཚོགས་པའི་ནང་ཕ་རན་སིའི་ཚོགས་མི་དང་ཕ་རན་སིའི་ས་གནས་ཀྱི་རྫོང་གཉིས་པའི་གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ Jacques Boutault ལགས་དང་། ༸གོང་ས་མཆོག་དང་ཐུགས་འདྲིས་ཉེ་པོ་ཡོད་པའི་ཕ་རན་སིའི་བློན་ཆེན་ཟུར་པ་སྐུ་ཞབས་ Robert Badinter མཆོག་རྣམ་གཉིས་ཀྱིས་གཙོས་ས་གནས་བོད་རིགས་བཅས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་བཅས།།