༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་ཨེ་ཤ་ཡའི་ཨིནྜི་ནི་ཞིས་ཡ་དང་ཀོ་རུ་ཡ། མ་ལེ་ཞིས་ཡ། སངྒ་པོར། ཐའེ་ལན་ཊི། ཝེ་ཏི་ནམ་བཅས་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར་འཕགས་མཆོག་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་ཐོག་མར་ཨེ་ཤ་ཡའི་ཆོས་ཞུ་དགེ་འདུན་པ་ཁག་གཅིག་གིས་པ་ལའི་སྐད་དང་དབྱིན་སྐད་གཉིས་ཀྱི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་པད་བརྟན་པ་དང་མཆོག་གསུམ་གྱི་བདེན་འཐུས་བཀྲ་ཤིས་པའི་ཆེད་ཞལ་འདོན་གསུང་འདོན་གནང་བ་དང་། དེ་རྗེས་༸གོང་ས་མཆོག་གིས་བྱང་ཆུབ་སེམས་ཀྱི་རྒྱབ་རྟེན་དང་བཅས་པའི་སྟོང་ཉིད་ཀྱི་ལྟ་བ་སྒོམ་ཐུབ་པ་ཡིན་ན་རྒྱལ་བ་དགྱེས་པའི་མཆོད་པ་དེ་ལས་ལྷག་པ་མེད་ཚུལ་སོགས་སྔོན་འགྲོའི་གསུང་ཆོས་སྩལ་དོན།
དེ་རིང་སྐབས་སུ་བབ་པ་ནི་གསང་སྔགས་ཀྱི་ཆོས་རེད། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་སྟོང་ཉིད་ཀྱི་ལྟ་བའི་ཉམས་ལེན་ཡོད་པའི་ཐོག་ནས་གསང་སྔགས་ཉམས་ལེན་བྱེད་རྒྱུ་རེད་མ་གཏོགས་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་སེམས་ཀྱི་ཚིགས་བཅད་རེ་བཏོན་པ་ཙམ་གྱིས་ཧ་ཅང་ཁག་པོ་རེད། ལོ་ནས་ལོ་བསྟུན་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་ནས་ཐོག་མར་ཐོས་བྱུང་གི་ཤེས་རབ་སྐྱེས་པ་དང་། དེ་ནས་ཡང་ཡང་བསམ་བློ་བཏང་སྟེ་བསམ་བྱུང་གི་ཤེས་རབ་སྐྱེས་དགོས། བསམ་བྱུང་གི་ཤེས་རབ་ཅེས་པ་ནི་ཚད་མ་ཆགས་ཀྱི་ཡོད་པས་སེམས་ཀྱི་གཏིང་ནས་ངེས་པ་རྙེད་པ་ཞིག་ཡོང་གི་རེད། སེམས་གཏིང་ནས་ངེས་པ་ཐོབ་པའི་དོན་དེ་ཉིན་དང་མཚན་ལ་ཡང་ཡང་བསམ་བློ་བཏང་སྟེ་སོ་སོའི་ཉིན་ཞག་ཕྲུག་གཅིག་གི་བསམ་བློའི་ཆ་ཤས་གཅིག་ཆགས་ཐུབ་ཚེ་རྒྱལ་བ་དགྱེས་པའི་མཆོད་པ་ཡོང་གི་ཡོད་པ་རེད། དེ་ལྟ་བུའི་ཐོག་ནས་གསང་སྔགས་ཀྱི་ལམ་སྣོན་པ་རྒྱག་དགོས།
གསང་སྔགས་ཀྱི་ཆོས་སྐོར་དེ་ཅི་འདྲ་རེད་ཅེ་ན། རྡོ་རྗེ་ཐེག་པ་ཞེས་པ་ནི་ཕྱག་མཚན་རྡོ་རྗེ་ལག་ཏུ་ཡོད་པས་རྡོ་རྗེ་ཐེག་པ་ཟེར་གྱི་ཡོད་པ་མ་རེད། རྡོ་རྗེ་ཞེས་པ་ནི་ཐབས་ཤེས་དབྱེར་མི་བྱེད་པ་ཅིག་ལ་བཤད་ཀྱི་ཡོད་པ་རེད། ཐབས་ཀྱིས་ཟིན་པའི་ཤེས་རབ་དང་ཤེས་ཀྱིས་ཀྱིས་ཟིན་པའི་ཐབས་ཙམ་མ་རེད། ཤེས་རབ་ཀྱིས་ཟིན་པའི་ཐབས་དང་ཐབས་ཀྱིས་ཟིན་པའི་ཤེས་རབ་དེ་ཕ་རོལ་ཏུ་ཕྱིན་པའི་སྐབས་ནས་ཡོང་གི་ཡོད་པ་རེད། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་ལ་ཐབས་ཤེས་ངོ་བོ་དབྱེར་མི་བྱེད་པའི་ཟུང་འབྲེལ་ཞིག་ལ་བཤད་ཀྱི་ཡོད་པ་རེད། ཐབས་ཤེས་ཟུང་འབྲེལ་ལ་རིམ་པ་མང་པོ་ཡོད་པ་ལས་བློ་རགས་པའི་དབང་དུ་བྱས་པའི་ཐབས་ཤེས་ཟུང་འབྲེལ་དང་། དེ་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་དང་འདྲ་བོ་ཆགས་ཀྱི་ཡོད། དེ་ནས་མཐོ་རུ་ཕྱིན་ཏེ་སྒོ་ལྔའི་ཤེས་པ་དང་ཡིད་ཀྱི་ཤེས་པ། སྒོ་ལྔའི་ཤེས་པ་དང་མཉམ་དུ་འགྲོ་བའི་ཡིད་བློ་དང། སྒོ་ལྔའི་ཤེས་པ་འགག་པའི་སྐབས་ཀྱི་ཡིད་བློ། ཡིད་བློ་དེ་ལའང་ནང་གསེས་ཀྱི་ཕྲ་རགས་མང་པོ་ཡོད། མཐའ་མ་ཡིད་བློའི་རྟེན་བྱེད་པའི་ཀླད་པའི་བྱ་བ་འགག་རྗེས་ཡིད་བློ་དེ་ནི་ཤིན་ཏུ་ཕྲ་བ་ཆགས་ཀྱི་ཡོད། དེ་ལྟ་བུའི་ཡིད་བློ་ཤིན་ཏུ་ཕྲ་བ་དེ་ལ་ཐོག་མ་དང་མཐའ་མ་མེད་པ་ཅེས་བཤད་ཀྱི་ཡོད་པ་རེད། ཅེས་སོགས་དང་།
གཞན་ཡང་། ཐུགས་རྗེ་ཆེན་པོའི་ཆོ་ག་དང་འབྲེལ་བའི་ཐོག་ནས་སྨྱུང་གནས་གནང་རྒྱུ་ང་ཚོར་དར་སྲོལ་ཆེན་པོ་ཡོད་པ་རེད། དེ་ཧ་ཅང་ཡག་པོ་རེད། ཅེས་དང་། གཞན་ཡང་གསང་སྔགས་ཀྱི་ཆོས་ཞེས་བརྗོད་པ་དང་སྔགས་བགྲང་པ་དང་ལྷ་སྒོམ་རྒྱུ་ཞིག་བསམ་བློར་འཁོར་གྱི་ཡོད་པ་རེད། ལྷ་སྒོམ་པ་ཟེར་བ་ནི་སོ་སོའི་ལྟ་སྟངས་བློ་ལྷན་སྐྱེས་ཀྱི་ཐོག་ནས་ལྷ་ཡིན་བསམ་པའི་གསལ་སྣང་བཏོན་པ་ཙམ་གྱིས་ཡོང་ཐབས་ཡོད་པ་མ་རེད། ཅེས་སོགས་སྒོམ་རྒྱག་ཚུལ་དང་། ལུས་རྣམ་སྣང་གི་ཆོས་བདུན། ང་རྒྱལ་དང་གསལ་སྣང་སྒོམ་ཚུལ་སོགས་བཀའ་སྩལ་རྗེས་ཆོས་ཞུ་བའི་ཁྲོད་ཀྱི་དད་ལྡན་ཁག་གཅིག་ལ་དགེ་བསྙེན་གྱི་སྡོམ་པ་འབོག་ཆོག་དང་། སེམས་བསྐྱེད་སྩལ་ཏེ་དབང་དངོས་གཞི་དབུ་འཛུགས་ཀྱིས་བྱང་སྡོམ་བཟུང་བ། ཆུ་དང་། ཅོད་པན་གྱི་དབང་དང་བཅས་པའི་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་སྩལ་བ་དང་། དེ་ནས་ཨེ་ཤ་ཡའི་ཆོས་ཞུ་བ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་བརྟན་པའི་བརྟན་བཞུགས་དབྱིན་སྐད་ཐོག་སྒྲོག་སྦྱངས་ཞུས་ཤིང་། མགོན་པོ་གང་ཉིད་ནས་བསྡུ་ཆོག་གི་རིམ་པ་རྣམས་བསྐྱངས་རྗེས། ཆོས་ཞུ་བ་རྣམས་དང་ལྷན་དུ་དྲན་རྟེན་སྐུ་པར་སྒྲོན་དེ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གཅིག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་པས་གཙོས་བོད་རིགས་དང་། ནུབ་ཕྱོགས་དང་ཡུ་རོབ་སོགས་ནས་ཕེབས་པའི་ཆོས་ཞུ་བ་མི་གྲངས་ ༦༢༦༡ བརྒལ་བར་ཉིན་བཞིའི་རིང་གི་བཀའ་ཆོས་དང་། བཀའ་དབང་བཅས་ཀྱི་གནང་སྒོ་མཇུག་ལེགས་པར་གྲུབ་པ་བཅས།།