༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡༣ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་མཚོ་པདྨར་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཉིན་རྒྱབ་བདེན་པ་བཞི་སོགས་ནང་ཆོས་སྐོར་ངོ་སྤྲོད་དང་། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་མཆོག་གིས་མཛད་པའི་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལྟ་སྒོམ་སྤྱོད་གསུམ་ཉམས་ལེན་དམ་པའི་སྙིང་ནོར་ཞེས་པའི་བཀའ་ཆོས་དང་དགེ་བསྙེན་གྱི་སྡོམ་པ་སྩལ་གནང་མཛད་ཡོད་པ་རེད།
དེ་ཡང་སྐབས་དེར་བཀའ་སློབ་སྩལ་དོན། གནས་ཁྱད་པར་ཅན་མཚོ་པདྨར་དེ་རིང་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང་། གནས་དུས་དམིགས་བསལ་ཞིག་ཆགས་ཡོད། དེ་རིང་འདིར་འཁྱུག་ཙམ་བཅར་ཐུབ་པར་ཧ་ཅང་དགའ་པོ་བྱུང་། འདི་ག་ས་གནས་ཀྱི་འབྲེལ་ཡོད་མི་སྣ་དང་། ལྷག་པར་སྔ་འགྱུར་རྙིང་མའི་དགོན་པ་ནི་སྔ་མོ་ནས་ངོས་རང་རྒྱུས་ཡོད་རེད། བདུད་འཛོམས་རིན་པོ་ཆེས་ཐུགས་འཁུར་ཆེ་བཞེས་གནང་པ་རེད། ཁྱེད་རང་ཚོས་གཟིམ་ཆུང་བཟོ་བཅོས་བརྒྱབ་སྟེ་ཧ་ཅང་ཡག་པོ་བཟོས་འདུག ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ངོས་རང་གནས་ཆེན་འདིར་ཐེངས་མང་པོ་སླེབས་ཡོད། དེ་རིང་སླར་ཡང་སླེབས་ཐུབ་པར་དགའ་པོ་བྱུང་། གཙོ་བོ་སང་ཉིན་ཚེས་བཅུའི་ཉིན་རིག་འཛིན་གདུང་སྒྲུབ་དང་འབྲེལ་བའི་ཚོགས་འབུལ་རྒྱུས་མཚོན་པའི་ཕྱི་དྲོར་རིག་འཛིན་གདུང་སྒྲུབ་ཀྱི་དབང་བྱ་རྒྱུ་རེད། རིག་འཛིན་གདུང་སྒྲུབ་ཀྱི་དབང་རྒྱས་པ་དང་། འབྲིང་བ། བསྡུས་པ་བཅས་ཡོད་པའི་ནང་ནས་སང་ཉིན་འབྲིང་བ་དེ་འདོན་དགོས་དྲན་བྱུང་། དེའི་སྔོན་འགྲོར་དེ་རིང་འདིར་དངོས་གཞིར་སེམས་བསྐྱེད་འདོན་དགོས་བསམ་བྱུང་། དེའི་གོང་དུ་ཁྱེད་རང་ཚོ་སྐྱ་བོ་ཕོ་མོ་ཚོའི་ནང་དགེ་བསྙེན་བསྒྲུབ་འདོད་ཡོད་པ་ཕལ་ཆེར་ཡོད་ངེས་རེད། ཁྱེད་རང་ཚོ་སྐྱ་བོ་ཕོ་མོ་ཚོའི་ནང་དགེ་བསྙེན་བསྒྲུབ་ན་ག་འདྲ་འདུག་གམ། འདོད་པ་ཡོད་པ་རྣམས་ཀྱིས་ལག་པ་སྐྱོངས་དང་། ཞེས་སོགས་བཀའ་སློབ་དང་དགེ་བསྙེན་གྱི་སྡོམ་པ་སྩལ་ཡོད་པ་དང་།
ཚེས་ ༡༤ ཉིན་གནས་ཆུང་གྲྭ་ཚང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་སྔར་ལམ་ལྟར་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་གཞུང་འབྲེལ་ལྷ་མི་ལྷན་འཛོམས་ཀྱི་མཛད་སྒོ་གནས་མཆོག་ཟ་ཧོར་མཚོ་པདྨར་རྟེན་གཞི་བྱས་པའི་ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང་དུ་ཚོགས་ཡོད་པ་དང་། ཞོགས་པ་ཆུ་ཚོད་ ༦ ཐོག་གནས་ཆུང་གྲྭ་ཚང་གིས་སྤྱན་རྒྱ་སྤོས་འཛིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཨོ་རྒྱན་ཧེ་རུ་ཀའི་དགོན་གྱི་སྤྲུལ་སྐུ། གནས་ཆུང་སྐུ་རྟེན་གྱིས་དབུས་པའི་སྐུ་རྟེན་གཞན་རྣམས། གནས་གྲྭའི་དགེ་བསྐོས་བཅས་ནས་སྤོས་སྣེས་སྔུན་བསུས་ཏེ། སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨོ་རྒྱན་ཧེ་རུ་ཀའི་གཟིམ་ཆུང་ནས་གཙུག་ལག་ཁང་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན། བྱང་གཏེར་ནང་སྒྲུབ་བླ་མས་རིག་འཛིན་གདུང་སྒྲུབ་ཀྱི་ཆོ་ག་དབུ་ནས་ཚོགས་མཆོད་བར་གསུང་། དེ་ནས་༸གོང་ས་མཆོག་གི་སྤྱན་སྔར་གནས་ཆུང་ཆོས་རྒྱལ་ཆེན་པོའི་དབུས་ཆོས་སྐྱོང་རྣམས་ལྷན་དུ་སྤྱན་འདྲེན་ཞུས་གྲུབ་མཚམས་མ་ཧཱ་གུ་རུའི་སྐུ་བརྙན་རིན་པོ་ཆེ་ཕེབས་བྱམས་ཐོག་ཟ་ཧོར་མཚོ་པདྨའི་ཨོ་རྒྱན་ཧེ་རུ་ཀའི་ཕོ་བྲང་གི་ཕྱི་རོལ་བསྐོར་ལམ་དུ་རྒྱལ་མཚན་རུ་དར་གྱིས་སྣེ་དྲངས་ཏེ་མཚོ་སྐོར་དུ་གདན་འདྲེན་ཞུས་པ་ཏེ་ཆོས་སྐྱོང་རྣམས་ཀྱང་ལྷན་ཕེབས་མཛད་པ་དང་། དེ་ནས་༸གོང་ས་མཆོག་གིས་སྐུ་རྟེན་ཁག་དང་དཔལ་ལྡན་སྲིད་སྐྱོང་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག བཀའ་དྲུང་། དེ་བཞིན་སྐུ་མགྲོན་རྣམས་ལ་མཇལ་ཕྱག་སྩལ་རྗེས་་གཟིམ་ཆུང་ཆིབས་བསྒྱུར་བསྐྱངས།
ཕྱེད་ཡོལ་ཆུ་ཚོད་ ༡༢།༡༠ ཐོག་ཨོ་རྒྱན་ཧེ་རུ་ཀའི་གཟིམ་ཆུང་ནས་གནས་མཆོག་ཟ་ཧོར་མཚོ་པདྨའི་འགྲམ་དུ་ཡོད་པའི་གསུང་ཆོས་ར་བར་ཆིབས་སྒྱུར་གྱིས་གནས་དེར་མི་མང་སྟོང་ཕྲག་ཁ་ཤས་ལ་རིག་འཛིན་གདུང་སྒྲུབ་ཀྱི་བཀའ་དབང་དབུ་འཛུགས་མཛད་དེ་ཆུ་ཚོད་གཅིག་རིང་སྒྲུབ་ཞག་གནང་རྗེས་ཆོས་འབྲེལ་དབུ་འཛུགས་ཀྱི་སྔོན་འགྲོར་ནང་ཆོས་ངོ་སྤྲོད་མཛད་པ་དང་། སྐབས་དེར་སངས་རྒྱས་ཀྱི་གོ་འཕང་སྔོན་དུ་མཛད་དོན་ནི་གཞན་དོན་སྒྲུབ་ཆེད་ཡིན་པའི་སྐོར་དང་། སངས་རྒྱས་པའི་ལྟ་གྲུབ་ཐོག་ནས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད་པའི་སྐོར། དེ་བཞིན་འགྲོ་བ་མི་རྣམས་ཀྱི་བདེ་སྡུག་ནི་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་བཟང་ངན་ལ་བརྟེན་ནས་ཡོང་བཞིན་པ་སོགས་བཀའ་སྩལ་བ་དང་།
གཞན་ཡང་། ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཅི་ལྟ་བུ་ཡོང་བའི་རྩ་བ་ནི་ཡིད་ཀྱི་ཀུན་སློང་ལ་རག་ལས་སྟབས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་གསུངས་འདུག གང་ལྟར་སེམས་འདུལ་ན་ལུས་ངག་གི་སྤྱོད་པར་ཕན་པའི་རང་བཞིན་ལས་གནོད་པའི་རང་བཞིན་ཡོང་གི་མེད། སེམས་འདུལ་མ་འདུལ་གྱི་ཐོག་ནས་ལུས་ངག་གི་སྤྱོད་པ་འདུལ་མ་འདུལ་ཟེར་ན་འདྲ། ཕན་པའི་རང་བཞིན་གྱི་སྤྱོད་པ་ཡོང་གི་ཡོད་དང་། གནོད་པའི་རང་བཞིན་གྱི་སྤྱོད་པ་ཡོང་གི་ཡོད་ཟེར་བ་འདི་ནི་གཙོ་བོ་གཞན་ལ་ཕན་པའི་རང་བཞིན་ཅན་གྱི་ལུས་ངག་གི་སྤྱོད་པ་དགེ་བའི་ལས་ཆགས་ཀྱི་ཡོད་པ་དང་། གཞན་ལ་གནོད་པའི་རང་བཞིན་གྱི་ལུས་ངག་གི་སྤྱོད་པ་སྡིག་པའི་རང་བཞིན་ཆགས་ཀྱི་ཡོད། དེར་བརྟེན་བདེ་སྡུག་ཟེར་བ་ནི་ཕྱི་ལ་མཛུབ་མོ་འཛུགས་རྒྱུ་ཞིག་མེད། ཅེས་དང་། གང་ལྟར་སེམས་འདུལ་མ་འདུལ་གྱི་ཐོག་ནས་བདེ་སྡུག་ཡོང་གི་ཡོད་སྟབས་སེམས་འདུལ་ཐབས་བྱེད་རྒྱུ་སངས་རྒྱས་ཀྱིས་གསུངས་ཡོད། ཅེས་སོགས་བཀའ་སློབ་སྩལ་རྗེས་ཆོས་ལུགས་མཐུན་སྒྲིལ་དང་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་སོགས་བཀའ་ཕེབས་རྗེས་རིག་འཛིན་གདུང་སྒྲུབ་གྱི་བཀའ་དབང་སྩལ་ཡོད་པ་རེད། ཐེངས་འདིའི་བཀའ་ཆོས་ཞུ་ལ་བོད་མི་དང་། གྭར་ཞ་དང་སྤྱི་ཏི། ཁུ་ནུ། མ་ནཱ་ལི་དང་སྦིར། ཅོན་ཊ་ར་སོགས་ནས་ཁྱོན་མི་གྲངས་སྟོང་ཕྲག་ཁ་ཤས་བཅར་ཡོད་པ་རེད།
ཕྱི་ཚེས་ ༡༥ ཉིན་གྱི་སྔ་དྲོ་ཕེབས་འཁོར་བརྒྱུད་བཞུགས་སྒར་དུ་ཆིབས་སྒྱུར་བསྐྱངས་སྐབས་ཕེབས་ལམ་གཡས་གཡོན་དུ་རྡ་སའི་མི་མང་སོགས་ཀྱིས་ལག་ཏུ་མཇལ་དར་དཀར་གཙང་དང་བདུག་སྤོས་སོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུ་ཞུས་ཡོད་པ་བཅས།།