༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་ཆོས་སྲིད་ཀྱི་དབུ་ཁྲིད་དང་། ལས་རིགས་འདྲ་མིན་གྱི་གལ་ཆེའི་མི་སྣ། གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ། མི་རིགས་དང་རྒྱལ་ཁབ་འདྲ་མིན་གྱི་དད་ལྡན་མང་ཚོགས་ཁོངས་ནས་ཟུར་མཇལ་ཞུ་བ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་འདྲ་མིན་གྱིས་མང་མཇལ་ཞུ་བའི་རེ་འདུན་རྒྱུན་མི་ཆད་པར་འདོན་བཞིན་ཡོད་ན་ཡང་། ྋགོང་ས་མཆོག་གི་མཛད་འཆར་དང་། མཇལ་ཁ་ཞུ་མཁན་ཁོངས་གལ་ཆེའི་རང་བཞིན་དང་དམིགས་བསལ་གྱི་རང་བཞིན་ལ་གཞིགས་ཏེ་སྐུ་སྒེར་ཡིག་ཚང་ནས་སྟངས་འཛིན་ཐག་གཅོད་བྱེད་དགོས་སྟབས། ཚང་མའི་འདོད་བློ་སྐོང་ཐབས་བྲལ།
དེ་བཞིན་རང་རིགས་ནང་དུ་ཡང་དགོན་སྡེ་ཁག་གི་མཁན་བླ་དགེ་བཤེས་སོགས་དང་། སྤྱི་ཚོགས་ཁྲོད་ཀྱི་ཤེས་ཡོན་ཅན། བྱས་རྗེས་ཅན། ཡང་ན་དད་ལྡན་མི་མང་དཀྱུས་མ་སོགས་ཀྱི་ཁོངས་ནས་ྋགོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁའམ་ཟུར་མཇལ་ཞུ་མཁན་མི་ཉུང་བ་ཞིག་ཡོང་གི་ཡོད་པ་བཞིན། ྋགོང་ས་མཆོག་བཞུགས་སྒར་ཕོ་བྲང་དུ་སྐུ་བཞུགས་ཡོད་སྐབས་གཟའ་འཁོར་གཅིག་ནང་འཆར་ཅན་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་ཀྱི་ཕྱི་དྲོ་དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་མཇལ་བཅར་བ་གལ་ཆེའི་རིགས་ལ་མཇལ་ཁ་གནང་གི་ཡོད་སྟབས། མཇལ་ཁ་ཞུ་མཁན་རྣམས་ཀྱིས་ཟུར་མཇལ་དགོས་པའི་དམིགས་བསལ་རྒྱུ་མཚན་ཁ་གསལ་བཀོད་པའི་སྙན་ཞུ་སྐུ་སྒེར་དྲུང་ཆེ་རྣམས་ལ་སྔོན་ཚུད་འབུལ་དགོས་ཤིང་། སྐུ་སྒེར་ཡིག་ཚང་ནས་ྋགོང་ས་མཆོག་གི་མཛད་འཆར་སོགས་ལ་གཞིགས་པའི་ཟུར་མཇལ་ཡོང་མིན་ཐག་གཅོད་བྱ་རྒྱུ་