Dalai Lama https://gyalwarinpoche.com/ en-us Tue, 01 Jul 2025 03:41:27 +0000 Tue, 01 Jul 2025 03:41:27 +0000 ༸སྐུའི་གོ་སྟོན་མཛད་སྒོར་དབུ་བཞུགས་མཛད་པ། https://gyalwarinpoche.com/news/2025/6-30 Mon, 30 Jun 2025 09:11:00 +0000 tibet https://gyalwarinpoche.com/news/2025/6-30 ༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣༠ བོོད་ཟླ་ ༥ ཚེས་ ༥ ཉིན་གྱི་སྔ་དྲོར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་དང་བསྟུན་བོད་ལྗོངས་མདོ་སྨད་ཆོལ་ཁའི་གཞིས་བྱེས་མི་མང་ཡོངས་ནས་མགོན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཆེད་བརྟན་བཞུགས་བསྟར་འབུལ་དང་། དགའ་མགུ་སྤྲོ་གསུམ་དང་དད་གུས་མོས་གསུམ་གྱི་སྒོ་ནས་དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོར་མངའ་གསོལ་མཛད་དེ་༸སྐུའི་གོ་སྟོན་སྲུང་བརྩི་ཞུས་ཡོད་པ་རེད། 

དེ་ཡང་སེར་སྐྱ་ཕོ་མོ་གྲངས་ལས་འདས་པས་ཡུན་རིང་རེ་སྒུག་བྱས་པའི་༸སྐུའི་གོ་སྟོན་དངོས་གཞིར་ཞོགས་པ་ཆུ་ཚོད་ ༤།༠༠ ཡས་མས་ནས་སེར་སྐྱ་མི་མང་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདུ་འཛོམས་མགོ་ཚུགས་པ་དང་། ཆུ་ཚོད་ ༧།༠༠ ཙམ་ལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ། བོན་གྱི་སྐྱབས་མགོན་སོགས་མཁན་བླ་སྤྲུལ་རྣམ་པ་དང་། ཡབ་གཞིས་སྐུ་འཁོར་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཡོངས། ༸སྐུའི་གོ་སྟོན་གྱི་སྦྱིན་བདག་བཅས་དམིགས་བསལ་སྐུ་མགྲོན་རྣམས་བཞུགས་གྲལ་དུ་འཁོད་ཅིང་། ཆུ་ཚོད་ ༨།༠༠ ཙམ་ལ་བསྟན་བདག་བླ་ཆེན་རྣམ་པ་དང་། རྒྱ་བརྒྱུད་ནང་བསྟན་གྱི་སྐུ་ཚབ། རྒྱལ་ཁབ་འདྲ་མིན་གྱི་གནས་བརྟན་སྡེ་པའི་སྐུ་ཚབ་རྣམ་པ། ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་བཞུགས་གྲལ་དུ་འཁོད། 

སྔ་དྲོའི་ཆུ་ཚོད་ ༩།༠༠ ཙམ་ལ་ཀིརྟི་སྐྱབས་མགོན་རིན་པོ་ཆེ་མཆོག་དང་། ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུངས་རིགས་མཆོག ཚོགས་གཞོན་ཡེ་ཤེས་སྒྲོལ་མ་མཆོག བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་ལྷ་མོ་དོན་གྲུབ་བཅས་ཀྱིས་ཕོ་བྲང་རྒྱལ་སྒོ་རུ་སྤོས་སྣེས་མདུན་བསུ་དང་བཅས། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་མཚུངས་ཟླ་མ་མཆིས་པ་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ཁང་དུ་གོ་སྟོན་མཛད་སྒོའི་ཚོགས་མགོན་དུ་གདན་ཞུས་ཀྱིས་བཞུགས་ཁྲིར་འཁོད་མཚམས། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོར་གསོལ་འདེབས་སྙན་ཞུ་༸སྙན་སྒྲོན་ཞུས་པ་དང་། དུས་རབས་ཉེར་གཅིག་པའི་བླ་ན་མེད་པའི་སྟོན་པ་ཆེན་པོར་མངའ་གསོལ་ཞུས་པའི་གསེར་གྱི་མཚོན་རྟགས་རིན་པོ་ཆེ་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་ཕྱག་ཏུ་ཕུལ་ཞིང་། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་བོད་གངས་ཅན་གྱི་བསྟན་བདག་བླ་ཆེན་རྣམ་པ་དང་། རྒྱ་བརྒྱུད་ནང་བསྟན་གྱི་སྐུ་ཚབ། རྒྱ་གར། ཤྲི་ལངྐ། རྒྱལ་ཁབ་འདྲ་མིན་གྱི་གནས་བརྟན་སྡེ་པའི་སྐུ་ཚབ་རྣམ་པ། ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་རྣམ་པ། ཐའེ་ལན་ཌི། འབར་མ་བཅས་ཀྱི་གནས་བརྟན་སྡེ་པའི་སྐུ་ཚབ་དང་། ཧིན་དྷུ། ཡེ་ཤུ། ཁ་ཆེ། བཱ་ཧའེ། འཇིའུ། རྗེན། སིག་སོགས་ཆོས་ལུགས་རིས་མེད་ཀྱི་སྐུ་ཚབ་བླ་མ་རྣམ་པར་ཕུལ་ཞིང་། ཁོང་རྣམ་པས་བོད་ཀྱི་སེར་སྐྱ་མི་མང་དམ་ལྡན་ལྷ་དང་བཅས་པའི་རིས་མེད་དད་ལྡན་སྐྱེ་འགྲོ་ཡོངས་ཀྱི་ཚབ་ཞུས་ཏེ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་བའི་དབང་བོར་སྒོ་གསུམ་གུས་པ་ཆེན་པོས་དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོར་མངའ་གསོལ་གྱི་གསེར་གྱི་མཚོན་རྟགས་འབུལ་བཞེས་དང་འབྲེལ་བཀྲ་ཤིས་པའི་ཚིག་དང་དུང་། རྒྱ་གླིང་། རོལ་མོ། རྔ་སྦུབ། འཁར་རྔ་སོགས་སྒྲ་དབྱངས་དང་། གདུགས་རྒྱལ་མཚན་སོགས་མཆོད་རྫས་སྣ་ཚོགས་འགྲེམ་བཤམས། མེ་ཏོག་སྣ་ཚོགས་ཀྱི་ཆར་དང་བཅས་ངོ་མཚར་རྨད་དུ་བྱུང་བའི་སྐལ་བཟང་མངོན་དུ་གྱུར་ཏེ་འཇིག་རྟེན་ལྷ་མི་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་མཛད་ཅིང་། བཀའ་དྲིན་རྗེས་སུ་དྲན་པའི་གསོལ་འདེབས་ཞུས། 

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཁའ་ཁྱབ་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་སུ་མུ་མཐུད་སྐུ་ཚེ་བསྐལ་བརྒྱར་བརྟན་ཆེད་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་། ༸སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་བཅས་ནས་བརྟན་བཞུགས་ཀྱི་གསོལ་འདེབས་མནྜལ་རྟེན་གསུམ་འདེགས་འབུལ་དང་བསྟན་བདག་བླ་ཆེན་རྣམ་པས་གཙོས་བླ་སྤྲུལ་སེར་སྐྱ་མང་ཚོགས་ཡོངས་ནས་༸རྒྱལ་བའི་ཞབས་བརྟན་གསོལ་འདེབས་གསུང་བ་དང་འབྲེལ། ༸སྐུའི་གོ་སྟོན་གྱི་སྦྱིན་བདག་ཡོངས་ནས་འབུལ་མཚོན་འདེགས་འབུལ་ཞུས།  བརྟན་བཞུགས་ལེགས་པར་གྲུབ་མཚམས་བོད་ལྗོངས་མདོ་སྨད་ཆོལ་ཁའི་༸སྐུའི་གོ་སྟོན་གྲ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས་གོ་སྟོན་དང་འབྲེལ་བའི་གསུང་བཤད་གནང་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

ངོས་རང་ལོ་དགུ་བཅུའི་ནང་ལ་སླེབས་ཡོད་པ་དང་། གཟུགས་པོ་བདེ་ཐག་ཆོད་ཡོད། ལོ་ཡུན་འདིའི་རིང་ལ་བོད་ཀྱི་བསྟན་སྲིད། སྐྱེ་འགྲོའི་བདེ་སྐྱིད་དང་བཅས་པར་ནུས་པ་གང་ཡོད་བཏོན་ནས་ཕན་ཐོགས་གང་ལ་གང་འཚམ་བསྒྲུབས་ཡོད། འཛམ་གླིང་ལུང་པ་གཞན་དང་གཞན་ལའང་ཕན་ཚུན་འབྲེལ་བ་ཟབ་པོ་བྱས་པ་དང་། ལྷག་པར་དུ་ཚན་རིག་པ་ཚོའི་མཉམ་དུ་སྐད་ཆ་བཤད་ནས་ཡིད་ཚིམས་པའི་གོ་བསྡུར་དང་། བགྲོ་གླེང་བྱས་པ་སོགས་ཕན་ཐོགས་ཧ་ཅང་ཡག་པོ་བྱུང་།  ད་ལྟའི་བར་དུ་མིས་མི་གོས་ཆོད་པ་ཞིག་གི་མི་ཚེ་བསྐྱལ་བ་རེད། བོད་གཙོ་བོར་གྱུར་པའི་འཛམ་གླིང་ཤར་ནུབ་ལྷོ་བྱང་དུ་ཡུལ་གྲུ་མང་པར་ངོས་རང་སླེབས་པ་རེད་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོ་ཡོང་གི་འདུག དེར་བསམ་བློ་གཏོང་དུས་ངོས་རང་ལ་མི་ལུས་ཐོབ་པ་འདིས་ལྷག་བསམ་བསྐྱེད་པ་བཞིན་འཛམ་གླིང་འདིར་ཕན་ཐོགས་གང་ལ་གང་འཚམ་བསྒྲུབས་པ་ལ་རྗེས་སུ་ཡི་རངས་སྐྱེས་པ་ཞིག་ཡོང་གི་འདུག 

ད་དུང་ཡང་ངོས་ཀྱི་མི་ཚེ་ལྷག་མ་འདིར་ག་ཚོད་ཐུབ་ཐུབ་ཀྱིས་གཞན་ཕན་རྒྱ་ཆེར་སྤེལ་ཐུབ་པ་ཞིག་དང་། དེའི་ཐོག་ནས་༸ཏཱ་ལའི་བླ་མའི་སྒྲིག་འཛུགས་མུ་མཐུད་ནས་སྡོད་པའི་སྒྲོམ་གཞི་ཞིག་སླེབས་ཡོང་གི་རེད། མདོ་དོན། མདོ་སྨད་ཙོང་ཁའི་ཡུལ་ནས་ཡར་ཡོང་ནས་ལྷ་སར་སློབ་གཉེར་བརྒྱབ། གྲྭ་སྐོར་སྔ་རྗེས་འཇོག་དགོས་པ་རྣམས་བཞག་ནས་བསྟན་འགྲོའི་དོན་དག་གང་ལ་གང་འཚམ་བསྒྲུབས་ཡོད། ད་དུང་ཡིན་ནའང་མི་ཚེ་འདིར་ག་ཚོད་ཐུབ་ཐུབ་ཀྱིས་བསྟན་པ་དང་འགྲོ་བའི་དོན་དུ་སྨིན་པ་ཞིག་ཡོང་ཐུབ་པར་སེམས་ཐག་བཅད་ནས་བསྡད་ཡོད། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་བ་དང་། 

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་དགུ་བཅུ་ཐམ་པ་ཕེབས་པར་རྟེན་འབྲེལ་གྱི་བོད་རང་གི་ཐུན་མིན་ཞལ་ཟས་ཞུན་བྱིན་རླབས་སྩལ་ནས་ཕུད་ཀྱི་མཆོད་པ་དང་། བསྟན་བདག་བླ་ཆེན་རྣམ་པ་དང་། ཡབ་གཞིས་སྐུ་འཁོར། སྐུ་མགྲོན་རྣམ་པ། ༸སྐུའི་གོ་སྟོན་གྱི་སྦྱིན་བདག་རྣམས་དང་མང་ཚོགས་ཡོངས་ལ་རྟེན་འབྲེལ་གྱི་ཞུན་འབུལ་བཞེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་གོ་སྟོན་ལ་ཆེད་དུ་བཞེངས་པའི་མགོན་པོ་མཆོག་གི་མཛད་རྣམ་རས་བྲིས་ཐང་ག་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་ཞལ་ཐང་ཞལ་དབྱེའི་བཀའ་དྲིན་བསྐྱངས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་མཛད་རྣམ་ནོར་བུའི་ཕྲེང་བ་དབུ་འབྱེད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཛད་བརྒྱ་མཐོང་བ་དོན་ལྡན་གྱི་བརྙན་དེབ་དབུ་འབྱེད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཛད་རྣམ་སྨྲ་བསམ་གྱི་ཡུལ་ལས་འདས་པ་ཞེས་པ་དང་། ༸སྐུའི་གོ་སྟོན་གྱི་ཤིས་ཚིག་དང་རྩོམ་ཡིག་ཕྱོགས་བསྒྲིགས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཕྱག་དེབ་ཞལ་འབྱེད་གནང་བ་བཅས་མཛད་པ་རིམ་པར་བསྐྱངས། 

མཐར་༸སྐུའི་གོ་སྟོན་གྱི་མཆོད་པ་སྐུ་ཉི་མ་ཤར་ས་བོད་ཡུལ་རེད་ཅེས་པའི་གླུ་དང་། ༸སྐུའི་གོ་སྟོན་གྱི་བཤད་པ་འཆི་མེད་ལྷ་ཡི་རྔ་སྒྲ། འོད་ཀྱི་བཤུལ་ལམ་ཞེས་པའི་གླུ་དབྱངས། དབུས་གཙང་ཆོལ་ཁས་༸སྐུའི་གོ་སྟོན་གྱི་ནང་མ་འཁྲབ་གཞས། མདོ་སྟོད་ཆོལ་ཁས་༸སྐུའི་གོ་སྟོན་གྱི་འཁྲབ་གཞས་བྲོ་ཡི་མཆོད་པ། མདོ་སྨད་ཆོལ་ཁས་༸སྐུའི་གོ་སྟོན་འཁྲབ་གཞས་ཨ་རྩེད་སེང་ལྡེང་ཌ་རུ། དགའ་སྐྱིད་འཛོམས་པའི་ཉི་མ་དེ་རིང་རེད་ཅེས་པའི་རྡུང་ལེན་མཉམ་གཞས་སོགས་༸སྐུའི་གོ་སྟོན་ཆེན་མོར་གླུ་གར་གྱི་མཆོད་པ་ཕུལ་བ་དང་། མཐར་བོད་ལྗོངས་མདོ་སྨད་ཆོལ་ཁའི་༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་ནས་གོ་སྟོན་དང་འབྲེལ་བའི་རྩིས་ཁྲ་མདོར་བསྡུས་སྙན་སྒྲོན་དང་། ༸སྐུའི་གོ་སྟོན་གོ་སྒྲིག་ཚོགས་ཆུང་གི་དྲུང་ཆེ་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ་འདུས་ཚོགས་ཡོངས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་གྱིས་མདོ་སྨད་ཆོལ་ཁས་འགན་བཞེས་གཙོ་སྒྲུབ་ཞུས་པའི་ཁམས་གསུམ་འགྲོ་བའི་མགོན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་༸རྒྱལ་བའི་དབང་པོ་མཆོག་གི་༸སྐུའི་གོ་སྟོན་མཛད་སྒོ་ལེགས་པར་གྲུབ་ཡོད། 

]]>
སོག་པོའི་དད་ལྡན་སེར་སྐྱ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། https://gyalwarinpoche.com/news/2025/6-20 Fri, 20 Jun 2025 08:51:00 +0000 tibet https://gyalwarinpoche.com/news/2025/6-20 ༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་གི་མཇལ་འཕྲད་ཚོགས་ཁང་དུ་སོག་པོའི་མན་ཛུ་ཤྲི་ཧོ་ཐོག་ཐུ་བསྟན་འཛིན་འཇམ་དབྱངས་རྡོ་རྗེ་མཆོག་གིས་གཙོས་དད་ལྡན་མཇལ་བཅར་བ་ ༡༥༢ ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་རེད། 

དེ་ཡང་སྔ་དྲོའི་ཆུ་ཚོད་དགུ་པ་མ་ཟིན་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་གཟིམ་ཆུང་ནས་མཇལ་འཕྲད་ཚོགས་ཁང་དུ་ཆིབས་བསྒྱུར་གྱིས་ཞབས་སྟེགས་སུ་འཁོད་མཚམས་སོག་པོའི་དད་ལྡན་སེར་སྐྱ་མི་མང་གིས་བོད་སྐད་དུ་དམིགས་བརྩེ་མ་སོགས་ཞལ་འདོན་གསུང་འདོན་དང་འབྲེལ། མན་ཛུ་ཤྲི་ཧོ་ཐོག་ཐུ་བསྟན་འཛིན་འཇམ་དབྱངས་རྡོ་རྗེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་། སེར་སྐྱ་ཁག་ཅིག་གིས་རྟེན་གསུམ་སོགས་འདེགས་འབུལ་གྱིས་མཇལ་ཁ་ཞུས་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

ཆེད་མངགས་འབྱོར་བའི་སོག་པོའི་སྤུན་ཟླ་ཁྱོད་ཚོ་གཙོ་བོར་གྱུར་པའི་སོག་རིགས་སྤུན་ཟླ་ཚང་མར་འཚམས་འདྲི་ཞུ། བོད་སོག་གཉིས་ཞེས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་རེད། ངོས་རང་ལ་ཆ་བཞག་ནའང་དགེ་རྒན་གཙོ་བོ་དངོས་གྲུབ་ཚོགས་གཉིས་སོག་པོ་རེད། ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། བོད་སོག་གཉིས་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཞིག་ཡོད་པ་རེད། དེ་རིང་འདིར་ཁྱོད་ཚོ་སོག་པོ་མང་པོ་ཞིག་ཆེད་མངགས་ཡོང་བ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

ངོས་ལ་རྟགས་གསལ་སློབ་མཁན་གྱི་དགེ་རྒན་གཙོ་བོ་སོག་པོ་དངོས་གྲུབ་ཚོགས་གཉིས་རེད། དུས་ཚོད་འགྱུར་བ་ཧ་ཅང་མང་པོ་འགྲོ་བཞིན་ཡོད་ཀྱང་། སངས་རྒྱས་པའི་ཆོས་ཀྱི་གཟི་བརྗིད་ཁྱོན་ནས་ཉམས་རྒྱུ་མི་འདུག དེང་སང་ཚན་རིག་པའི་ནང་སེམས་ཁམས་རིག་པའི་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་ཡོད། ངོས་ཀྱིས་ཚན་རིག་དང་འབྲེལ་ནས་ཀླད་པའི་རྣམ་གཞག་སྐོར་འགྲེལ་བཤད་རྒྱག་བཞིན་ཡོད། གང་ལྟར་ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དང་། དེའི་ནང་ཚན་ནས་ནཱ་ལེནྡྲའི་ཆོས་བརྒྱུད་ནང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་རིགས་པའི་ལམ་ནས་གཏན་ལ་ཕབ་པ་ཧ་ཅང་ཞིབ་ཚགས་པོ་དང་རྒྱ་ཆེན་པོ་འདུག 

ངོས་རང་རྒྱ་གར་དུ་སླེབས་ནས་མོན་ནས་བཟུང་རྡ་རམ་ས་ལར་སྡོད་དུས་རྒྱ་གར་གྱི་ནང་པ་དང་། འཛམ་གླིང་གི་ནང་པའི་རྗེས་འཇུག་པ་དང་། སེམས་ཁམས་རིག་པའི་སྐོར་དོ་སྣང་ཡོད་མཁན་དང་། ཚན་རིག་ལའང་དོ་སྣང་ཡོད་མཁན་མང་པོར་ཐུག་འཕྲད་ཡོང་གི་འདུག ལྷ་སར་སླེབས་ནས་ཡོངས་འཛིན་རྡོ་རྗེ་འཆང་ཚོའི་ས་ནས་དཔེ་ཆ་དཔེ་ཁྲིད་ཞུས་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རྣམ་དཔྱོད་ཀྱི་གཟི་འོད་འབར་ནས་ཧ་ཅང་ཡག་པོ་བྱུང་། གང་ལྟར་སངས་རྒྱས་པའི་ཆོས་ཚན་སྤྱི་དང་། ལྷག་པར་དུ་དཔལ་ནཱ་ལེནྡྲ་ནས་བརྒྱུད་པ་ལ་རིགས་པའི་ལམ་ནས་གཏན་ལ་ཕབ་རྒྱུ་གཙོ་བོ་རེད། 

མོན་བརྒྱུད་ནས་རྒྱ་གར་དུ་འབྱོར་བ་དང་། ད་ལྟ་འདིར་གཞི་ལྟ་བུ་ཆགས་ནས་ཆོས་དང་རིག་གཞུང་གི་གོམས་གཤིས་མི་གཅིག་པའི་ལུང་པ་འདྲ་མིན་གྱི་མི་དང་ཐུག་གི་ཡོད། ངོས་རང་ལ་བློ་བསྐྱེད་ཡོང་གི་འདུག་ལ་ཁོ་ཚོར་ཡང་བློ་བསྐྱེད་ཡོང་གི་ཡོད་པས་ཧ་ཅང་ཡག་པོ་འདུག ཧ་ཅང་ཡག་པོ་འདུག གང་ལྟར་སེམས་ཁམས་རིག་པའི་སྐོར་ལ་བོད་ལ་འགྱུར་བའི་ནང་ཆོས་ལས་བཤད་པ་ལས་ཟབ་པ་དང་རྒྱ་ཆེ་བ་ཞིག་བཤད་ཡོད་པ་མ་རེད། ང་ཚོ་བཙན་བྱོལ་བ་ཆགས་ནས་སྤྱིར་བཏང་གི་འགྲོ་སྟངས་བྱས་ན་ཉམ་ཐག་པོ་ཞིག་ཡིན་ཡང་། དེ་སྔ་སློབ་སྦྱོང་བྱས་པའི་གཟི་བརྗིད་མུ་མཐུད་ནས་འཕྲོ་སྡོད་པ་མ་གཏོགས་ཉམས་རྒྱུ་མི་འདུག རྒྱ་གར་དུ་སླེབས་ནས་ལོ་མང་པོ་ཕྱིན་པ་རེད། སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ་སྐོར་ལ་དོ་སྣང་བྱེད་མཁན་འཛམ་གླིང་ཡོངས་སུ་ཤུགས་ཆེ་རུ་འགྲོ་བཞིན་འདུག ངོས་ཀྱིས་ཆུང་ཆུང་སྐབས་ནས་བསླབ་པའི་ལྟ་གྲུབ་ཀྱི་སྐོར་དེང་སང་གི་དུས་ཚོད་འདིར་ཕན་ཐོགས་ཆེན་པོ་འདུག ཅེས་བཀའ་སློབ་དང་མཇལ་ཁ་བཀའ་དྲིན་སྩལ་ཡོད།

]]>
ཧི་མ་ལ་ཡ་ནཱ་ལནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་བ། https://gyalwarinpoche.com/news/2025/6-16 Mon, 16 Jun 2025 09:55:00 +0000 tibet https://gyalwarinpoche.com/news/2025/6-16 ༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་རྒྱ་གར་ཧི་མ་ལ་ཡ་ནཱ་ལནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་མི་བཅུ་གཉིས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་ཨ་རི་དང་། འཇར་མན། ཡུ་རོབ། ཝའེ་ཝན། ཝེ་དུ་ནམ། བལ་ཡུལ། རྒྱ་གར་གྱི་ཡུལ་ལུང་འདྲ་མིན་བཅས་ནས་ཕེབས་པའི་དད་ལྡན་མཇལ་བཅར་བ་སུམ་བརྒྱ་ལྷག་ལ་མཇལ་ཁ་དང་། མཐར་ཧི་མ་ལ་ཡ་ནཱ་ལེནྡྲའི་ནང་པའི་སྲོལ་རྒྱུན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་སོགས་ཀྱིས་མནྡྲལ་རྟེན་གསུམ་འདེགས་འབུལ་དང་བཅས་མཇལ་ཁ་ཞུས་མཚམས་བཀའ་སློབ་སྩལ་དོན། 

ང་ཚོའི་དཔེ་ཆའི་ནང་དུ་སེམས་ཁམས་རིག་པ་བློའི་འགྲོ་སྟངས་ཧ་ཅང་གསལ་པོ་འདུག དེ་ཨིན་ཡིག་ཏུ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱི་ངོ་ཤེས་པ་ཚན་རིག་པ་མང་པོས་སེམས་ཁམས་རིག་པའི་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་འདུག སྐྱེ་བ་སྔ་ཕྱི་དང་ཐར་བ་དང་ཐམས་ཅད་མཁྱེན་པའི་སྐད་ཆ་མི་དགོས་པར་འཕྲལ་དུ་སེམས་ཞི་བདེ་ཇི་ལྟར་བཟོ་དགོས་པ་རེད་ཅེས་དོ་སྣང་བྱེད་མཁན་ཤུགས་ཆེན་པོ་འདུག དེར་བརྟེན། ངོས་ཀྱིས་འདིར་སེམས་ཁམས་རིག་པའི་འགྲོ་སྟངས་ཏོག་ཙམ་ཤོད་བཞིན་ཡོད། 

སངས་རྒྱས་པའི་གཞུང་སློབ་སྦྱོང་བྱས་ཏེ་སེམས་ཁམས་རིག་པའི་སྐོར་ལ་སོ་སོས་ཉམས་ལེན་བྱོས། གང་ལྟར་ཐོས་བསམ་སྒོམ་གསུམ་བྱས་པའི་ལག་རྗེས་ལ་སེམས་ཇི་ལྟར་འདུལ་དགོས་པ་དང་། སེམས་འདུལ་ཐབས་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དཔེ་ཆ་བའི་ནང་དུ་སེམས་མ་དུལ་བ་དེ་འདྲ་ཡོང་གི་འདུག དེ་ལ་བལྟ་རྒྱུ་ཡོད་པ་མ་རེད། དེ་དག་ནི་དཀོན་མཆོག་གོང་ཕུད་རེད། སྤྱིར་བཏང་ཆོས་པ་དང་། དེའི་ནང་ཚན་ནས་གྲྭ་ཆས་གྱོན་མཁན་ཁྱོད་རང་ཚོས་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ལ་སློབ་སྦྱོང་བྱོས། སློབ་སྦྱོང་བྱེད་པ་དང་ཆབས་ཅིག་སོ་སོའི་རྒྱུད་ཞི་བདེ་ཡོང་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་ཡོད།

]]>
རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་པོ་ལོའི་འགྲན་བསྡུར་གྱི་རྩེད་འགྲན་པ་རྣམས་ལ་མཇལ་ཁ་སྩལ་བ། https://gyalwarinpoche.com/news/2025/6-5 Wed, 04 Jun 2025 23:00:00 +0000 tibet https://gyalwarinpoche.com/news/2025/6-5 ༄༅།  །ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ། རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་པོ་ལོའི་འགྲན་བསྡུར་ཐེངས་སུམ་ཅུ་པའི་རྩེད་འགྲན་པ་རྣམས་ལ་མཇལ་ཁ་སྩལ་ཡོད་པ་རེད། 

དེ་ཡང་མཇལ་ཁའི་སྐབས་སུ་ལུས་རྩལ་བ་ཞིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་པའི་གསོལ་འདེབས་ཞུས་པ་དང་འབྲེལ་བཀའ་སློབ་སྩལ་དོན། ཐུགས་རྗེ་ཆེ། ཁྱོད་ཚོ་ཚང་མས་སྨོན་ལམ་ཧུར་ཐག་འབད་ཐག་རྒྱག་གི་འདུག་ལ། ངོས་ཀྱང་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་ཤིག་སྡོད་ཐུབ་པར་སྨོན་ལམ་བརྒྱབ་སྟེ་སེམས་ཤུགས་བསྐྱེད་བཞིན་ཡོད། གང་ལྟར་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་རྒྱ་ནག་ཏུ་ཕལ་ཆེར་ཤུགས་ཆེན་པོ་ཁྱབ་ཐུབ་པ་ལྟ་བུ་འདུག  དེ་ནས་ཧི་མ་ལ་ཡའི་རི་རྒྱུད་ཁག་ལ་ཡིན་ཡིན་པ་འདྲ་བོརེད། ངོས་ཀྱིས་སངས་རྒྱས་ཀྱི་ཆོས་ཀྱི་མགོ་ཁྲིད་ནས་བསྟན་པའི་ཞབས་འདེགས་ཡག་པོ་ཞིག་སྒྲུབ་ཐུབ་ན་བསམ་གྱི་འདུག ཐུགས་རྗེ་ཆེ།

བལ་ཡུལ་གྱི་རུ་ཁག་གི་ལུས་རྩེད་པའི་སློབ་སྟོན་དགེ་རྒན་གྱིས། རྩེད་མོ་བ་གསར་རྙིང་གཉིས་བར་མགོ་ཁྲིད་ཀྱི་ལས་ཀ་བྱེད་སྐབས་དཀའ་ངལ་འཕྲད་ཀྱི་འདུག་པས། དཀའ་ངལ་དེ་སེལ་ཐབས་ཅི་ཞིག་ཡོད་དམ། ཞེས་བཀའ་འདྲི་ཞུས་པར་བཀའ་སློབ་སྩལ་དོན། 

བསམ་བློ་གུ་ཡངས་གཏོང་བ་དང་། བསམ་བློ་རྒྱ་ཆེ་ས་ནས་བཏང་ན། ཏན་ཏན་རྙོག་དྲ་ཉུང་བ་ཡོང་གི་རེད། བསམ་བློ་ཆུང་ཆུང་ཞིག་གིས་བྱས་ནས་གྲ་མི་འགྲིག་པ་ཡོང་ཚེ་སེམས་མི་སྐྱིད་པ་ཆགས་ཀྱི་རེད། བསམ་བློ་རྒྱ་ཆེ་ས་ནས་བཏང་སྟེ། དེ་ཡང་ཡོང་སྲིད། དེ་ཡང་ཡོང་སྲིད་བསམ་པའི་བསམ་བློ་བཏང་ན། བསམ་བློ་གུ་ཡངས་པོ་ཆགས་ཀྱི་རེད། དཔེར་ན། ངོས་རང་ལ་ལ་ཆ་བཞག་ན་ལུང་པ་དང་བྲལ་འདིར་བསླེབས་ཡོད་པས། བསམ་བློ་ཧ་ཅང་སྦུག་སྲུབ་དོག་པོ་ཞིག་བཏང་ན་ཧ་ཅང་མི་སྐྱིད་པ་ཆགས་རྒྱུ་རེད། རྒྱ་ཆེ་ས་ནས་བསམ་བློ་བཏང་ན་སྐྱོན་གང་ཡང་མི་འདུག གང་ལྟར་ང་ཚོ་འཛམ་བུའི་གླིང་འདིའི་སྒང་ལ་བསྡད་ཡོད་པས། མི་གོ་ཆོད་པ་ཞིག་ལ་ཧུར་ཐག་འབད་ཐག་བྱས་ན་འགྲིག་གི་འདུག ཅེས་བཀའ་སློབ་སྩལ་བ་དང་། རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་པོ་ལོའི་འགྲན་བསྡུར་ཐེངས་སུམ་ཅུ་པའི་ཐོག་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ཞིག་བརྩམས་ཡོད་པ་༸སྙན་སེང་ཞུས་ཡོད། 

]]>
ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། https://gyalwarinpoche.com/news/2025/6-4 Wed, 04 Jun 2025 08:57:00 +0000 tibet https://gyalwarinpoche.com/news/2025/6-4 ༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༤ ཉིན་སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་། ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པ་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། 

དེ་ཡང་རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་། ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་ཨ་རི་བོད་མིའི་སྤྱི་མཐུན་ཚོགས་པ་བཅས་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་འབུལ་རྒྱུར་ཟམ་གདོང་རིན་པོ་ཆེ་དབུ་བཞུགས་ཐོག། རྣམ་རྒྱལ་གྲྭ་ཚང་དང་བསྙེན་མཚམས་པ་སོགས་ནས་ཉིན་བཞིའི་རིང་སྐུའི་ཚེ་སྒྲུབ་སྔོན་བཏང་གིས་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། བརྟན་བཞུགས་སྦྱིན་བདག་ཁག་གསུམ་གྱི་འཐུས་ཚབ་མི་དྲུག་ནས་སྤོས་སྣེ། བོད་ཀྱི་ཟློས་གར་ཚོགས་པ་ནས་རུ་སྒྲིག་དང་བཀྲ་ཤིས་ཞོལ་པས་ཕེབས་བསུ་གཟབ་རྒྱས་ཐོག་གཙུག་ལག་ཁང་དུ་གདན་ཞུ་ཞུས་པ་དང་། 

མགོན་པོ་གང་ཉིད་མཆོག་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་དང་། བརྟན་བཞུགས་ཀྱི་ཆོ་གའི་ཞལ་འདོན་རིམ་པར་གསུངས་ཤིང་། དངོས་གཞི་བླ་མ་ལྷར་བསྐྱེད་ནས་བཟུང་ཞལ་འདོན་ཐར་ཆགས་སུ་གསུངས་ཏེ་ཚེ་འགུགས་རྗེས་ཚེ་མདའ་འབུལ་བཞེས་གནང་། གསོལ་འདེབས་མཎྜལ་སྐབས་དབུ་བཞུགས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ནས་མཎྜལ་ཚོམ་བུ་འདེགས་འབུལ་སྐབས། སྦྱིན་བདག་ཁག་གསུམ་གྱི་འཐུས་ཚབ་མི་གསུམ་ནས་རམ་འདེེགས་དང་། རྡོར་སློབ་ནས་ཞལ་འདོན་ཚིག་བསྟུན་གྱིས་ཚེ་བུམ་དང་། ཚེ་ཆང་། ཚེ་རིལ་སོགས་འབུལ་ལམ་ཞུས་པ་དང་། མཐར་ཀེའུ་ཚང་རིན་པོ་ཆེ་མཆོག་གིས་གཏང་རག་མཎྜལ་འདེགས་འབུལ་ཞུས་པ་སོགས་བརྟན་བཞུགས་དངོས་གཞི་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

རྡོར་གླིང་གཏན་སློབ་ཀྱི་སློབ་ཟུར་ཚོགས་པ་དང་།  ནེའུ་ཡོག་དང་ནེའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པ། མི་ནི་སོ་ཊ་བོད་མིའི་སྤྱི་མཐུན་ཚོགས་པ་གསུམ་གྱིས་བརྟན་བཞུགས་བཏོན་པ་རེད། ངོས་རང་ཟི་ལིང་དུ་སྐྱེས་ཤིང་ལྷ་སར་འབྱོར་བ་དང་། དགེ་བསྙེན་དང་དགེ་ཚུལ། མཐར་ཐུག་དགེ་སློང་བཅས་ལྷ་སའི་ཇོ་བོའི་སྐུ་མདུན་དུ་མཁན་པོ་དང་སློབ་དཔོན་ལ་ཡོངས་འཛིན་རྣམ་པ་གཉིས་དང་། རྟེན་གྱི་གཙོ་བོ་ཇོ་བོའི་སྐུ་བཞུགས་ནས་དགེ་ཚུལ་སློང་གི་སྡོམ་པ་བླངས་པ་ཡིན། 

མ་གཞི་ཁྱོད་རང་ཚོར་བཤད་ཡོད་པ་རེད། ལོ་ཤས་ཤིག་ངོས་ཀྱི་རྨི་ལམ་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དབུས་སུ་བཞུགས་པ་དང་། དེའི་མུར་གྲལ་ཡོད་པའི་ནང་དུ་ངོས་རང་བསྡད་འདུག བཅོམ་ལྡན་འདས་ཀྱིས་ངོས་རང་ཡར་ཤོག་གསུང་གི་འདུག གུས་ཞབས་ཆེན་པོ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྐུ་མདུན་ལ་བཅར་བ་དང་། བཅོམ་ལྡན་འདས་ཀྱི་དྲུང་དུ་སླེབས་སྐབས་བཅོམ་ལྡན་འདས་ཀྱིས་ངོས་ལ་བྱུག་བྱུག་གནང་སྟེ་ཧ་ཅང་འཆམ་པོ་གནང་སོང་། དེའི་ཚོར་བ་སེམས་ནང་ཧ་ཅང་ཤུགས་ཆེན་པོ་སླེབས་བསྡད་འདུག བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བས་གདུལ་བྱ་ལ་གཟིགས་བཞིན་པ་ཧ་ཅང་གསལ་བོ་བྱུང་། 

དེ་ནས་བཅོམ་ལྡན་འདས་ཀྱི་ངོས་ཀྱི་མགོ་ལ་བྱུག་བྱུག་གནང་བཞིན་ངོས་ཀྱིས་བསྟན་པ་རྒྱས་པའི་སྨོན་ལམ་བཏོན་པ་ཡིན། སེམས་ལ་བསྟན་པའི་ཞབས་འདེགས་བསྒྲུབ་བསམ་པ་བྱུང་། གང་ལྟར་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་འདི་ཡོངས་རྫོགས་བསྟན་པའི་ཉིང་ཁུ་བསྡུས་ཡོད་པ་ཞིག་ཆགས་ཡོད། དེ་ལ་བསམ་བློ་ཞིག་འཁོར། བཅོམ་ལྡན་འདས་ཀྱིས་ངོས་ལ་ཧ་ཅང་འཆམ་པོ་གནང་བྱུང་། མགོ་ནས་མར་བྱུག་བྱུག་གནང་སྟེ་ཁྱེད་རང་གིས་སེམས་ཤུགས་བསྐྱེད་པ་དེ་འགྲིག་འདུག་ཅེས་བསྔགས་བརྗོད་ཆེན་པོ་གནང་བ་དང་། ངོས་རང་སེམས་ཧ་ཅང་དགའ་བོ་བྱུང་། བཅོམ་ལྡན་འདས་ལ་འབུལ་བ་ཕུལ་རྒྱུ་ག་རེ་ཡོད་ན་བསམས་ནས་ཨམ་ཕྲག་སྔོག་དུས་ཅོག་ལེ་ཌི་ཞིག་ལས་མེད་པས་བཀའ་དྲིན་གཏིང་རག་ཏུ་ཅོག་ལེ་ཌི་དེ་ཕུལ་བ་ཡིན། བཅོམ་ལྡན་འདས་ཀྱིས་ཧ་ཅང་མཉེས་པོ་གནང་གི་འདུག དེ་ལྟ་བུའི་རྨི་ལམ་དེ་ངོ་མཚར་སྐྱེས་པ་ཞིག་རེད། ངོས་རང་ནས་བཅོམ་ལྡན་འདས་ལ་དད་པ་རྩེ་གཅིག་ཡོད་ལ་བཅོམ་ལྡན་འདས་ཀྱིས་རྗེས་སུ་བཟུང་བའི་རྟགས་མཚན་འཆུག་པ་མེད་པ་ཞིིག་འདི་ལྟར་བྱུང་། 

བོད་ནས་རྒྱ་གར་དུ་སྤོས་ཡོང་བ་དང་། རྒྱ་གར་དུ་སླེབས་ནས་ས་ཁུལ་ཡས་མས་ཁ་ཤས་སུ་སླེབས་པ་རེད། དུས་ཚོད་མང་བ་རྒྱ་གར་ནུབ་བྱང་རྒྱུད་དང་། མ་གཞི་རྡོ་རྗེ་གདན་དུའང་ཆོས་བཤད་ནས་ཡག་པོ་བྱུང་། རྒྱ་གར་ནུབ་བྱང་དུ་རྒྱུད་གྲྭ་ཡོད་པ་རེད། དེར་བརྟེན། ཆོས་འཁོར་བསྐོར་བའི་གོ་སྐབས་ཧ་ཅང་ཡག་པོ་བྱུང་། ངོས་རང་ནས་ཡོངས་འཛིན་རྡོ་རྗེ་འཆང་གི་སྐུ་མདུན་ནས་དཔེ་ཆ་ཏོག་ཙམ་བལྟས་ཡོད་པའི་ཐོག་ནས་བསླབ་པ་གསུམ་གྱི་ཉམས་ལེན་དང་། གཤིས་རྒྱུད་འདུལ་ཐབས། དེའི་ཐོག་ནས་ས་ལམ་བགྲོད་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ཇི་ལྟར་ཐོབ་དགོས་མིན་ལ་སེམས་ལ་ངེས་པ་ཐོབ་ཡོད་པ་བྱས་ཏེ་དུས་ཚོད་བསྐྱལ་བ་ཡིན། 

སྔ་མོ་ངོས་རང་རྒྱ་ནག་པེ་ཅིང་དུ་ཡོད་པའི་སྐབས་སུ་མའོ་ཙེ་ཏུང་གིས་ངོས་ལ་ཧ་ཅང་དགའ་བོ་བྱེད་ཀྱི་ཡོད། མའོ་ཙེ་ཏུང་གིས་ངོས་ལ་ཚན་རིག་གི་ཐོག་ལ་དོ་སྣང་ཡོད་པ་ཧ་ཅང་ཡག་པོ་རེད། ཆོས་ཟེར་བ་ནི་དུག་རེད། ཅེས་ངོས་ལ་ཐད་ཀར་བཤད་སོང་། ངོས་ཀྱི་སེམས་ལ་མའོ་ཙེ་ཏུང་བསྟན་པའི་དགྲ་བོ་རེད་བསམ་པ་དྲན་ཡང་། ལན་གང་ཡང་མ་བརྒྱབ་པར་སྒམ་པོ་བྱས་ཏེ་བསྡད་པ་ཡིན། སེམས་གཏིང་ལ་བསྟན་པའི་དགྲ་བོ་རེད་འདུག་བསམ་སོང་། གང་ལྟར་རྒྱ་ནག་སྐོར་བ་དང་། དེ་ནས་རྒྱ་གར་དུ་ལོ་མང་པོར་བསྡད་པ་རེད། རྒྱ་གར་རང་དབང་ལུང་པའི་ནང་དུ་འཛམ་གླིང་གང་ས་ནས་ཡོང་བདེ་བོ་ཡིན་པས་མང་པོ་ཞིག་རྒྱ་གར་ལ་ཡོང་ནས་ང་ཚོས་མཉམ་དུ་སྐད་ཆ་བཤད་པ་སོགས་གང་ལ་གང་འཚམ་ངོས་ཀྱིས་ཞབས་འདེགས་སྒྲུབ་ཐུབ་ཡོད། 

ལྷག་པར་དུ་ཚན་རིག་པ་ཆོས་ལ་དད་པ་མེད་མཁན་དེ་འདྲས་ཀྱང་ཚན་རིག་དང་། སེམས་ཁམས་རིག་པའི་སྐོར་ནས་ངོས་ལ་དགའ་བོ་བྱས་ཏེ་ཐུག་འཕྲད་དུ་ཡོང་མཁན་མང་པོ་བྱུང་བ་རེད། དེ་དག་གིས་ཕན་ཐོགས་གང་ལ་གང་འཚམ་ཡོང་གི་འདུག ངོས་ཀྱིས་རྒྱ་གར་དུ་མི་ཚེ་འདི་ལྟར་བསྐྱལ་བ་རེད། གང་ལྟར་བསླབ་པ་གསུམ་གྱི་ཉམས་ལེན་དང་། གཙོ་ཆེ་ཤོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་ཉིན་རེ་བཞིན་དུ་ཉམས་ལེན་མཐིལ་དུ་བཟུང་ནས་བྱེད་བཞིན་ཡོད། བསྟན་པའི་ཞབས་འདེགས་སྒྲུབ་སྟངས་དེ་ལྟར་ཡིན། 

དེ་རིང་འདིར་སྐབས་སུ་བབ་པ་རྒྱ་གར་ནུབ་བྱང་ས་ཁུལ་འདིར་ང་ཚོ་རུབ་རུབ་བྱེད་རྒྱུ་བྱུང་བ་རེད། ངོས་ཀྱིས་བསྐྱར་བཟླས་ཡང་བཟླས་མང་པོ་ཞུ་རྒྱུ་མི་འདུག གང་ལྟར་ང་ཚོ་ཚང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རེད། དེང་སང་བསྟན་པ་ཉམས་པའི་ཕྱོགས་སུ་འགྲོ་བཞིན་ཡོད་ཀྱང་། བསྟན་པ་སླར་གསོ་བྱེད་པའི་གོ་སྐབས་ཤིག་ཀྱང་སླེབས་ཀྱི་འདུག སྔ་མོ་ནང་པའི་ཆོས་མ་དར་སའི་ལུང་པ། ཆོས་ལ་ངོ་རྒོལ་བྱེད་མཁན་གྱིས་ཀྱང་ནང་པའི་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་བཞིན་འདུག ངོས་ཀྱིས་དེ་ཡི་ཐོག་ལ་ཞབས་འདེགས་ཕྲན་བུ་ཕྲན་བུ་སྒྲུབ་ཐུབ་ཀྱི་འདུག ང་ཚོ་ཚང་མར་མི་ལུས་ཐོབ་པའི་རིང་ལ་དཀའ་ངལ་མང་པོ་བརྒྱུད་པའི་འོག་བསྟན་པའི་ཞབས་འདེགས་སྒྲུབ་པའི་གོ་སྐབས་ཕྲན་བུ་ཕྲན་བུ་ཡོང་གི་ཡོད་པ་རེད། ངོས་རང་ནས་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད། ཞོགས་པ་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་སྒོམ་བཞིན་ཡོད། ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་ཐོག་ནས་མི་ལ་ཕན་ཐོགས་གང་འཚམ་ཡོང་ཐུབ་པ་ཤོག་བསམ་པའི་བསམ་བློའི་ཐོག་ནས་མི་ཚེ་སྐྱེལ་བཞིན་ཡོད། ཁྱོད་རང་ཚོས་ཀྱང་དེ་བཞིན་གྱིས། 

ཧམ་པ་བཤད་ན་འགྲིག་གི་མ་རེད་ལ། ཧམ་པ་རེད་ཀྱང་མ་རེད། ཁྱོད་ཚོ་ཚང་མ་ངོས་ཀྱི་སློབ་མ་ཆགས་ཡོད། དེར་བརྟེན། ངོས་ཀྱིས་ཇི་ལྟར་ཉམས་ལེན་བྱེད་བཞིན་པ་དང་། བསམ་བློ་ཇི་ལྟར་གཏོང་བཞིན་པའི་སྐོར་ལ་ཁྱོད་ཚོས་མཉམ་དུ་གོ་བསྡུར་དང་བགྲོ་གླེང་བྱས་ཏེ་ག་ཚོད་ཐུབ་ཐུབ་ཀྱིས་ངོས་ཀྱིས་སྟོང་ཉིད་ཀྱི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས་སྒོམ་པའི་དམིགས་རྣམ་བསྐྱངས་ཚུལ་ལ་དཔེ་བླངས་ནས་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ག་ཚོད་ཐུབ་ཐུབ་ཀྱིས་ཡག་པོ་སྒོམ་ཤོག  བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་བསྟན་པ་རྒྱས་པའི་སྨོན་ལམ་གསུང་འདོན་གནང་སྟེ་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་ཡོད། 

]]>
རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པའི་ཐོག་གསུང་འཕྲིན་སྩལ་བ། https://gyalwarinpoche.com/news/2025/6-3 Tue, 03 Jun 2025 11:37:00 +0000 tibet https://gyalwarinpoche.com/news/2025/6-3 ༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣ ཉིན་ཉི་འོང་གི་རྒྱལ་ས་ཊོཀ་ཡོར་འཚོགས་བཞིན་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པའི་དབུ་འབྱེད་མཛད་སྒོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྩལ་བའི་གསུང་འཕྲིན་སྙན་སྒྲོན་ཞུས་པའི་ནང་འཁོད་དོན། 

མི་མང་གི་སྐུ་ཚབ་རྣམ་པའི་རྒྱབ་སྐྱོར་ནི་ངོས་ཀྱིས་རྟག་ཏུ་རིན་ཐང་བརྩི་བཞིན་ཡོད་ལ། བོད་མི་རྣམས་ལ་ཤིན་ཏུ་གལ་ཆེན་པོ་ཡིན། དེང་དུས་འཛམ་གླིང་ཐོག་དཀའ་ངལ་གྱི་དུས་སྐབས་ཤིག་འགྲོ་བཞིན་ཡོད་པ་དང་། ཡིད་སྐྱོ་བ་ཞིག་ལ་རྒྱལ་ཁབ་ཕན་ཚུན་དབར་དང་། རྒྱལ་ཁབ་ནང་ཁུལ་གྱི་ལྟ་བ་མི་འདྲ་བའི་དབར་རྩོད་རྙོག་ལ་སོགས་པ་མཚམས་འཇོག་མི་འདུག ལོ་རྒྱུས་ལ་བལྟས་ཚེ་འཚེ་བ་ལས་འཚེ་བ་ཁོ་ན་མ་གཏོགས་གཞན་ཅི་ཡང་མི་བྱུང་བ་གསལ་པོ་ཡིན། དེར་བརྟེན་ང་ཚོས་དཀའ་ངལ་དང་རྩོག་རྙོག་རྣམས་ཞི་མོལ་དང་བར་འདུམ་གྱི་བསམ་ཤེས་ལྡན་པའི་སྒོ་ནས་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་དགོས། ང་ཚོ་བོད་མི་ཚོས་བོད་མིའི་རང་དབང་དང་ཆེ་མཐོང་གི་ཆེད་ཞི་བ་དང་འཚེ་མེད་ཀྱི་ལམ་ནས་ཕན་ཚུན་གཉིས་ཀར་ཕན་པའི་ཐག་གཅོད་ཅིག་འཚོལ་བར་འབད་བརྩོན་ཞུ་བཞིན་ཡོད། ཅེས་དང་།

བོད་ནང་ལ་མཚོན་ན་བོད་རྒྱ་ཆེའི་མི་མང་གི་སེམས་ཤུགས་ནི་དངོས་གནས་རི་བཙུགས་པ་ལྟར་འགྱུར་བ་མེད། ང་ཚོའི་འཐབ་རྩོད་དེ་བདེན་པ་དང་དྲང་བདེན་ལ་གཞི་བཅོལ་བར་བརྟེན་བོད་མིའི་བློ་སྟོབས་ནི་ཟབ་ཅིང་གཡོ་མེད་ཡིན། ངོས་ནས་རྒྱ་ནག་གིས་དེར་ངོས་འཛིན་ཐུབ་པའི་རེ་བ་ཡོད། ང་ཚོའི་འཐབ་རྩོད་ནི་སྐད་ཡིག་དང་། ལྟ་གྲུབ། རིག་གཞུང་ལྡན་པའི་མི་རིགས་ཤིག་གི་འཐབ་རྩོད་ཡིན། བོད་བརྒྱུད་ནང་བསྟན་ནི་རིག་པ་དང་སྒྲུབ་བྱེད་ལ་གཞི་བཅོལ་བའི་ནང་བསྟན་ཡིན་པ་མ་ཟད། འདི་ནི་འཕགས་ཡུལ་དཔལ་ནཱ་ལེནྡྲ་ནས་བྱུང་བའི་དག་པའི་བསྟན་པ་ཉམས་སྲུང་དང་གསོ་སྐྱོང་བྱེད་མཁན་གྱི་བརྒྱུད་རིམ་ཞིག་ཡིན་པ་དང་། སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་ལ་དམིགས་པའི་སྙིང་རྗེ་དང་བྱམས་བརྩེ་ནི་འདིའི་སློབ་སྦྱོང་གཙོ་བོ་ཡིན། ཞེས་གསུངས།

དེ་བཞིན་དེང་སང་རྒྱ་ནག་ནང་དུ་ནང་པའི་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་འགྲོ་བཞིན་ཡོད་པ་མ་ཟད། དེང་དུས་ཀྱི་ཚན་རིག་པ་ཚོས་ནང་པའི་ལྟ་གྲུབ་དང་སེམས་ཁམས་རིག་པ་ལ་འཇུག་པ་འཕེལ་ཞིང་། དེང་དུས་ཀྱི་ཞིབ་འཇུག་ནང་དུ་འདི་དག་གི་གལ་གནད་ངོས་འཛིན་བྱེད་བཞིན་པའི་སྐོར་ཡང་གསལ་འདུག

༸གོང་ས་མཆོག་གིས་སེམས་ཚོར་དང་ཤེས་སྟོབས་གཉིས་ཀའི་འཕེལ་རྒྱས་ཀྱི་ཤེས་ཡོན་སྐོར་གསལ་སྟོན་གནང་ཞིང་། མ་འོངས་པར་བྱམས་སྙིང་རྗེ་དང་། གཅིག་གྱུར་གྱི་འདུ་ཤེས་ལྟ་བུའི་འགྲོ་བ་མིའི་རིན་ཐང་ཡོད་པ་ཞིག་བསྐྲུན་ཐབས་སུ་དེ་དག་ཤེས་ཡོན་གྱི་སློབ་དེབ་ནང་བསྡུད་ཐུབ་པའི་རེ་བ་ཡོད། ཅེས་དང་། མཐར་གྲོས་ཚོགས་འཐུས་མི་རྣམ་པས་བོད་མི་ཚོར་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་མཛད་པ་དང་། བདེན་པའི་མཐར་ཐུག་ཏུ་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཡོད། ཅེས་བཀའ་སྩལ་ཡོད། 

]]>
བོད་ཀྱི་ཞོ་སྟོན་ཐེངས་ཉེར་བརྒྱད་པའི་འཁྲབ་སྟོན་པ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ། https://gyalwarinpoche.com/news/2025/5-10 Sat, 10 May 2025 06:16:00 +0000 tibet https://gyalwarinpoche.com/news/2025/5-10 ༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཞོ་སྟོན་ཐེངས་ ༢༨ པར་ཕེབས་པའི་ས་གནས་ཁག་བཅུ་གསུམ་གྱི་ལྷ་མོའི་འཁྲབ་སྟོན་པ་རྣམ་པ་དང་། བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།

དེ་ཡང་སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་ཞབས་སྟེགས་སུ་འཁོད་མཚམས། ཞོ་སྟོན་གོ་སྒྲིག་པས་༸གོང་ས་མཆོག་དགུང་གྲངས་དགུ་བཅུའི་གོ་སྟོན་རྟེན་འབྲེལ་སྐལ་བཟང་ལ། ཞོ་སྟོན་ཐེངས་ ༢༨ པར་ཕེབས་པའི་ས་གནས་ཁག་གི་སྐུ་ཚབ་ནས་གསུང་གདངས་འདྲ་མིན་བཀའ་བཞིན་སྒྲུབ་པའི་མཆོད་པའི་ཚུལ་དུ་འབུལ་རྒྱུར་སྙན་སེང་ཞུས་རྗེས། ཅོན་རྡ་ར་བོད་ཁྱིམ་ལྷ་མོ་ཚོགས་པ་དང་། རྡ་སྟེང་བོད་ཁྱིམ་ལྷ་མོ་ཚོགས་པ། མ་སུ་རི་བོད་ཁྱིམ་ལྷ་མོ་ཚོགས་པ། ཀོ་ལི་གྷལ་ལྷ་མོ་ཚོགས་པ། སྦེལ་ཀོབ་ལྷ་མོ་ཚོགས་པ། སྤོན་ཊ་ལྷ་མོ་ཚོགས་པ། མོན་གྷོ་ལྷ་མོ་ཚོགས་པ། སྦད་རྡ་ར་ལྷ་མོ་ཚོགས་པ། བྱང་ཨ་རིའི་ལྕགས་ཟམ་ལྷ་མོ་ཚོགས་པ། ཨོ་རི་ས་ལྷ་མོ་ཚོགས་པ། ཀ་ལོན་སྦུག་ལྷ་མོ་ཚོགས་པ། མན་སྤར་ལྷ་མོ་ཚོགས་པ། བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ། བོད་ཀྱི་ཟློས་གར་ཚོགས་པ་བཅས་ཀྱི་སྐུ་ཚབ་རྣམས་ནས་རིམ་པ་བཞིན་རྔོན་པའི་རྣམ་ཐར་དང་། རྒྱ་ལུ། ཐམས་ཅད་མཁྱེན་པ། གདོལ་བ། སྣང་ས། དྲང་སྲོང་། ལྷ་གསོལ། བཀྲ་ཤིས་སོགས་ཀྱི་གསུང་གདངས་བཏང་སྟེ་གཟིགས་འབུལ་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།

ཁྱོད་ཚོས་འདིར་ཟློས་གར་པ་དང་འཁྲབ་གཞས་གཏོང་དུས་ངོས་ལ་ནོར་བུ་གླིང་གའི་ཚོར་བ་ཤུགས་ཆེན་པོ་འདུག ནོར་བུ་གླིང་གར་ངོས་ལ་གཟིམ་ཆུང་གསར་པ་ཞིག་བརྒྱབ་ཡོད་པ་རེད། ངོས་རང་དེར་བསྡད། མདུན་དུ་སྡིངས་ཆ་ཞིག་ཡོད་པའི་ནང་དུ་ལྷ་མོ་བ་རྒྱང་མཁར། གཅུང་པ། ཤངས་པ། སྐྱོར་མོ་ལུང་པ་བཅས་ནས་རྣམ་ཐར་གཏོང་བ་དང་འཁྲབ་སྟོན་བྱེད་སྐབས། ངོས་རང་གཟིམ་ཆུང་དུ་ཡོད་ཀྱང་ཁོ་ཚོས་འཁྲབ་སྟོན་བྱེད་དུས་ངོས་ཀྱང་རྣམ་འགྱུར་ལྟ་བུ་བྱས་ཏེ་སྡོད་ཀྱི་ཡོད། གང་ལྟར་དེ་དུས་ཧ་ཅང་སྐལ་བ་བཟང་པོ་ཞིག་བྱུང་ཡོད། ཕྱི་ལོ་ ༡༩༥༩ རྗེས་སུ་འགྱུར་བ་ཆེན་པོ་ཕྱིན་ཀྱང་། བོད་རྒྱ་ཆེའི་མི་མང་གི་ལྷག་བསམ་དང་ཞེན་ཁོག་ལ་འགྱུར་བ་ཁྱོན་ནས་མེད་པ་ཞིག་རེད། ངོས་རང་ལ་མཚོན་ནའང་༸རྒྱལ་བ་རིན་པོ་ཆེའི་མཚན་ཡོད་པས་ཕྱི་ལོ་ ༡༩༥༩ རྗེས་ནས་རྒྱ་གར་དུ་ཡུན་རིང་པོར་འདི་ལྟར་བསྡད་པ་རེད། ས་ཁུལ་གང་དུ་སླེབས་ཀྱང་ང་ཚོ་བོད་གངས་ཅན་པ་ཟེར་བའི་དོན་དག་དེ་ནམ་ཡང་བརྗེད་པ་མེད།

སྔར་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཆོས་རྒྱལ་ན་རིམ་གྱིས་ང་ཚོའི་རྟེན་གཞི་བཟུང་ནས་བསྡད་པ་རེད། དེར་བརྟེན། ངོས་ལ་༸རྒྱལ་དབང་གི་མིང་ཐོགས་ནས་བོད་བསྟན་སྲིད་ཀྱི་འགན་འཁུར་ལེན་གྱི་མིང་ཆགས་པ་རེད། མིང་དེ་འཁྱེར་བའི་ཐོག་ནས་རྒྱ་ནག་ཏུ་ཕྱིན་པ་དང་། མའོ་ཙེ་ཏུང་ལ་ཐུག་པ་ཡིན། སོ་སོའི་སེམས་ནང་དུ་ང་ཚོ་བོད་པ་ཡིན་བསམ་པའི་འཇིགས་སྐྲག་སྐྱེས་པ་དང་ཞུམ་པ་སྐྱེས་པ་ཁྱོན་ནས་མི་འདུག དངོས་ནས་ང་ཚོ་བོད་ཀྱི་ལ་རྒྱ་བརྟན་པོ་ཡོད་པ་ཧ་ཅང་གསལ་པོ་ཡོད། མའོ་ཙེ་ཏུང་ལ་ཐུག་པའི་སྐབས་སུ་ཁོས་ངོས་ལ་བསྟོད་པ་བྱེད་ཀྱི་རེད། ངོས་ནས་མའོ་ཙེ་ཏུང་ལ་བལྟས་ནས་ཡག་པོ་འདུག་ལབ་པ་མ་གཏོགས་ཁོ་ལ་སྤྲེལ་ལད་འཁྲབ་པ་གང་ཡང་མེད། ཚུར་མའོ་ཙེ་ཏུང་གིས་བོད་རིགས་ཚོ་སེམས་ཤུགས་ཆེན་པོ་ཡིན་པ་དང་། ལྷག་བསམ་བརྟན་པོ་ཡིན་པར་བཤད་སོང་། དེ་ལ་རེད་ཅེས་བརྗོད་པ་ཡིན།

གང་ལྟར་བོད་རྒྱ་ཆེའི་མི་མང་གིས་ལྷག་བསམ་དང་ཞེན་ཁོག་ལ་འགྱུར་བ་ཁྱོན་ནས་མེད་པ་ཞིག་རེད། ངོས་རང་རྒྱ་ནག་གི་ས་ཁུལ་དགའ་རབ་སླེབས་ཡོད་པ་རེད། མདོ་སྟོད་སྨད་ཀྱི་ས་ཁུལ་ཡང་ཁག་མང་པོར་སླེབས་པ་རེད། དེའི་ནང་དུ་བོད་རིགས་ཚོས་ངོས་རང་ལ་༸རྒྱལ་བ་རིན་པོ་ཆེའི་མིང་ཡོད་པས་དགའ་ཞེན་དང་། ལྷག་བསམ་འགྱུར་བ་མེད་པ་ཞིག་རེད། བོད་པ་ཚོ་བློ་ཧ་ཅང་བརྟན་པོ་རེད། བོད་པ་ཚོར་ཐུག་ནས་ཆོས་བཤད་དང་། བོད་མི་རིགས་ཀྱི་གནས་སྟངས་སྐོར་བཤད་དུས་ངོས་རང་སེམས་འགུལ་ཐེབས་ཀྱི་འདུག་ལ་བོད་པ་མང་པོ་ཞིག་གིས་མིག་ཆུ་གཏོང་གི་འདུག གང་ལྟར་དགའ་ཞེན་ནི་གཡོ་བ་མེད་པ་ཞིག་རེད། ང་ཚོ་བོད་པ་ཚོ་སོ་སོའི་མི་རིགས་ལ་དགའ་ཞེན་དང་། སངས་རྒྱས་པའི་ཆོས་ལ་དགའ་ཞེན། དེ་བཞིན་༸རྒྱལ་བ་རིན་པོ་ཆེ་ལ་དགའ་ཞེན་བྱེད་པ་བཅས་ནི་གཡོ་བ་མེད་པ་ཞིག་རེད། བསམ་བློ་དེ་ཧ་ཅང་མཁྲེགས་པོ་ཞིག་རེད། དེ་ཡིན་དགོས་པའང་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་རྒྱ་ནག་དང་འབྲེལ་བ་དམིགས་བསལ་ཤུགས་ཆེན་པོ་ཡོད་ཀྱང་། ཆོས་རྒྱལ་ན་རིམ་སྐབས་ནས་བོད་པའི་ཞེན་ཁོག་ཧ་ཅང་བརྟན་པོ་རེད།

ངོས་ཀྱི་མི་ཐོག་འདིར་ངོས་རང་ཟི་ལིང་ནས་ཡར་ལྷ་སར་སླེབས་པ་རེད། བོད་རིགས་ཚོར་བསྟན་སྲིད་ཀྱི་ཤ་ཞེན་བཟློག་ཏུ་མེད་པ་ཧ་ལས་པ་རེད། དེ་ལྟ་བུའི་གནས་སྟངས་ཀྱི་འོག་ནས་ང་ཚོ་བཙན་བྱོལ་བ་ཆགས་པ་རེད། རྒྱ་གར་དུ་སླེབས་ནས་ཀྱང་ང་ཚོས་སེམས་ཤུགས་འདི་འཁྱེར་ཡོད། རྒྱ་གར་ཙམ་མ་ཡིན་པར་ཕྱིའི་རྒྱལ་ཁབ་གཞན་དག་ཏུ་ཡོད་པའི་བོད་རིགས་ཚང་མས་ང་ཚོ་བོད་པ་ཡིན་ཟེར་ནས་བོད་པའི་ཞེན་ཤ་ཚ་དེ་འཁྱེར་ཡོད། ལྷག་བསམ་དང་ཞེན་ཁོག་འགྱུར་བ་མེད་པ་རེད། གནས་སྟངས་འདིའི་འོག་ནས་བོད་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་རྒྱུ་ནི་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་པ་རེད། བོད་པ་ཟེར་ནས་ནག་བསུབ་གཏོང་ཐུབ་པ་ཁྱོན་ནས་ཡོད་པ་མ་རེད།

ངོས་རང་ལ་ཆ་བཞག་ནའང་༸རྒྱལ་བ་རིན་པོ་ཆེའི་མིང་འཁྱེར་ནས་རིག་གཞུང་དང་། ཀླད་པའི་ཚན་རིག་སོགས་ཀྱི་ཐོག་ནས་འབྲེལ་བ་ཤུགས་ཆེན་པོ་བྱེད་བཞིན་ཡོད། ང་ཚོའི་ནང་པའི་གཞུང་དུ་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཞིབ་ཚགས་པོ་ཡོད་པས་ང་ཚོས་ཚན་རིག་པར་ཕར་རོགས་རམ་བྱེད་ཐུབ་ཀྱི་འདུག དེ་དང་ཆབས་ཅིག་ཚན་རིག་པའི་རིག་པ་གསར་པའི་གྲས་ལ་ང་ཚོར་ཚུར་སློབ་སྦྱོང་བྱེད་པར་ཕན་ཐོགས་ཡོང་གི་འདུག དེར་བརྟེན། ངོས་ཀྱི་ཀླད་པ་འདིར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་ཉམས་ལེན་བྱེད་རྒྱུ་གཙོ་བོ་རེད། ཚན་རིག་གི་ཐོག་ལ་ཡིན་ནའང་སེམས་ཁམས་རིག་པའི་འགྲོ་སྟངས་སྐོར་ནས་ངོས་རང་ཚན་རིག་པར་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ཚན་རིག་པ་མང་པོ་ཞིག་གིས་ངོས་ལ་ཧ་ཅང་དགའ་བོ་བྱེད་བཞིན་འདུག ང་རང་ཚོའི་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་འདི་ཚན་རིག་དང་མཐུན་པར་རིགས་པའི་ལམ་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་ཡིན། གོང་དུ་ཞུས་པ་ལྟར་མའོ་ཙེ་ཏུང་ལ་ཐུག་པའི་སྐབས་སུ་ཚུར་ཧ་ཅང་དགའ་བོ་བྱེད་ཀྱང་། ཁོ་རང་ཚོས་དམར་པོའི་རིང་ལུགས་མ་གཏོགས་ལྟ་གྲུབ་གཏིང་རིང་པོ་ཤེས་ཀྱི་མ་རེད། གང་ལྟར་ང་ཚོའི་བོད་པ་ཧ་ཅང་གྲུང་པོ་རེད།

ལོ་ཡུན་འདིའི་རིང་ལ་བོད་ཆོལ་ཁ་གསུམ་གྱི་མི་མང་ཚོས་སོ་སོའི་ཞེན་ཁོག་ལ་འགྱུར་བ་ཁྱོན་ནས་མེད་པར་ཧ་ཅང་བརྟན་པོ་བསྡད་པ་རེད། མ་འོངས་པར་ཡང་བོད་མི་རིགས་ཀྱི་ལྟ་སྤྱོད་བརྟན་པོར་འཇུས་བསྡད་པ་དེ་མུ་མཐུད་ནས་ཏན་ཏན་གནས་ཀྱི་རེད། མཁྱེན་སོང་ངམ། ངོས་རང་ལ་ཆ་བཞག་ན་བོད་མི་རིགས་རིག་གཞུང་དང་བཅས་པ་འཛམ་གླིང་འདིར་སྲ་བརྟན་ཕུགས་འཕེར་ཞིག་བྱེད་པར་སེམས་ཤུགས་ཡོད། དངོས་ཡོད་གནས་ཚུལ་ལ་ཕན་ཐོགས་ཡོད་པ་ཞིག་རེད། ང་ཚོས་གཞུང་ཁྲིད་པའི་སྐབས་སུ་དབུ་ཚད་ཀྱི་གཞུང་དང་། དབུ་མ་དང་ཕར་ཕྱིན་གྱི་གཞུང་ཧ་ཅང་ཡག་པོ་རེད། མངོན་པ་མཛོད་དེ་ཙམ་ཆོད་མཐོང་གི་མི་འདུག གཞུང་གཞན་རྣམས་ནི་ཧ་ལས་པ་རེད། དེང་སང་གི་དུས་ཚོད་འདིར་ང་ཚོའི་གཞུང་དེ་རྣམས་དེང་དུས་ཀྱི་ཤེས་ཡོན་དང་མཉམ་དུ་ཕྱར་བ་གྲུ་འདེགས་བྱས་ཏེ་ཕན་ཐོགས་བྱེད་ཐུབ་པ་ཧ་ཅང་ཡག་པོ་རེད། ང་ཚོ་བོད་མི་རིགས་ཀྱིས་སྔར་ཆོས་རྒྱལ་ཚོའི་སྐབས་ནས་སོ་སོའི་རིག་གཞུང་རིན་ཐང་དང་ལྡན་པ། ག་ཚོད་བསམ་བློ་བཏང་ཡང་གཏོང་རྒྱུ་ཡོད་པའི་རིག་གཞུང་གཏིང་ཟབ་ཅིག་མཁས་པ་རིམ་བྱོན་གྱིས་བདག་པོ་བརྒྱབ་པ་རེད། དུས་ད་ལྟ་ཡིན་ནའང་ངོས་ནས་བོད་ཀྱི་རིག་གཞུང་ལ་ག་ཚོད་ཐུབ་ཐུབ་ཀྱིས་བདག་པོ་རྒྱག་བཞིན་ཡོད། གཙོ་ཆེ་ཤོས་བོད་ནང་གི་དངོས་གནས་སྙིང་སྟོབས་ཅན་གྱི་མཁས་དབང་ཚང་མས་སོ་སོའི་རིག་གཞུང་གཏིང་ཟབ་འདིར་བདག་པོ་བརྒྱབ་ནས་བསྡད་ཡོད་པ་རེད། རིམ་བཞིན་དུས་ཚོད་འགྱུར་བ་ཡོང་གི་རེད། ང་ཚོའི་རིག་གཞུང་ནི་གཙོ་བོ་སེམས་ཁམས་རིག་པ་དང་འབྲེལ་བའི་རིག་གཞུང་ཞིག་ཆགས་ཡོད་པས། སེམས་ཀྱི་ཞི་བདེ་སྒྲུབ་པའི་རིག་གཞུང་ཆགས་ཡོད་པས་ཕྱིའི་དུས་ཀྱི་འགྱུར་བ་ལ་ལྟོས་པ་མེད་པར་མུ་མཐུད་ནས་གནས་ཀྱི་རེད། བཀྲ་ཤིས་བདེ་ལེགས། ཞེས་བཀའ་སློབ་སྩལ་ཡོད།

]]>
ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། https://gyalwarinpoche.com/news/2025/5-7 Wed, 07 May 2025 09:39:00 +0000 tibet https://gyalwarinpoche.com/news/2025/5-7 ༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༧ ཉིན་གྱི་སྔ་དྲོ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བལ་ཡུལ་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། ཆ་ཕྲེང་མི་མང་ཚོགས་ཁག་ཅིག ཕག་རི་མི་མང་བཅས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

དེ་ཡང་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། ཕག་རི་མི་མང་། ཆ་ཕྲེང་བའི་ཚོགས་སྡེ་བཅས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཞལ་བཞེས་བཀའ་དྲིན་ཆེ་ཐོབ་བཞིན་༸གོང་ས་ལྔ་པ་ཆེན་པོའི་དག་སྣང་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་འབུལ་སྐབས་རྡོ་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་སློབ་དཔོན་འདུས་ཚོགས། གཞན་བསྙེན་མཚམས་པ་སོགས་ཆོག་གྲྭ་བ་བཅས་སྐུའི་ཚེ་སྒྲུབ་ཉིན་བཞི་སྔོན་བཏང་གིས་གོང་ཚེས་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༡༠ ཙམ་ལ་རྣམ་གྲྭའི་སྤྱན་རྒྱ་སྤོས་འཛིན་དང་། སྦྱིན་བདག་ཁག་གསུམ་གྱི་འཐུས་ཚབ་མི་དྲུག་ནས་སྤོས་སྣེ། བོད་ཀྱི་ཟློས་གར་ཚོགས་པ་ནས་རུ་སྒྲིག་དང་བཀྲ་ཤིས་ཞོལ་པས་ཕེབས་བསུ་གཟབ་རྒྱས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་གྲུབ་པ་དང་བརྟན་བཞུགས་ཀྱི་དབུ་བཞུགས་ཟམ་གདོང་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་ཞུས།

ཞལ་འདོན་བརྟན་བཞུགས་ཀྱི་ཆོ་ག་ནས་མཁའ་འགྲོ་བསུན་བཟློག་གསུང་མུར་གསོལ་འབྲས་རིམ་པར་ཕེབས། དངོས་གཞི་བླ་མ་ལྷར་བསྐྱེད་ནས་བཟུང་ཞལ་འདོན་ཐར་ཆགས་སུ་གསུངས་ཏེ་ཚེ་འགུགས་རྗེས་ཚེ་མདའ་འབུལ་བཞེས་གནང་། གསོལ་འདེབས་མཎྜལ་སྐབས་དབུ་བཞུགས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ནས་མཎྜལ་ཚོམ་བུ་འདེགས་འབུལ་ཞུས་པ་དང་། ཞལ་འདོན་ཚིག་བསྟུན་གྱིས་ཚེ་བུམ་དང་། ཚེ་ཆང་། ཚེ་རིལ། མདའ་དར། དབང་། དྲག་པོ། ཞི་བ། རྒྱས་པ་བཅས་ཀྱི་ལས་བཞི་འབྲང་རྒྱས་དང་། བཀྲ་ཤིས་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་རྫས་བརྒྱད་བཅས་རིམ་འབུལ་གྱིས་བརྟན་བཞུགས་ཀྱི་ཆོ་ག་བསྐྱངས་རྗེས། གཏང་རག་མཎྜལ་ཤངས་དགའ་ལྡན་ཆོས་འཁོར་གླིང་གི་མཁན་པོ་ནས་མཎྜལ་རྟེན་གསུམ་འདེགས་འབུལ། ཚོགས་མི་མི་གྲངས་ ༡༥ མཇལ་ཁ་ཞུས་པ་བཅས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་མཚམས་ཤངས་དགའ་ལྡན་ཆོས་འཁོར་གླིང་གི་མཁན་རིན་པོ་ཆེ་གཙོས་དགེ་འདུན་པ་རྣམས་དང་། ཕག་རིའི་དད་ལྡན་མི་མང་། ཆ་ཕྲེང་དད་ལྡན་མི་མང་བཅས་གཙོས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཁྲིམས་ཞིབ་པ་གཞན་ཟླ་བ་ཕུན་སྐྱིད་མཆོག ཁྲིམས་ཞིབ་པ་གཞན་བླ་བྲང་འཕགས་པ་ཚེ་རིང་མཆོག འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག རྩིས་ཞིབ་སྤྱི་ཁྱབ་པ་ལྷུན་གྲུབ་སྒང་བཀྲ་ཤིས་སྟོབས་རྒྱལ་སོགས་མི་གྲངས་སྟོང་ཕྲག་བརྒལ་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།  

དེ་རིང་འདིར་ཤངས་དགའ་ལྡན་ཆོས་འཁོར་གླིང་དང་། ཕག་རི་བ་གཞིས་བྱེས་མི་མང་། ཆ་ཕྲེང་བ་ཁག་གཅིག་བཅས་ནས་བརྟན་བཞུགས་ཕུལ་བ་རེད། ཚང་མ་དངོས་གནས་སེམས་ཤུགས་རྩེ་གཅིག་ཡིན་པ་ཧ་ཅང་གསལ་བོ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ལ་ཆ་བཞག་ན་སྐུ་འབུམ་ལ་སྐྱེས་ནས་ཡར་ལྷ་སར་སླེབས་པ་དང་། ༸རྒྱལ་དབང་གི་མཚན་འཁྱེར་བའི་ཐོག་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེ་ཐག་ཆོད་བྱས་ཡོད་པ་རེད། རྒྱ་མིས་དོགས་ཟོན་བྱེད་དགོས་པ་ཆགས་ནས་བསྡད་པ་རེད། དེ་ནས་མཐའ་མའི་འདུས་ལྟ་བུ་ནི་བཙན་བྱོལ་བ་ཆགས་ནས་རྒྱ་གར་དུ་གནས་ཡོད། རྒྱ་གར་ལ་སླེབས་ནས་རྒྱ་གར་གྱི་ཤར་ནུབ་དབུས་སོགས་ས་ཁུལ་ཁག་ནས་དད་འདུས་ཀྱི་སྐྱེ་བོ་ཁྲི་ཕྲག་མང་པོས་རྩེ་གཅིག་གི་དད་པ་དང་དགའ་ཞེན་བྱས་ཏེ་ངོས་ལ་ཐུག་འཕྲད་དུ་ཡོང་གི་ཡོད་པ་རེད།

རྒྱ་གར་གྱི་ཆོས་པ་ཚོ་ཆོས་ལ་མཐའ་གཅིག་ཏུ་དད་པ་ཡོད་ཀྱང་མེད་ཀྱང་། གང་ལྟར་ཏཱ་ལའི་བླ་མ་ཆབ་སྲིད་ཀྱི་འགོ་ཁྲིད་གལ་ཆེན་པོ་ཞིག་ལ་བརྩིས་ཏེ་ཧ་ཅང་དགའ་བོ་བྱེད་བཞིན་འདུག ངོས་རང་རྒྱ་གར་གྱི་ས་ཁུལ་འདྲ་མིན་དུ་སླེབས་པའི་སྐབས་སུ་ཡུལ་བ་ཚོས་ཧ་ཅང་དགའ་མོས་ཆེན་པོའི་རྣམ་འགྱུར་སྟོན་བཞིན་འདུག དེ་དག་བསམ་དུས་ངོས་ཀྱི་ཚེ་ཅི་ཙམ་རིང་བ་དེའི་ཚོད་ཀྱིས་ཕན་ཐོགས་ཅུང་ཙམ་ཡོང་རྒྱུ་རེད་བསམ་ནས་སེམས་ལ་སྤོབས་པ་དང་གདེང་ཚོད་སླེབས་ཀྱི་འདུག ད་ལྟའི་བར་དུ་རྒྱ་གར་དུ་རྒྱ་གར་མི་མང་ལ་འབྲེལ་བ་བྱས་ཏེ་འབྲེལ་བ་ཡག་ཐག་ཆོད་དང་། ཚང་མས་ཧ་ཅང་དགའ་བོ་བྱེད་བཞིན་འདུག

རྒྱ་ནག་ལ་མཚོན་ནའང་ནང་ཆོས་ཤུགས་ཆེ་རུ་འགྲོ་བཞིན་འདུག དེར་བརྟེན། རིམ་བཞིན་ནང་ཆོས་ཅུང་ཙམ་དར་སྤེལ་ཐུབ་པའི་གནས་ཚུལ་ཞིག་ཕལ་ཆེར་མི་ཡོང་ངམ་བསམ་པ་ཞིག་འདུག རྒྱ་ནག་དུའང་ནང་ཆོས་འཆད་སྤེལ་བྱས་ཏེ་ཕན་ཐོགས་ཅུང་ཙམ་བྱེད་ཐུབ་པ་ཞིག་དང་། གང་ལྟར་ངོས་ལ་མི་ལུས་འདི་ལྟ་བུ་ཞིག་ཐོབ་ནས་ལྷ་མོའི་བླ་མཚོ་ནས་ཨ་ཀ་མ་ཞེས་གསུངས་པ་བཞིན་ལོ་བཅུ་ཕྲག་ཁ་ཤས་རིང་ཏན་ཏན་བསྟན་པའི་ཞབས་འདེགས་སྒྲུབ་པ་དང་། སྟོན་པ་བཀའ་དྲིན་ཅན་གྱི་བཀའ་དྲིིན་གསབ་པའི་ཆེད་དུ་རེད་བསམ་པ་ཞིག་ངོས་ཀྱིས་ཚོད་ཐིག་གི་འདུག ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན།

ཟི་ལིང་ནས་ཡར་ཡོང་བའི་ཕྲུ་གུ་ཞིག་གིས་ལྷ་སར་༸རྒྱལ་དབང་གི་མཚན་འཁྱེར་ནས་བཞུགས་ཁྲིའི་སྒང་ལ་སྡོད་པ་མ་གཏོགས་གཞན་ཤེས་ཀྱི་ཡོད་པ་མ་རེད། ག་ལེར་ག་ལེར་སྐད་ཆ་བཤད་རྒྱུ་གོམས་ཡོང་དུས་ལྷ་སར་སླེབས་ནས་བསྟན་པ་དང་འགྲོ་བའི་དོན་གང་འཚམ་སྒྲུབ་ཡོད། གཙོ་ཆེ་ཤོས་སེ་འབྲས་དགེ་གསུམ་དུ་སོ་སོས་གྲྭ་སྐོར་བྱས་པ་དང་། ལྷ་ལྡན་སྨོན་ལམ་ཆེན་མོར་དམ་བཅའ་བཞག་པ་ནི་ངོས་རང་འགྱོད་པ་མེད་པར་ཧུར་ཐག་འབད་ཐག་བྱས་པ་ཡིན། དེ་དུས་ངོས་ལ་མཚན་ཉིད་སློབ་མཁན་གཙོ་བོ་ནི་རྒན་དངོས་གྲུབ་ཚོགས་གཉིས་རེད། སོག་པོ་དངོས་གྲུབ་ཚོགས་གཉིས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། བདེ་ཡངས་མཚན་ཞབས་དཔེ་ཆ་ཅུང་ཙམ་སྐྱོ་གི་རེད། ངོས་ཀྱིས་ཐུབ་ཚོད་ཅུང་རེ་བཏང་། མགོ་སྐོར་ཡང་ཅུང་རེ་བཏང་བ་ཡིན། ངོས་ཀྱི་གྲོགས་པོ་ཡག་པོ་ཡིན། ཞེས་བཀའ་སློབ་སྩལ་ཡོད།

]]>
རྒྱ་རིགས་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་ཐེངས་གསུམ་པ་གནང་བ། https://gyalwarinpoche.com/news/2025/5-2-1 Fri, 02 May 2025 08:33:00 +0000 tibet https://gyalwarinpoche.com/news/2025/5-2-1 ༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་རྒྱ་རིགས་ཚན་རིག་པ་དང་ལྷན་དུ་བགྲོ་གླེང་ཐེངས་གསུམ་པ་དེ་གནང་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་བསལ་མཇལ་འཕྲད་ཁང་གི་ཚོགས་ཁང་དུ་ཐའེ་ཝན་དབྱང་མིང་ཆའོ་ཏུང་སློབ་ཆེན་(台灣陽明交通大學)གྱི་སེམས་ཁམས་མཚན་ཉིད་རིག་པའི་སློབ་དཔོན་ཆེ་བ་ཧོང་ཡུས་ཧོང་(洪裕宏)དང་། རྒྱལ་ཡོངས་ཐའེ་ཝན་སློབ་ཆེན་(國立台灣大學)གྱི་སེམས་ཁམས་རིག་པའི་སློབ་དཔོན་གཞོན་པ་དང་། ཀླད་པ་དང་ཤེས་པའི་ཉམས་ཞིབ་ཁང་གི་འགན་འཛིན་ཞེ་པོ་རཱང་(謝伯讓)སོགས་ཚན་རིག་པ་ ༡༡ ལ་བཀའ་སློབ་དང་། དྲི་བར་བཀའ་ལན་སྩལ་ཡོད་པ་རེད།

སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་འདིར་རྒྱ་གར་དུ་བཙན་བྱོལ་བ་བྱས་ཏེ་བསྡད་རིང་། ལུང་པ་འདྲ་མིན་གྱི་ཆོས་པ་དང་ཚན་རིག་པ་སོགས་ལ་ཐུག་པའི་གོ་སྐབས་ཧ་ཅང་ཡག་པོ་འདུག ངོས་ཀྱི་རེ་བ་ལ་རྒྱ་ནག་ཏུ་མཁས་པ་མང་པོ་ཞིག་འཛོམས་ཐུབ་ན་དྲན་བཞིན་ཡོད། རྒྱ་ནག་ཏུ་ནང་པ་མང་པོ་ཡོད་པར་བཤད་ཀྱི་འདུག་པས་ནང་པའི་ཆོས་ཡག་པོ་ཞིག་དར་བ་ཡིན་ན་ཕན་ཐོགས་ཏན་ཏན་ཡོད་པ་རེད། ངོས་རང་བཙན་བྱོལ་བ་བྱས་ནས་རྒྱ་གར་དུ་ལུང་པ་གང་ས་གང་ནས་མི་ཡོང་མཁན་ལ་ཐུག་གི་ཡོད། དེའི་ནང་ནས་ཚན་རིག་པ་ལའང་ཐུག་གི་ཡོད།

ངོས་རང་ཆུང་ཆུང་སྐབས་ནས་བསྡུས་གྲྭའི་ཁ་དོག་དཀར་དམར་ནས་བཟུང་། རིམ་པར་དབུ་མ་དང་ཕར་ཕྱིན་སོགས་དཔེ་ཆར་དགའ་རབ་བལྟས་ཡོད། དཔེ་ཆར་བལྟས་ཡོད་པ་དེས་རྒྱུ་ཆ་ལྟ་བུ་བྱས་ཏེ་རྒྱ་གར་དུ་ཚུར་སླེབས་རྗེས་ཚན་རིག་པ་མང་པོར་ཐུག་པ་རེད། མཁས་དབང་མང་པོར་ཐུག་ནས་སོ་སོའི་བསམ་བློ་རྒྱ་ཆེ་རུ་འགྲོ་བར་ཧ་ཅང་ཕན་ཐོགས་འདུག རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག ད་ལྟ་ང་ཚོར་གལ་ཆེ་བ་ནི་མིའི་ཀུན་སྤྱོད་བཟང་པོ་ཡོང་བ་དང་། སེམས་བཟང་པོ་ཡོང་བ། ཚང་མ་མཐུན་པོ་ཡོང་བ་དེ་ལས་འགན་གཙོ་བོ་ཡིན། གང་ལྟར་ང་ཚོ་ཚང་མ་མཐུན་པོ་བྱས་ཏེ་མཉམ་པོར་སྡོད་ཐུབ་རྒྱུ་ནི་ངོས་ཀྱི་དམིགས་ཡུལ་གཙོ་བོ་རེད།  

ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཚན་རིག་པའི་ཁྲོད་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་དུ་མང་དུ་འགྲོ་བཞིན་འདུག ངོས་ཀྱིས་ནང་ཆོས་ངོ་སྤྲོད་བྱེད་སྐབས་སེམས་ཁམས་རིག་པ་དང་འབྲེལ་ནས་བཤད་ཀྱི་ཡོད་མ་གཏོགས། དེ་སྔའི་ང་ཚོའི་ལུགས་སྲོལ་ལྟ་བུར་སྨོན་ལམ་བརྒྱབ་སྡོད་པ་དེ་བཤད་ཀྱི་མེད། འཛམ་གླིང་འདིར་ང་ཚོ་ཚང་མར་ཞི་བདེ་དགོས་ཀྱི་ཡོད་པ་ནི་རྒྱུ་མཚན་ལྡན་པ་ཞིག་རེད། ཞི་བདེ་ཡོང་བའི་མ་རྩར་སེམས་དུལ་བ་དགོས། སེམས་ལ་ཞི་བདེ་ཡོད་ན་འཛམ་གླིང་ལ་ཞི་བདེ་ཡོང་ཐུབ་པ་ཞིག་རེད། སེམས་ལ་ཞི་བདེ་མེད་པར་ཁ་ནས་ཞི་བདེ་ཞི་བདེ་ཞེས་བརྗོད་པས་ཕན་ཐོགས་མེད།

ཧི་མ་ལ་ཡའི་རི་རྒྱུད་དུ་ངོས་ལ་མོས་པ་ཆེན་པོ་ཡོད་པ་རེད། ང་ཚོ་ཚང་མ་འཆམ་པོ་དང་མཐུན་པོ། མི་རིགས་གཅིག་གིས་གཅིག་ལ་བརྩེ་བ་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་ངོས་ཀྱིས་བཤད་བཞིན་ཡོད། རྒྱ་གར་དུ་བཙན་བྱོལ་བ་བྱས་ཏེ་སྡོད་བཞིན་ཡོད་པས་ལུང་པ་འདྲ་མིན་གྱི་མི་ལ་ཐུག་གི་ཡོད་པ་དང་།  དེའི་ཁྲོད་ཚན་རིག་པའང་མང་པོར་ཐུག་གི་ཡོད། ཚན་རིག་པའི་ནང་ནས་སེམས་ཁམས་རིག་པའི་སྐོར་གྱི་ཚན་རིག་པར་ཐུག་པ་ནི་ཕན་ཐོགས་ཆེན་པོ་འདུག ང་ཚོའི་ནང་པའི་གཞུང་དུ་སེམས་ཁམས་རིག་པའི་སྐོར་ལ་འགྲེལ་བཤད་མང་པོ་ཡོད། ཚན་རིག་པས་སེམས་ཁམས་རིག་པའི་སྐོར་བཤད་པ་དེ་ང་ཚོར་གོ་བསྡུར་བྱེད་པར་ཧ་ཅང་ཕན་ཐོགས་འདུག སེམས་ཁམས་རིག་པ་ཚན་རིག་པས་བཤད་པ་དང་། ཀླད་པའི་ཚན་རིག་པ་ཚོས་བཤད་བཞིན་པ་དེ་དག་ང་ཚོའི་དཔེ་ཆའི་ནང་བཤད་པ་ལ་གོ་བསྡུར་ལ་ཧ་ཅང་ཕན་ཐོགས་འདུག རྒྱ་གར་རང་དབང་ལུང་པ་དང་། ཆོས་ལུགས་འདྲ་མི་འདྲའི་མི་སྣ་ཡོད་པས་སེམས་ཁམས་རིག་པའི་ཚན་རིག་པ་ཚོར་དཀའ་ངལ་གང་ཡང་མེད་པར་འཕྲད་ཀྱི་ཡོད། ཕན་ཐོགས་ཆེན་པོ་འདུག ཅེས་བཀའ་སློབ་སྩལ་རྗེས་རྒྱ་རིགས་ཚན་རིག་པ་ཚོ་དང་ལྷན་དུ་དྲི་བ་དྲིས་ལན་གྱི་ལམ་ནས་བགྲོ་གླེང་གནང་ཡོད་པ་དང་།

རྒྱའི་ཚན་རིག་པ་ཞིག་གིས། སྤྱིར་ཚན་རིག་པ་སྤྱི་ཡོངས་ནས་ཤེས་པ་ནི་ཀླད་པའི་ཆ་ཤས་སུ་འདོད་ཀྱང་། དེང་སང་ཚན་རིག་པ་གྲགས་ཅན་འགའ་ཞིག་གིས་ཤེས་པ་ཀླད་པའི་ཆ་ཤས་སུ་འདོད་ཀྱི་མེད། ནང་པ་ལྟར་ན། ཤེས་པ་ཕྲ་མོ་དེ་གཟུགས་ཅན་མ་ཡིན་པ་དང་། འཁོར་འདས་གཉིས་ཀྱི་རྩ་བར་འདོད་དམ། ཞེས་བཀའ་འདྲི་ཞུས་པར།

༸གོང་ས་མཆོག་གིས་བཀའ་ལན་སྩལ་དོན། ང་ཚོའི་ཤེས་པ་ཟེར་བ་ནི་ལུས་དང་སེམས་སུ་ཕྱེས་པའི་སེམས་ཀྱི་ཐོག་ཏུ་སླེབས་ཡོང་དུས་རྣམ་པར་ཤེས་པ་ལ་སྒོ་ལྔའི་ཤེས་པ་དང་། ཡིད་ཀྱི་ཤེས་པ་ཞེས་ཤེས་པ་སྣ་ཚོགས་ཡོད། ཤེས་པ་ཇེ་གསལ་དུ་འགྲོ་བ་དང་། ཤེས་པ་བརྟན་པོ་ཡོང་བ་ལ་སྒོམ་བརྒྱབ་ན་ཧ་ཅང་ཕན་གྱི་འདུག ངོས་ཀྱིས་ཞོགས་པ་རེ་བཞིན་གཉིད་སད་པ་དང་སྒོམ་ཅུང་ཙམ་རྒྱག་གི་ཡོད། དེ་ཡིས་བསམ་བློ་གསལ་ཏུ་འགྲོ་བ་ལ་ཁྱད་པར་ཆེན་པོ་འདུག ཤེས་པ་གསལ་པོ་བྱུང་ན་དཔྱད་པ་བྱེད་པ་ལ་ནུས་པ་ཆེ་བ་འདུག ནཱ་ལེནྡྲའི་མཁས་པ་ཚོས་ནང་པའི་ཚད་མ་རིག་པ་གསུང་སྐབས་དཔྱད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོར་བརྩིས་ཡོད། ངོས་རང་ནཱ་གཱརྫུ་ན་དང་། ཨཱརྱ་སཾ་ག་སོགས་ཀྱི་རྗེས་འབྲང་ཆགས་ཡོད། དཔྱད་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོར་བརྩི་དགོས། ཆོས་ཕྱོགས་ནས་ཚད་མ་རྣམ་འགྲེལ་གྱི་ཐོག་ནས་དཔྱད་པ་བྱེད་པའི་རིགས་པའི་འགྲོ་སྟངས་དེ་ཚན་རིག་གི་ཐོག་ལ་འཁྱེར་དུས་གཉིས་ཀར་ཕན་ཐོགས་འདུག ངོས་ཀྱི་སར་སྐད་ཆ་འདྲི་མཁན་ཚན་རིག་པ་མང་པོ་ཡོང་གི་འདུག ཚན་རིག་པ་དང་ལྷག་པར་དུ་སེམས་ཁམས་རིག་པའི་ཚན་རིག་པར་ཐུག་དུས་ངོས་ཀྱང་ཚན་རིག་པ་ཞིག་ཀྱང་ཆགས་ཀྱི་ཡོད། སེམས་ཁམས་རིག་པའི་ནང་དུ་ཤེས་པ་ཕྲ་རགས་ཀྱི་སྐད་ཆ་མང་པོ་བཤད་ཀྱི་ཡོད། དེ་ལ་ཞིབ་ཚགས་པོའི་ཐོག་ནས་དཔེ་ཆའི་ནང་བཤད་བཞིན་པ་ལ་ཁུངས་བཅོལ་དགོས་པ་ཆགས་ཀྱི་འདུག མངོན་པ་མཛོད་ནི་དེ་ཙམ་གནད་འགག་ཅིག་ཏུ་མཐོང་གི་མི་འདུག དབུ་མ་དང་ཕར་ཕྱིན་ནི་ཤེས་བྱའི་གནད་གཙོ་བོ་རིགས་པའི་ལམ་ནས་གཏན་ལ་ཕབ་པར་ཧ་ལས་པ་ཞིག་རེད། ཅེས་དང་།

གཞན་ཡང་། སྟོང་པ་རྟེན་འབྱུང་གི་རྣམ་གཞག་དང་རང་གི་འདོད་མོས་ལྟར་བྱེད་ཆོག་པར་འདོད་པ་གཉིས་ལ་འགལ་བ་ཡོད་དམ། ཅི་སྟེ་ཐམས་ཅད་རྒྱུ་རྐྱེན་ལས་བྱུང་བ་ཡིན་ན། ཚེ་འདིར་འབད་པ་བྱས་པ་ཐམས་ཅད་དོན་མེད་དུ་མི་འགྱུར་རམ། ཞེས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན།

སྟོང་པ་དང་རྟེན་འབྱུང་ལས། སྟོང་པ་ནི་གང་ཡང་མེད་པའི་སྐད་ཆ་མ་རེད། བརྟེན་ནས་གྲུབ་པ་ཞིག་མ་གཏོགས་ཆོས་གང་དང་གང་ཡིན་ནའང་ཆོས་གཞན་ལ་མ་རྟེན་པར་རང་དབང་གིས་གྲུབ་པ་གཅིག་ཀྱང་ཡོད་པ་མ་རེད། བརྟེན་ནས་འབྱུང་བ་ནི་རང་ངོས་ནས་གྲུབ་མེད་པ་དང་། རང་ངོས་ནས་གྲུབ་པ་གཅིག་ཀྱང་མེད་པར་ལྟོས་པའི་སྒོ་ནས་གྲུབ་པ་ཤ་སྟག་ལས་མི་འདུག དེར་བརྟེན། རྟེན་འབྱུང་ཟེར་བ་བཤད་ཀྱི་ཡོད། ངོས་ཀྱིས་སྟོང་ཉིད་མང་པོ་སྒོམ་བཞིན་ཡོད། སྟོང་པ་ཉིད་ཀྱི་སྐོར་ལ་བསམ་བློ་གཏོང་དུས་དངོས་གནས་དྲང་གནས་སེམས་ལྷོད་ལྷོད་ཆགས་ཀྱི་འདུག སྟོང་པ་ཉིད་ཀྱི་ལྟ་བ་བརྟེན་ནས་འབྱུང་བ་ཟེར་བ་འདི་ནི་ཚན་རིག་པ་དང་། སྨན་པ་སོགས་གང་ལའང་ཧ་ཅང་རྒྱ་ཆེན་པོ་རེད།

ང་ཚོར་བདེ་སྡུག་དང་འབྲེལ་བ་ཡོད་པའི་ཆོས་རྣམས་བསམ་བློ་དང་འབྲེལ་བ་འདུག ང་ཚོའི་བསམ་བློ་དང་འབྲེལ་བ་མེད་པའི་ཤེས་བྱའི་དཀྱིལ་འཁོར་ཧ་ཅང་མང་པོ་ཞིག་ཡོད་པ་རེད། དེ་དག་ང་ཚོའི་ཤེས་པ་དང་ཐད་ཀར་འབྲེལ་བ་མི་འདུག དེར་བརྟེན། ནཱ་ལེནྡྲའི་འགྲོ་སྟངས་ནི་ག་ཚོད་ཐུབ་ཐུབ་ཀྱིས་དཔྱད་པ་བྱས་ནས་འགྲོ་རྒྱུ་ཞིག་བཤད་བཞིན་ཡོད། ང་ཚོས་གཟུགས། ཤེས་པ། ལྡན་མིན་འདུ་བྱེད་ཅེས་བཤད་ཀྱི་ཡོད། དེང་སང་ཚན་རིག་པ་ཚོས་སེམས་ཁམས་རིག་པའི་སྐོར་ལ་གང་ལ་གང་འཚམ་ཞིག་བཤད་ཀྱི་ཡོད་པ་རེད། དེ་ཡིས་ཤེས་པའི་འགྲོ་སྟངས་རྫོགས་པར་བཤད་ཐུབ་ཀྱི་མ་རེད། ཤེས་པའི་རྣམ་གཞག་ཞིབ་ཚགས་པོ་བཤད་པ་ལ་སྒོམ་གལ་ཆེན་པོ་འདུག ཤེས་པ་ཕྲ་རགས་ཀྱི་དབྱེ་བ་ཕྱེས་ནས་སྒོམ་སྟངས་ལ་སྔགས་ཕྱོགས་སུ་ཧ་ཅང་ཞིབ་ཚགས་པོ་འདུག ངོས་ཀྱིས་ཉིན་ལྟར་སྒོམ་བརྒྱབ་ནས་བསམ་བློ་གཏོང་གི་ཡོད། ཅེས་དང་།

གཞན་ཡང་། དེང་དུས་མཁས་པ་འགས། འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད་ལོགས་སུ་དབྱེར་མེད་པར་གཅིག་ཡིན་པར་འདོད་ཀྱིན་ཡོད། ནང་པས་སེམས་ཅན་རྣམས་ཤི་ནས་ཤེས་པ་ཕྲ་མོ་ལུས་ལས་ཟུར་དུ་རང་སྐྱ་བར་གནས་པ་ལྟ་བུར་འདོད་པ་གཉིས་མི་འགལ་ལམ། ཞེས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན།

དེ་འདྲ་མ་རེད། གང་ལྟར་ཤེས་པ་དང་གཟུགས་ཅན་གཉིས་ཁ་ཁ་རེད། བདེ་སྡུག་ནི་ཤེས་པ་དང་འབྲེལ་བ་འདུག ཤེས་པ་མ་ཡིན་པའི་གཟུགས་ཅན་གྱི་ཆོས་ཀྱི་ནང་དུ་བདེ་སྡུག་བཤད་རྒྱུ་ཁག་པོ་རེད། ཤེས་པ་ནི་མྱོང་བ་རེད། མྱོང་བ་ལ་བདེ་སྡུག་ཡོང་བཞིན་པ་ནི་ཤེས་པའི་ཐོག་ནས་ཡོང་གི་ཡོད། ཤེས་པ་ལ་སད་དུས་ཀྱི་ཤེས་པ་དང་། གཉིད་དུས་ཀྱི་ཤེས་པ། རྨི་ལམ་དུས་ཀྱི་ཤེས་པ་ཞེས་ཤེས་པའི་གནས་སྐབས་མི་འདྲ་བ་འདུག ཤེས་པ་ཕྲ་རགས་ཀྱི་དབྱེ་བ་དེ་སྒོམ་གྱི་ཐོག་ནས་ཕྱེས་ཐུབ་ཀྱི་འདུག ངོས་ཀྱིས་སྒོམ་བརྒྱབ་ནས་ཤེས་པ་ཅུང་ཙམ་ཕྲ་རུ་ཕྱིན་ནས་ཤེས་པ་ཕྲ་མོའི་ཉམས་མྱོང་ཅུང་ཙམ་སླེབས་ཡོང་གི་འདུག ཤེས་པ་ཕྲ་མོ་མངོན་དུ་གྱུར་ཐུབ་པ་བྱུང་སྟེ། ཤེས་པ་དེ་དགེ་བ་ལ་བསྒྱུར་ཐུབ་ན་ཤུགས་ཆེ་བ་འདུག ཤེས་པ་རགས་པ་དགེ་བ་ཆགས་པ་དང་། ཤེས་པ་ཕྲ་མོ་དགེ་བ་ཆགས་གཉིས་ལས་ཤེས་པ་ཕྲ་མོ་དགེ་བ་ཆགས་པ་ལ་ནུས་པ་ཆེ་བ་ཡོད། འཆི་བ་འོད་གསལ་དེ་དགེ་བ་ལ་བསྒྱུར་ཐུབ་པ་ནི་ཉམས་ལེན་ཟབ་ཤོས་ཤིག་རེད། སྔགས་གྱི་གཞུང་ནས་སྐུ་གསུམ་ལམ་འཁྱེར་ཟེར་བ་དེ་རེད། སྐུ་གསུམ་ལམ་འཁྱེར་ངོས་ཀྱིས་ཉིན་ལྟར་སྒོམ་བཞིན་ཡོད། ཐ་མ་འཆི་ཁར་འོད་གསལ་ཐིམ་རིམ་བཞིན་བཞག་ནས། འོད་གསལ་སྒང་ལ་གནས་ཐུབ་པ་ཞིག་དགའ་རབ་ཚོད་དཔག་ཐུབ་ཀྱི་འདུག ཅེས་བཀའ་སློབ་སྩལ་ཡོད། གཞན་ཡང་། ཉིན་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལི་དང་འཇར་མ་ནིའི་གཞུང་ཚབ་མི་སྣ་ཁག་གཅིག་ལའང་མཇལ་ཁ་སྩལ་ཡོད།

]]>
དམིགས་བསལ་གསལ་བསྒྲགས། https://gyalwarinpoche.com/news/2025/5-2 Fri, 02 May 2025 06:14:00 +0000 tibet https://gyalwarinpoche.com/news/2025/5-2 ༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རིགས་གཞོན་སྐྱེས་རྣམས་ལ་དྲ་ལམ་བརྒྱུད། རྟོགས་བརྗོད་འདུན་ལེགས་མའི་བཤད་ལུང་བཀའ་དྲིན་སྩལ་འཕྲོས་ཤིག་ཏུ་དོལ་རྒྱལ་སྐོར་གསུང་སྐབས། ངས་ཤུགས་ལྡན་སྐོར་དམ་བསྒྲགས་འདྲ་ཏོག་ཙམ་བྱས་པ་རེད། ད་ལྟའི་ཚིགས་བཅད་འདིར་ (སྤྱོད་འཇུག་གི་ཚིགས་བཅད། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །) བསམ་བློ་གཏོང་ཡོང་དུས། བརྩེ་བ་བྱ་ས་དང་། མཐའ་གཅིག་ཏུ་བྱམས་བརྩེ་སྒོམ་ས་ཞིག་རེད་མ་གཏོགས། དེ་བསྟན་པ་ལ་གནོད་མཁན་རེད་ཟེར་བ་ལྟ་བུའི་རྒྱུ་མཚན་ཕྲ་མོ་ཞིག་ལ་བརྟེན་ནས་ཏོག་ཙམ་སེམས་ཐག་རིང་དུ་བསྡད་པ་ཡིན་ན་ཕལ་ཆེར་དེ་ནོར་བ་རེད་ཤག། ཅེས་གསུངས་པ་ལ། རང་རེའི་སྤྱི་ཚོགས་སུ་རེ་འགས་དོན་ཇི་བཞིན་མ་རྟོགས་པའམ་ཡིད་གཉིས་སུ་གྱུར་པ། ལྷག་པར་དོལ་རྒྱལ་བས་ཆེད་དུ་མངགས་ནས། ༸རྒྱལ་བ་རིན་པོ་ཆེས་དོལ་རྒྱལ་སྐོར་སྔ་ཕྱི་ལམ་སྟོན་ཡང་ཡང་ཕེབས་པ་རྣམས་ནོར་འཁྲུལ་དུ་ངོས་ལེན་གནང་བ་རེད་ཅེས་ལོག་འགྲེལ་བྱེད་བཞིན་ཡོད་སྟབས། བཀའ་ཆོས་དེ་གྲུབ་ནས་རིང་པོར་མ་སོང་བའི་སྐབས་ཤིག་ཏུ། ༸རྒྱལ་བའི་དབང་པོ་ཉིད་ལ་དོལ་རྒྱལ་བས་ཇི་སྨྲས་སོགས་༸སྙན་སྒྲོན་ཞུས་པའི་ཕྱིར་ཕེབས་སུ། ངོས་ནས་སྔ་ཕྱིར་དོལ་རྒྱལ་སྐོར་བཤད་པར་འགྱུར་བ་མེད། དེ་ཡང་༸རྒྱལ་མཆོག་ལྔ་པ་ཆེན་པོས། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། །སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། །བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག །ཅེས་སོགས་གསུངས་པའི་རྩ་བའི་ལངས་ཕྱོགས་དེ་ག་རང་རེད་ཅེས་ཕེབས།
 
ཡང་། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༤ ཚེས་ ༡༢ ཉིན་དགའ་ཤར་དགེ་བཤེས་ཤིག་ནས་མཇལ་མང་སྐབས་ཞུ་ཡིག་ཏུ། ཁྲི་བྱང་རིན་པོ་ཆེའི་ཡང་སྤྲུལ་མཇལ་བཅར་ཆོག་པ་ཞུས་པའི་བཀའ་ལན་དུ། ཡང་སྲིད་རིན་པོ་ཆེ་ངོས་དང་མ་འགྲིག་པ་གཞན་གང་ཡང་མེད། རྙོག་དྲ་དེ་དོལ་རྒྱལ་བསྟེན་གསོལ་གྱི་ཐོག་ནས་བྱུང་པ་རེད། ངོས་ནས་དོལ་རྒྱལ་སྐོར་དམ་བསྒྲགས་བྱས་པ་དེ་དགོས་པ་རྒྱུ་མཚན་དུ་མ་ལ་བརྟེན་ནས་བྱས་པ་ཡིན། ཞེས་བཀའ་ཕེབས།
 
ཉེ་ལམ་ཕྱི་ལོ་ ༢༠༢༥ ཟླ་ ༢ ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་སེ་ར་ཐེག་ཆེན་གླིང་དུ་བརྟན་བཞུགས་གྲུབ་ནས་ཆིབས་སྒྱུར་གནང་སྐབས་སེ་རའི་ཚོགས་ཆེན་གྱི་གཞུང་སྒོའི་གཡས་ཕྱོགས་སུ་ཤར་པ་ཆོས་རྗེ་ངག་དབང་འབྱོར་ལྡན་མཆོག་སོགས་གདན་སའི་མཁན་ལས་ཟུར་རྣམས་ནས་སེར་སྦྲེང་གིས་ཕེབས་སྐྱེལ་ཞུ་སྐབས། ཤར་པ་ཆོས་རྗེ་ལ་ཞལ་ཕྱོགས་ནས། ད་ལྟ་འདིར་དོལ་རྒྱལ་གྱི་སྐོར་སྐད་ཅོར་འདྲ་མི་འདུག་གམ་ཞེས་བཀའ་རྩད་ཕེབས་པར། ཤར་པ་ཆོས་རྗེ་ནས། དེ་འདྲ་གང་ཡང་མི་འདུག། ཞི་བདེ་རེད་འདུག་ཅེས་ཞུས། ༸གོང་ས་མཆོག་ནས་ཞལ་འཛུམ་དམུལ་བཞིན། ༸རྒྱལ་བ་རིན་པོ་ཆེ་དང་དོལ་རྒྱལ་གཉིས་སྡུར་ན་༸རྒྱལ་བ་རིན་པོ་ཆེ་བསོད་ནམས་ཆེ་གི་རེད། ཅེས་བཞད་མོ་བཞད་བཞིན་བཀའ་གནང།
 
ཡང་ཉེ་ལམ་ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༧ ཉིན། མཇལ་མང་དུ་ལ་དྭགས་པའི་རྨོ་བོ་ཞིག་མཇལ་བཅར་སྐབས། ནང་གི་བུ་མོ་ཞིག་ལ་མི་མ་ཡིན་ཞིག་ཞུགས་ནས་དཀའ་ངལ་འཕྲད་བཞིན་འདུག། མི་ཁག་ཅིག་ནས་ཤུགས་ལྡན་རེད་ཅེས་བརྗོད་ཀྱིན་འདུག་པས་ཐུགས་སྨོན་སྐྱབས་འཇུག་ཡོང་བ་ཞེས་༸སྙན་སེང་ཞུས་པའི་བཀའ་ལན་དུ། དོལ་རྒྱལ་མ་རེད། ངས་ཐག་བཅད་ནས་ཤོད་ཐུབ་ཀྱི་རེད། གང་ཡིན་ཞེ་ན། ངས་དོལ་རྒྱལ་བསྟེན་གསོལ་ཐོག་དམ་བསྒྲགས་བྱེད་ཀྱིན་ཡོད་པས་གནོད་ཐུབ་ཀྱི་མ་རེད། ཅེས་པས་མཚོན་ལོ་འདི་དག་གི་རིང་འདི་འདྲ་ཡང་ཡང་གསུངས་པ་ལ་གཞིགས་ན་༸གོང་ས་མཆོག་གི་དགོངས་གཞི་གང་ཡིན་ཤིན་ཏུ་གསལ་བས་འགྲེལ་བརྗོད་གཞན་དགོས་པ་མ་མཐོང་།
 
འོན་ཀྱང་གོང་གསལ་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་དྲ་ལམ་བརྒྱུད་བཀའ་ཆོས་སྩོལ་སྐབས་དོལ་རྒྱལ་ལ་བལྟ་སྟངས་གང་འདྲ་དགོས་མིན་སྐོར་ཆེས་ཐུང་ངུ་ཞིག་གསུངས་པ་དེས་རྐྱེན་བྱས་ནས་གོ་ནོར་ལོག་འགྲེལ་བྱེད་མཁན་བྱུང་རྐྱེན་དང་། དེས་བོད་མི་ཁག་གཅིག་ལ་ཤུགས་རྐྱེན་ཐེབས་སྲིད་སྟབས་གསལ་བཤད་ཐུང་ཙམ་ཞིག་ཞུ་རྒྱུར།
 
གསུང་ག་འདྲ་ཞིག་གི་སྐབས་བབ་ཀྱི་ནང་དོན་ཚང་ཞིང་མ་ནོར་བར་ངེས་པ་ལ་གསུང་དེའི་ཚིག་གཅིག་གཉིས་ཀྱི་ངོ་གདོང་ཙམ་མིན་པར་གསུང་དེ་དང་འབྲེལ་བ་ཆགས་པའི་ཚིག་སྔ་ཕྱི་ཀུན་ལ་ཞིབ་ཏུ་བལྟ་དགོས་པ་སྤྱི་སྲོལ་དུ་གྱུར་ཡོད། དོན་བསྡུས་ན། སྐབས་དེར་དོལ་རྒྱལ་སྐོར་སྐར་ཆ་ཕྱེད་ཙམ་ཞིག་གསུངས་པ་དེར། སེམས་ཅན་ལ་བརྩེ་བ་བསྒོམ་ཡུལ་ལས་ཞེ་སྡང་བྱ་ཡུལ་ཞིག་མེད་ཅེས་གསལ་བས་དོལ་རྒྱལ་ཡང་བརྩེ་བ་བྱ་ཡུལ་ལས་སྡང་པོ་བྱ་ཡུལ་མ་རེད་ཅེས་གསུངས་པ་དེ་ཙམ་ཞིག་རེད།
 
དེ་ཡང་བཀའ་སློབ་དེར། བརྩེ་བ་བྱ་ཡུལ་ལས་སྡང་པོ་བྱ་ཡུལ་མེད་ཅེས་པས་བརྩེ་བ་བྱས་ཏེ་སེམས་ཐག་ཉེ་པོ་བྱ་རྒྱུ་ལས་བརྩེ་བ་མ་བྱས་པར་སེམས་ཐག་རིང་པོ་བྱས་ནས་བསྡད་པ་དེ་ནོར་བར་གསུངས་པ་ཞིབ་མོར་ཉན་ན་གསལ་པོར་ཆགས་ཡོད། དེས་ན་བསྟན་པ་ལ་གནོད་མཁན་རེད་ཟེར་བ་དང་། འདྲ་མི་འདྲ་ཞིག་རེད་ཟེར་བའི་རྒྱུ་མཚན་ཕྲ་མོ་ཞིག་ལ་བརྟེན་ནས་བརྩེ་བ་མ་སྒོམ་པར་སེམས་ཐག་རིང་པོ་བྱས་ན་ནོར་བའི་དོན་དུ་གསལ། བྱང་ཆུབ་སེམས་དཔས་ཞིང་བཅུ་ཚང་བ་ལྟ་བུ་ཆེས་ཤིན་ཏུ་མ་རུངས་པའི་སེམས་ཅན་གྱིས་མཚོན་སེམས་ཅན་གཅིག་ཀྱང་བློས་གཏོང་མི་རུང་བར་བརྩེ་བས་བསྐྱང་དགོས་ཏེ། སེམས་ཅན་གཅིག་བློས་བཏང་ནའང་བྱང་ཆུབ་སེམས་དཔའ་ལ་རྩ་ལྟུང་འབྱུང་བ་ཡོངས་སུ་གྲགས་ཤིང་གྲུབ་པས་སོ།།
 
སྤྱིར་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ། དངོས་སུ་འགྲོ་བ་མང་པོའི་སྲོག་ལ་འཚེ་བ་དང་། བརྒྱུད་ནས་ལས་ངན་ཇེ་རྒྱས་སུ་སོང་ནས་ཚེ་རབས་མཐའ་མེད་དུ་ངན་སོང་གི་སྡུག་བསྔལ་མྱོང་ངེས་ལས་སྐྱོབ་པའི་ཕྱིར་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་བསྒྲལ་བའི་བྱུང་བ་དང་། དེ་བཞིན་གསང་སྔགས་ཀྱི་གཞུང་དུ་ཞིང་བཅུ་ཚང་བའི་ཡུལ་ལ་མངོན་སྤྱོད་དྲག་པོའི་ལས་ཀྱིས་བསྒྲལ་སྦྱོར་མཛད་པར་གསུངས་པའི་སྐབས་ཤིག་དང་། ཡང་བྱེད་པ་པོ་ལ་སྙིང་རྗེ་དང་བྱ་བ་ལ་དགག་སྒྲུབ་དགོས་པ་ནི། སློབ་དཔོན་འཕགས་པ་ལྷའི་བཞི་བརྒྱ་པར། ཐུབ་པས་ཉོན་མོངས་དགྲར་གཟིགས་ཀྱི། །ཉོན་མོངས་དང་འབྲེལ་གང་ཟག་མིན། །ཞེས་སོགས་ནང་པའི་གཞུང་ལུགས་སྤྱིའི་དགོངས་དོན་ཡིན་པ་ལྟར། ༸མགོན་པོ་མཆོག་ཉིད་ནས་ཀྱང་རྒྱུན་དུ་བོད་ལ་དྲག་གནོན་བྱེད་མཁན་གྱི་རྒྱ་ནག་གི་འགོ་ཁྲིད་ཚོར་སྙིང་རྗེ་དང་ཁོ་ཚོའི་ཚུལ་མིན་ཡིད་བྱེད་དང་བྱ་སྤྱོད་ལ་ཁ་གཏད་གདོང་ལེན་དགོས་ཞེས་བཀའ་གནང་བཞིན་པ་ལྟར། དོལ་རྒྱལ་གྱི་བསྟན་འགྲོ་ལ་གནོད་པའི་བྱ་སྤྱོད་ལ་གདོང་ལེན་དང་། ངོ་བོ་དམ་སྲི་འབྱུང་པོ་ལ་སྙིང་རྗེ་བསྒོམས་ནས་ཁོ་པའི་གནས་ངན་ལེན་གྱི་རྒྱུན་གཅོད་ཐབས་བྱེད་དགོས་ཞེས་པའི་དོན་དུའང་སྣང་།
 
དེ་ལྟར་ན་རང་རེ་བོད་སྤྱིའི་རྩ་དོན་ལ་ལར་ཞེན་དང་ལྡན་པ་ཀུན་ནས། སྔར་ནས་༸གོང་ས་མཆོག་གིས། ང་ཤི་ནས་དོལ་རྒྱལ་བ་རོ་ལངས་རྒྱག་དགོས་བསམ་མཁན་ཡོད་འགྲོ་སྟེ། འགོ་ངས་བཙུགས་ནས་མཇུག་ངས་བསྐྱལ་གྱིན་རེད། ཅེས་སོགས་དོལ་རྒྱལ་སྐོར་སྔ་ཕྱི་བར་གསུམ་དུ་ལམ་སྟོན་ཡང་ནས་ཡང་དུ་ཤིན་ཏུ་ནན་ཏན་དུ་སྩལ་བ་དག་ཡིད་ལ་བཅངས་ཏེ། རྒྱ་གཞུང་གིས་ཆེད་དུ་མངགས་ནས་བོད་མིའི་ནང་ཁུལ་དཀྲུག་པ་དང། དོལ་རྒྱལ་བ་སོགས་ཀྱིས་སྐབས་གང་ཡོད་ལ་སིམ་འཛུལ་གྱིས། གདན་ས་ཁག་ཏུ་དགོས་དབང་གིས་དམ་ཆོས་འདུལ་བའི་དགོངས་དོན་ལྟར་ཚུལ་ཤིང་འགྲིམས་ནས་དོལ་རྒྱལ་བ་དང་ཆོས་དང་ཟང་ཟིང་གིས་འབྲེལ་བ་བཅད་པ་དེ་མི་རུང་ཚུལ་འུད་སྒྲོག་དང། སློབ་གྲྭ་ཁག་ཏུ་དོལ་རྒྱལ་བའི་ཕྲུ་གུའི་ཐོབ་ཐང་བཀག་ཚུལ་སོགས་འཁྱོག་བཤད་ཀྱི་འཆལ་གཏམ་བཀྲམས་དང་འགྲེམས་བཞིན་པ་དེ་དག་ལ་དབུ་མ་འཁོར་བར་བོད་སྤྱིའི་ལངས་ཕྱོགས་སྔར་རྒྱུན་བཞིན་བརྟན་པོར་འཛིན་དགོས་པ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དོལ་རྒྱལ་སྐོར་དམ་བསྒྲགས་ཀྱི་བཀའ་སློབ་སྔ་རྗེས་གནང་བར་འགྱུར་བ་མེད་པ་ཕྱི་གསལ་ནང་གསལ་ཡིན་པ་གསལ་པོ་གོ་རྟོགས་ཐུབ་པ་དགོས། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༥ ཟླ་ ༥ ཚེས་ ༢ ལ།།

]]>
ཡེ་ཤུའི་བླ་ཆེན་བྷོབ་ཧྥི་རན་སི་སི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོ་མཛད་པ། https://gyalwarinpoche.com/news/2025/4-21 Sun, 20 Apr 2025 23:00:00 +0000 tibet https://gyalwarinpoche.com/news/2025/4-21 ༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༡ ཉིན་ཡེ་ཤུའི་བླ་ཆེན་བྷོབ་ཧྥི་རན་སི་སི་མཆོག་དགུང་ལོ་ ༨༨ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་མཛད་འདུག

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལིར་རྟེན་གཞི་བྱས་པའི་ཡི་ཤུའི་བླ་ཆེན་པོབ་ཀྱི་གདན་ས་ཝེ་ཊི་ཀན་གྱི་གཞུང་ཚབ་ཁང་ (Apostolic Nunciature) གི་སྐུ་ཚབ་ལེའོ་པོལ་ཌོ་གྷི་རེལ་ལི་ (Leopoldo Girelli) མཆོག་གི་མཚན་ཐོག་ཡི་ཤུའི་བླ་ཆེན་བྷོབ་ཧྥི་རན་སི་སི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། ཡི་ཤུའི་བླ་ཆེན་བྷོབ་ཧྥི་རན་སི་སི་མཆོག་དགོངས་པ་རྫོགས་པར་ཡི་ཤུའི་རྣམ་དག་ཆོས་ལུགས་ཀྱི་ཆོས་བརྒྱུད་འཛིན་པ་ཡོངས་ལ་ཐུགས་གསོ་དང་བསྔོ་སྨོན་ཞུ་རྒྱུ་ཡིན། བྷོབ་ཧྥི་རན་སི་སི་མཆོག་གིས་དོན་དང་ལྡན་པའི་མི་ཚེ་སྐྱེལ་པ་བརྒྱུད་གཞན་ཕན་གྱི་ཞབས་ཞུ་བསྒྲུབས་ཏེ་སྐུ་ཚེ་བཟང་མཐའ་ཁྱོལ་ཡོད།

མགོན་པོ་གང་ཉིད་མཆོག་གིས་ཞིང་གཤེགས་དམ་པ་དེའི་ཆེད་ལེགས་སྐྱེས་བཟང་ཤོས་ནི་གང་ཐུབ་ཀྱིས་སེམས་བཟང་པོ་དང་གཞན་ལ་ཕན་ཐོགས་རྒྱུ་དེ་ཡིན་ཞེས་བཀའ་སྩལ་འདུག

སྤྱིར་ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༢༢ ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་རྒྱུ་ཡིན་འདུག

]]>
སྨན་རྩིས་མཐོ་སློབ་ཀྱི་བསླབ་པ་མཐར་སོན་པའི་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་བ། https://gyalwarinpoche.com/news/2025/4-16 Wed, 16 Apr 2025 06:16:00 +0000 tibet https://gyalwarinpoche.com/news/2025/4-16 ༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨན་རྩིས་མཐོ་སློབ་ཀྱི་བསླབ་པ་མཐར་སོན་པའི་སློབ་ཕྲུག་སོགས་མི་རིགས་འདྲ་མིན་གྱི་དད་ལྡན་མི་མང་བརྒྱ་ཕྲག་བརྒལ་བར་མཇལ་ཁ་སྩལ་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོ་ཆུ་ཚོད་དགུ་པ་མ་ཟིན་ཙམ་ནས་ནུབ་ཕྱོགས་པ་དང་རྒྱ་གར་བ། རྒྱ་རིགས་སོགས་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་མཇལ་བཅར་བ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་སོགས་དད་ལྡན་མཇལ་བཅར་བ་སེར་སྐྱ་མི་མང་སུམ་བརྒྱ་མ་ཟིན་ཙམ་ལ་མཇལ་ཁ་བཀའ་དྲིན་སྩལ་ཡོད་པ་དང་། སྐབས་དེར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གི་སྐབས་ ༢༢ པའི་སྨན་གྱི་སློབ་སྦྱོང་ཐོན་པའི་སློབ་ཕྲུག་ ༢༤ དང་། རྩིས་ཀྱི་སློབ་སྦྱོང་ཐོན་པའི་སློབ་ཕྲུག་ ༧ དགེ་རྒན་གཅིག་བཅས་ལ་བཀའ་སློབ་སྩལ་དོན།

རྒྱ་མིས་དབང་བསྒྱུར་བའི་ཐབས་ཤེས་མང་པོ་བྱས་ཀྱང་། བོད་པའི་སེམས་ཤུགས་ཁྱོན་ནས་རླག་གི་ཡོད་པ་མ་རེད། མཁྱེན་སོང་ངམ། སྔོན་མ་ངོས་རང་མའོ་ཙེ་ཏུང་ལ་ཐུག་པའི་སྐབས་སུ་མའོ་ཙེ་ཏུང་གིས་བསྟོད་ར་ལྟ་བུ་ཞིག་བཏང་རྗེས་བོད་པ་ཚོ་ཆོས་ལ་དད་པ་ཡོད་པ་ནི་ནོར་འཁྲུལ་རེད། གུང་ཁྲན་ཏང་ལ་ཡིད་ཆེས་བྱེད་པ་མ་གཏོགས་ཆོས་ལ་ཡིད་ཆེས་བྱས་ན་ནོར་འཁྲུལ་རེད་ཅེས་བཤད་སོང་། ངོས་ཀྱིས་ལན་གང་ཡང་མ་བརྒྱབ། གང་ལྟར་བོད་པ་ཚོའི་བསམ་བློའི་འགྲོ་སྟངས་ནི། ལོ་སྟོང་ཕྲག་རིང་ལ་གོམས་བསྡད་པའི་ཆོས་དང་རིག་གཞུང་ལ་སྙིང་ཁུངས་རུས་པའི་སྟེང་ནས་དགའ་ཞེན་ཡོད་པ་དང་། ཡིད་ཆེས་ཡོད་པ་ཞིག་ཆགས་ཡོད། བོད་པ་ཚོ་ཧ་ཅང་གྲུང་པོ་རེད།

ཆོས་ལ་དད་པ་ཤུགས་ཆེན་ཡོད་པ་དེས་ངོས་རང་ལ་ཆ་བཞག་ན་རྒྱ་མི་གུང་ཁྲན་གྱིས་སྐྱོན་བརྗོད་དང་དམའ་འབེབ་ག་རེ་བཏང་ཡང་། བོད་པའི་བསམ་བློའི་ནང་དུ་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བསམ་པའི་དད་པ་དང་མོས་པ་དེ་འགྱུར་བ་མེད་པ་རེད་འདུག ངོས་རང་ནས་བོད་ཀྱི་བསྟན་པ་དང་འགྲོ་བའི་དོན་ནམ་ཡང་བརྗེད་རྒྱུ་མེད། ངོས་ཀྱི་བསམ་བློའི་ནང་དུ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པའི་ཐོག་ནས་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་འདིས་འཛམ་གླིང་སྤྱི་ལ་ཕན་པའི་ཆེད་དུ། བསྟན་པ་འདི་ཡུན་རིང་དུ་གནས་པར་ཤོག་བསམ་པའི་སྨོན་ལམ་རྒྱག་བཞིན་ཡོད། དེང་སང་འཛམ་གླིང་འདིར་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཤུགས་ཆེ་རུ་འགྲོ་བཞིན་འདུག སྔ་མོ་ཡིན་ན་བོད་ཀྱི་ནང་ཆོས་ཟེར་དུས་ལྷ་ཁང་ནང་དུ་འགྲོ་བ་ལྟ་བུ་དང་། མཆོད་འབུལ་བྱེད་པ་ལྟ་བུ་ལ་བསམ་བློ་འཁོར་གྱི་ཡོད། དེང་སང་འཛམ་གླིང་འདིར་དངོས་ཡོད་གནས་ཚུལ་ལ་དོ་སྣང་དང་སློབ་སྦྱོང་བྱེད་ཡོང་དུས། ཚན་རིག་པའི་ནང་ནས་ཀྱང་བོད་ཀྱི་ནང་ཆོས་ལ་དམིགས་བསལ་གྱིས་དོ་སྣང་བྱེད་མཁན་མང་པོ་ཡོང་གི་འདུག ངོས་རང་ཆོས་པ་རེད་མ་གཏོགས་ཚན་རིག་པ་མིན་ཀྱང་། ཚན་རིག་པ་མང་པོ་ཞིག་ངོས་ཀྱི་འཁྲིས་སུ་ཡོང་ནས་ནང་ཆོས་དང་ཚན་རིག་གི་འབྲེལ་བའི་སྐོར་ངོས་ལ་སྐད་ཆ་འདྲི་གི་འདུག

ངོས་རང་ལ་མཚོན་ན་སྔོན་མ་ལྷ་སར་ཧེན་རི་ཆ་ཧ་རེར་(Heinrich Harrer)ཡོད་པའི་སྐབས་ནས་ཨིན་ཡིག་ཏོག་ཙམ་སྦྱང་བ་དང་། ངོ་ཤེས་པ་ཁ་ཤས་ཀྱི་ས་ནས་ཚན་རིག་གི་ཀླད་པའི་འགྲོ་སྟངས་སོགས་སྦྱང་བ་དང་འབྲེལ་ནས་གོ་བསྡུར་བྱེད་དུས་ཧ་ཅང་དགའ་བོ་བྱེད་ཀྱི་འདུག  ངོས་རང་ཆོས་གོས་སྣམ་སྦྱར་གྱོན་ནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་རྣལ་མ་ཞིག་ཆགས་ཀྱི་ཡོད། ཡང་ཚན་རིག་པ་དང་མཉམ་དུ་མང་པོ་ཐུག་པ་དང་། གོ་བསྡུར་མང་པོ་བྱས་ཏེ་ཚན་རིག་གི་ཐོག་ལ་ངོས་ཀྱི་བསམ་བློ་འདི་དགའ་རབ་རྒྱ་ཆེན་པོ་དང་རླབས་ཆེན་པོ་ཆགས་ཡོད། མཁྱེན་སོང་ངམ། ག་རེ་ཟེར་གྱི་ཡོད་པ་རེད་ཟེར་ན། ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་འདི་ཧ་ཅང་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཞིག་ཡོད་པ་ཞིག་རེད། འདི་ལེགས་སྦྱར་ལྟ་བུའི་སྐད་ཡིག་ལ་བརྟེན་མི་དགོས་པར་སོ་སོའི་སྐད་ཡིག་གི་ཐོག་ནས་ཆ་ཚང་ཞིག་འགྲེལ་བཤད་རྒྱག་ཐུབ་ཀྱི་ཡོད། ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་ཧ་ཅང་རྒྱ་ཆེན་པོ་དང་གཏིང་ཟབ་པོ་རེད། དེར་བརྟེན། བློ་བདེ་བོ་བྱོས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་བཀའ་དྲིན་སྩལ་ཡོད།

]]>
སྤི་ཏི་ཏ་པོ་དགོན་དང་ལྕོག་ལ་ཡུལ་གསུམ་མི་མང་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། https://gyalwarinpoche.com/news/2025/4-10 Thu, 10 Apr 2025 15:13:00 +0000 tibet https://gyalwarinpoche.com/news/2025/4-10 ༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྤི་ཏི་ཏ་པོ་དགོན་དང་། ལྕོག་ལ་ཡུལ་གསུམ་གྱི་སེར་སྐྱ་མི་མང་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་སྒོ་གསུམ་གུས་པ་ཆེན་པོས་སྲུང་བརྩིའི་ཐོག མགོན་པོ་གང་ཉིད་མཆོག་འཛམ་གླིང་བསྟན་འགྲོ་སྤྱིའི་མགོན་དཔུང་དམ་པར་དགུང་གྲངས་བརྒྱ་དང་བཅུ་གསུམ་ལྷག་ངེས་པར་དུ་བཞུགས་པའི་ཞལ་བཞེས་ཟབ་མོ་ཐོབ་པའི་ཆེད་དུ། སྐྱབས་རྗེ་གསེར་ཀོང་མཚན་ཞབས་རིན་པོ་ཆེ་མཆོག་དང་། མཁན་རིན་པོ་ཆེ་སྤྲུལ་སྐུ་བསྟན་འཛིན་སྐལ་ལྡན་མཆོག་གིས་དབུས་དགེ་འདུན་པ་རྣམས། གསེར་ཀོང་སློབ་གྲྭའི་དགེ་སློབ་ལས་བྱེད། ཡུལ་གསུམ་གྱི་མི་མང་བཅས་ཁྱོན་སེར་སྐྱ་ཆིག་སྟོང་ལྷག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱབས་འགྲོ་སེམས་བསྐྱེད་དང་གཟུངས་སྔགས་འགའི་བཟླས་ལུང་གི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།

སྔ་དྲོ་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཟིམ་ཆུང་ནས་ཕོ་བྲང་རྒྱལ་སྒོ་རུ་ཆིབས་བསྒྱུར་སྐབས་གསེར་ཀོང་མཚན་ཞབས་མཆོག་གིས་ཕེབས་བསུ་དང་། གསུང་ཆོས་ར་བར་སྤི་ཏིའི་སེར་སྐྱ་མི་མང་གིས་རང་ལུགས་གྱོན་ཆས་གཟབ་སྤྲོས་ཀྱིས་ཕེབས་བསུ་དང་འབྲེལ་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་སྐྱབས་རྗེ་གསེར་ཀོང་མཚན་ཞབས་རིན་པོ་ཆེ་མཆོག་གིས་མནྜལ་རྟེན་གསུམ་འདེགས་འབུལ་དང་། ཡུལ་ཁག་གི་འཐུས་མིས་མཇལ་ཁ་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་ཏ་པོ་དགོན་གཙོས་སྤི་ཏི་ཡུལ་མི་རྣམས་ཀྱིས་བརྟན་བཞུགས་འབུལ་རྒྱུ་རེད། ཆོས་གྲོགས་རྣམ་པ་ཚོར་ཞུ་རྒྱུར། ངོས་རང་འདིར་རྒྱ་གར་དུ་སླེབས་པ་དང་། རྒྱ་གར་ནུབ་རྒྱུད་ས་ཁུལ་གྱི་མི་མང་ཚོ་ཆོས་དད་ཧ་ཅང་ཆེན་པོ་རེད་འདུག ༸རྒྱལ་བ་རིན་པོ་ཆེ་ཟེར་དུས་ཧ་ཅང་སེམས་ཐག་ཉེ་བོ་ཡོད་པ་བྱས་ཏེ་ལོ་འདི་ཙམ་ཕྱིན་པ་རེད། འདིའི་རིང་ཚང་མས་ངོས་ཀྱི་མིང་ནས་བོས་ཏེ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྐྱབས་སུ་མཆི་བསམ་པའི་བསམ་བློ་འཁོར་བསྡད་ཡོད་པ་རེད། སྤྱིར་རྒྱ་གར་དང་། ཡང་སྒོས་ནུབ་རྒྱུད་ཀྱི་ས་ཁུལ་དུ་ངོས་རང་ཚར་མང་པོར་སླེབས་པ་རེད། ཚང་མ་དད་པ་དང་གུས་པ། ཞེན་ཁོག་གཡོ་བ་མེད་པ་ཞིག་རེད་འདུག ཁྱོད་རང་ཚོར་༸རྒྱལ་བ་རིན་པ་ཆེ་ཞེས་སེམས་ཐག་ཧ་ཅང་ཉེ་བོ་ཞིག་ཡོང་གི་ཡོད་པ་རེད། ངོས་རང་ལ་ཆ་བཞག་ནའང་རྒྱ་གར་ནུབ་རྒྱུད་ཀྱི་སྤི་ཏིའི་ཡུལ་རྣམས་ལ་སེམས་ཐག་ཉེ་བོ་ཞིག་ཡོང་གི་འདུག

ངོས་ཀྱིས་ཆུང་ཆུང་སྐབས་ནས་དཔེ་ཆར་བལྟས་པ་རེད། འདིར་ཆོས་གྲོགས་ཚོར་ཐུག་པའི་སྐབས་སུ་འགྲེལ་བཤད་རྒྱག་པར་ལག་མི་ཐོགས་པ་ཞིག་ཡོད་པ་རེད། ངོས་རང་རྒྱ་གར་ནུབ་རྒྱུད་དུ་བསྡད་དེ་ཡུལ་བ་མི་མང་ཚོར་དད་ཞེན་ཤུགས་ཆེན་པོ་ཡོད་པའི་ཐོག་ལ་ཆོས་ཀྱི་གནས་ཚུལ་འགྲེལ་བཤད་རྒྱག་དུས་སེམས་གཏིང་ནས་ཡིད་གཡོ་འགུལ་ཐེབས་ནས་ཧ་ཅང་ཡག་པོ་འདུག ད་ལྟའི་བར་དུ་ཁྱོད་རང་ཚོས་ཧུར་ཐག་འབད་ཐག་གིས་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱས་པ་རེད། གལ་ཆེ་བ་དེ་སངས་རྒྱས་པའི་ཆོས་ནི་འདོན་པ་བཏོན་ནས་སྡོད་པ་དང་། སྨོན་ལམ་བརྒྱབ་ནས་སྡོད་པ་གཅིག་པུ་མ་ཡིན་པར་སངས་རྒྱས་པའི་ཆོས་ཟེར་བ་གང་འདྲ་ཞིག་ཡིན་པ་ལ་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ཆོས་ཀྱི་རྣམ་བཞག་ཏོག་ཙམ་ཤེས་ནས་ཆོས་ལ་དད་པ་སླེབས་ཡོང་དུས་དད་པ་དེ་ཤེས་རབ་དང་རྗེས་སུ་མཐུན་པའི་དད་པ་ཡིན་པས་ཧ་ཅང་སྤུས་དག་པོ་དང་། བརྟན་པོ་རེད།

དངོས་གནས་བརྟན་བཞུགས་ཞེས་འདོན་པ་བདུན་ཕྲག་བདུན་ཕྲག་ལ་བཏོན་པ་དང་། སྙིང་ཁུང་རུས་པའི་གཏིང་ནས་དགའ་སྤྲོ་ཆེན་པོས་སེམས་ཐག་ཉེ་བོ་བྱས་ཏེ་བསྡད་པ་དེ་བརྟན་བཞུགས་ངོ་མ་ཆགས་ཡོད། དེ་རིང་འདིར་ཁྱོད་ཚོ་ཆེད་མངགས་འཛོམས་ཏེ་བརྟན་བཞུགས་ཕུལ་བ་རེད། ཁྱོད་ཚོ་ཡུལ་བ་ཚོ་དགའ་ཞེན་ཤུགས་དྲག་དང་ལྡན་པ་ཞིག་གི་ཐོག་ནས་ངོས་རང་ཚེ་རིང་པོ་ཡོང་བར་སྨོན་ལམ་བརྒྱབ་པ་ལ་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས་སྐྱབས་འགྲོ་སེམས་བསྐྱེད་དང་། ཐུབ་པའི་མཚན་སྔགས། སྤྱན་རས་གཟིགས་ཀྱི་གཟུངས་སྔགས། སྒྲོལ་མའི་གཟུངས་སྔགས། གུ་རུའི་མཚན་སྔགས་སོགས་ཀྱི་བཤད་ལུང་གི་ཆོས་འབྲེལ་བཀའ་དྲིན་སྩལ་རྗེས་སྤི་ཏིའི་ཡུལ་མི་རྣམས་ཀྱིས་གཞས་སྣ་གཟིགས་འབུལ་གྱིས་བརྟན་བཞུགས་གནང་སྒོ་ལེགས་པར་གྲུབ་ཡོད་པ་དང་།  མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྣམ་རྒྱལ་གྲྭ་ཚང་གི་ཕུར་པའི་སྒྲུབ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཡོད།

]]>
དོན་བརྒྱུད་འབྲུག་པ་དཀར་བརྒྱུད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ། https://gyalwarinpoche.com/news/2025/4-2 Wed, 02 Apr 2025 08:35:00 +0000 tibet https://gyalwarinpoche.com/news/2025/4-2 ༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༤ ཚེས་ ༢ ཉིན་རྡོར་གླིང་འབྲུག་གསང་སྔགས་ཆོས་གླིང་གིས་དབུས་ཀ་རྡོར་སྒང་གསུམ། གར་ཞ། ཁུ་ནུ། ལ་དྭགས། བལ་ཡུལ་བཅས་པའི་དོན་བརྒྱུད་འབྲུག་པ་དཀར་བརྒྱུད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུ་གྲངས་ ༩༠ གོ་སྟོན་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

དེ་ཡང་རྡོར་གླིང་འབྲུག་གསང་སྔགས་ཆོས་གླིང་གིས་དབུས་ཀ་རྡོར་སྒང་གསུམ། གར་ཞ། ཁུ་ནུ། ལ་དྭགས། བལ་ཡུལ་བཅས་པའི་དོན་བརྒྱུད་འབྲུག་པ་དཀར་བརྒྱུད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མའི་རིགས་ཕྲ་མོ་ཙམ་ཡང་གཞར་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་ལྗོངས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཕྱིར་བརྟན་བཞུགས་བསྟར་འབུལ་ཆོག་པ་ཇི་ལྟར་གསོལ་བ་བཏབ་པ་བཞིན་བཀའ་བཞེས་བཟང་པོ་སྤྱི་བོར་བསོད་ནམས་ཀྱི་དཔལ་དུ་ཐོབ་པ་ལྟར། རྡོ་རྗེ་སློབ་དཔོན་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཚེ་སྒྲུབ་སྔོན་དུ་བཏང་སྟེ། ཐོག་མར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང། ཚོགས་མཆོད་འབུལ་གཤོམས་དང་། ཆུ་ཚོད་ ༦ ཐོག་རྡོ་རྗེ་སློབ་དཔོན་ཐུགས་སྲས་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་ཆོག་གྲྭ་འདུས་ཚོགས་ནས་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་ལས་བྱང་བདག་མདུན་བུམ་གསུམ་གྱི་སྒོ་ནས་སྐུའི་ཚེ་སྒྲུབ་དང་ཚོགས་མཆོད་བཅས་གནང་བ་དང་།

ཆུ་ཚོད་ ༨ ཡོལ་ཙམ་ལ་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་དོན་བརྒྱུད་འབྲུག་པའི་དགེ་སློང་དང་བཙུན་མ་རྣམས་ནས་སེར་བང་སྒྲིག་ཅིང་། ཐུགས་སྲས་རིན་པོ་ཆེ་མཆོག་དབུས་འཐུས་ཚབ་ལྔ་ནས་ཕོ་བྲང་རྒྱལ་སྒོ་རུ་སྤོས་སྣེ་དང་སྤྱན་རྒྱ་རྔ་རོལ་སྤོས་འཛིན་གྱིས་མདུན་བསུས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གདན་དྲངས་བ་དང་། བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་དབུ་བཞུགས་རྡོ་རྗེ་སློབ་དཔོན་འབྲུག་པ་ཐུགས་སྲས་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུས་ཤིང་། ཚོགས་མང་ནས་ཞལ་འདོན་རྒྱུན་ཆགས་གསུམ་པ་གསུང་བཞིན་པར་གསོལ་ཇ་དང་འབྲས་སིལ་རིམ་པར་ཕེབས་པ་དང་། མཁའ་འགྲོ་མ་འགྲོ་བ་བཟང་མོས་རྒྱལ་བ་རྒོད་ཚང་བ་ལ་ཕུལ་བའི་མཁའ་འགྲོའི་བསུན་བཟློག་དང་འབྲེལ་བའི་ཞབས་བརྟན་གསོལ་འདེབས་བདེན་ཚིག་གྲུབ་པའི་གདུང་དབྱངས་གསུང་མུར་མཁའ་འགྲོ་མ་རྣམ་ལྔས་དར་སྣེ་གཅོག་འབྲེག རྡོར་སློབ་ནས་རྡོར་གདན། དབུ་ཞྭ་སྒྲོན་འབུལ། ཡན་ལག་བདུན་པ་བཅས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་ཕེབས་ཤིང་།  རྡོ་རྗེ་སློབ་དཔོན་འབྲུག་པ་ཐུགས་སྲས་རིན་པོ་ཆེས་གསོལ་འདེབས་མཎྜལ་འདེགས་འབུལ་དང་། སྤྲུལ་སྐུ་སངས་རྒྱས་རྡོ་རྗེ་དང་རྒྱ་རྭ་བ་རིན་པོ་ཆེ་རྣམ་གཉིས་ནས་རམ་འདེགས་ཞུས་ཏེ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟེན་རྣམས་རིམ་པར་འཐུས་མི་བཅོ་ལྔ་སྐོར་ནས་འདེགས་འབུལ་དང་མཇལ་ཞུས། བརྟན་བཞུགས་སྨོན་ཚིག་སོགས་གསུངས་ཤིང་། རྡོར་སློབ་ནས་རྫས་བརྒྱད་དང་ཚེ་རིལ་རྣམས་ཚིག་བསྟུན་གྱིས་ཕུལ། ཚོགས་ལྷག། མཇུག་ཆོག། བསྟན་རྒྱས་སྨོན་ལམ་བཅས་གསུངས་ནས་བརྟན་བཞུགས་ཀྱི་གནང་སྒོ་རེ་ཞིག་ལེགས་པར་གྲུབ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་འདིར་འབྲུག་པ་དཀར་བརྒྱུད་སྤྱི་ནས་བརྟན་བཞུགས་གནང་སྟེ། རྒྱུ་མཚན་དམིགས་བསལ་མེད་ཀྱང་སེམས་ནང་དུ་ཧ་ཅང་དགའ་སྣང་ཆེན་པོ་ཞིག་བྱུང་། དངོས་གནས་ཁྱེད་རང་ཚོས་ལྷག་བསམ་རྩེ་གཅིག་གི་ཐོག་ནས་སྨོན་ལམ་བརྒྱབ་ནས་གནང་གི་ཡོད་པ་རེད། དེ་སྔའི་འདས་པའི་ལོ་རྒྱུས་དེ་རྣམས་ཕར་ཟུར་དུ་བཞག ད་ལྟ་དང་འབྲེལ་བའི་གནས་སྐབས་སུ་དངོས་གནས་ཁྱོད་ཚོ་ཡིན་ནའང་ངོས་ལ་ཡིད་ཆེས་བྱེད་པ་དང་། ངོས་ཀྱི་ངོས་ནས་ཁྱོད་ཚོ་འབྲུག་པ་དཀར་བརྒྱུད་པའི་ཆོས་བརྒྱུད་གནང་མཁན་ཚང་མ་བསྟན་པའི་བྱ་བ་སྒྲུབ་མཁན་ཚང་མ་གལ་ཆེན་དོན་ཆེན་ཞིག་ཆགས་ཡོད་པ་རེད་བསམ་པའི་སྐྱིད་སྣང་ཧ་ཅང་ཤུགས་ཆེན་པོ་བྱུང་།

བསྟན་པ་རྒྱས་པར་ཤོག་ཟེར་བ་ནི་ཕྱི་ལོགས་ལ་འཛུགས་བསྐྲུན་ཡག་པོ་ཡོད་པའི་སྐད་ཆ་མ་རེད། བསྟན་པ་རྒྱས་ཟེར་བ་ནི་སོ་སོའི་རང་གི་བསླབ་པ་གསུམ་གྱི་ཉམས་ལེན་གདེང་འཁེལ་བ་ཞིག་བྱུང་བ་ཡིན་ན་དངོས་གནས་བསྟན་པ་རྒྱས་པ་ཟེར་གྱི་རེད། ཕྱི་ལོགས་ཁྲ་ཁྲ་ཟང་ཟིང་ཡོད་པ་ཙམ་གྱིས་བསྟན་པ་རྒྱས་པར་བརྩི་རྒྱུ་གང་ཡང་མི་འདུག བསྟན་པ་རྒྱས་ཟེར་བ་ནི་རང་ལ་ལུང་རྟོགས་ཀྱི་ཡོན་ཏན་གདེང་ཚོད་འཁེལ་བ་ཞིག་བྱུང་བ་ཡིན་ན་དངོས་གནས་དྲང་གནས་བསྟན་པ་རྒྱས་པ་ཟེར་གྱི་ཡོད་པ་རེད།

ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་དབུ་ཕར་དང་། ཚད་མའི་གཞུང་སྦྱངས་པ་ནས་ཡོངས་འཛིན་རྡོ་རྗེ་འཆང་རྣམ་པ་ཚོའི་བཀའ་དྲིན་ལ་བརྟེན་ནས་དགའ་རབ་ཤེས་ཀྱི་ཡོད་པ་རེད། ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་ཉིན་ལྟར་བསམ་བློ་གཏོང་གི་ཡོད། དེས་སེམས་ལ་ལྷོད་ཤིག་ཤིག་ལྟ་བུའི་སྐྱིད་སྣང་ཧ་ཅང་ཡག་པོ་ཞིག་ཡོང་གི་འདུག དེར་བརྟེན། ང་ཚོ་ཚང་མས་གཙོ་བོ་སོ་སོས་ཐོས་བསམ་སློབ་གཉེར་བྱེད་པ་དང་། དེའི་བརྗོད་དོན་སེམས་ལ་བཟུང་བསྡད་ན་བློ་ལྷོད་ཤིག་ཤིག་ཡོང་གི་འདུག ངོས་རང་གིས་དེ་ལྟར་མི་ཚེ་སྐྱེལ་བཞིན་ཡོད། ཁྱོད་ཚོ་ཆོས་གྲོགས་རྣམ་པ་ཚོ་ཡིན་ནའང་། སངས་རྒྱས་པའི་ཆོས་ཀྱི་བསླབ་པ་གསུམ་གྱི་ཉམས་ལེན་དང་། ཞོགས་པ་གཉིད་སད་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དགའ་རབ་བསམ་བློ་གཏོང་རྒྱུ་བྱུང་ན་སེམས་ལྷོད་ཤིག་ཤིག་ཆགས་ཡོང་གི་འདུག

ང་ཚོ་ཚང་མས་བར་ཆད་སེལ་བར་ཕྱི་ལོགས་ཀྱི་ཞབས་བརྟན་སྒྲུབ་ཟེར་བའི་སྐད་ཆ་མ་རེད། སོ་སོའི་སེམས་རྒྱུད་དུ་བསླབ་པ་གསུམ་གྱི་ཉམས་ལེན་ཡག་པོ་ཞིག་ཡོང་ཐུབ་པར་བསམ་བློ་གཟབ་གཟབ་ཐོངས་དང་། རང་བཞིན་གྱིས་སེམས་ཞི་བདེ་ལྷོད་ཤིག་ཤིག་དང་། དཀའ་ངལ་ག་ཚོད་འཕྲད་ཀྱང་དེ་ལ་གདོང་ལེན་བྱེད་མི་ཐུབ་པ་དང་། སེམས་ཞུམ་སྡོད་པ་ཁྱོད་ནས་མེད་པར་སེམས་ལ་སྐྱིད་སྣང་ཡོང་གི་རེད། གཙོ་བོ་སྟོན་པ་བཅོམ་ལྡན་འདས་དང་ཡང་སྒོས་རྒྱན་དྲུག་མཆོག་གཉིས་རྣམས་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་བསམ་བློར་འཁོར་ནས་སེམས་ལ་སྤྲོ་བ་དང་སྤོབས་པ་སླེབས་པ་ཞིག་འདུག ང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་འབྲངས་རེད། རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་མཁས་དབང་ཚོར་གསུང་གི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་དེ་ལ་ང་ཚོས་སྒོ་གང་ནས་བསམ་བློ་བཏང་ནའང་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་རེད། བསམ་བློ་གཏོང་རྒྱུ་གཅིག་ལས་མེད་པར་ལྐུག་པ་ཨུ་ཚུགས་བྱེད་རྒྱུ་མ་ཡིན་པར་ཧ་ཅང་རྒྱ་ཆེན་པོ་རེད། དབུ་མ་འཇུག་པ་དང་ཚད་མ་རྣམ་འགྲེལ། དེའི་སྒང་ལ་མཛོད་དང་འདུལ་བ་ལ་དེ་ཙམ་བསམ་བློ་རྒྱ་ཆེན་པོ་གཏོང་རྒྱུ་ཡོད་པ་མ་རེད། སློབ་དཔོན་དབྱིག་གཉེན་ད་ལྟ་བཞུགས་ཡོད་ན་བཀའ་འདྲི་ཞུ་རྒྱུ་ཡོད་པ་རེད། སློབ་དཔོན་དབྱིག་གཉེན་གྱིས་ག་རེ་གསུང་གི་ཡོད་མེད་མི་ཤེས། གང་ལྟར་དབུ་མ་འཇུག་པ་དང་ཚད་མ་རྣམ་འགྲེལ་ལ་བསམ་བློ་མང་པོ་གཏོང་རྒྱུ་འདུག ཧ་ཅང་ཡག་པོ་རེད། ངོས་རང་ཆུང་ཆུང་སྐབས་ནས་དབུ་མ་འཇུག་པ་བློ་ལ་བཟུང་བ་ཡིན། ཚད་མ་རྣམ་འགྲེལ་ཀྱང་དགའ་རབ་བཟུང་བ་ཡིན། དེང་སང་བསམ་བློ་གཏོང་དུས་དེ་དག་སེམས་ཀྱི་གཅེས་ནོར་ཆགས་ན་ཧ་ཅང་ཕན་ཐོགས་ཆེན་པོ་འདུག མི་ལ་བཤད་དུས་ཀྱང་ཕན་ཐོགས་ཆེན་པོ་འདུག

དེང་སང་ཡ་མཚན་པ་ཞིག་ལ་ཚན་རིག་གི་ངོ་བོ་ཡར་རྒྱས་ཕྱིན་ནས་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་གསར་བ་བྱེད་ཡོང་དུས། ང་ཚོའི་གཞུང་ལས་གསུངས་པའི་སེམས་ཁམས་རིག་པ་འདི་དེང་སང་ཚན་རིག་པས་བཤད་བཞིན་པ་ལ་སྒོ་ཀུན་ནས་འབྲེལ་བ་ཡོད་པ་ཞིག་དང་། ཚན་རིག་པ་ཚོ་ཆོས་ལ་དད་པ་མེད་ཀྱང་སེམས་ཁམས་རིག་པའི་སྐོར་ལ་དམིགས་བསལ་གྱིས་དོ་སྣང་བྱས་ཏེ་ཧ་ཅང་དགའ་བོ་བྱེད་བཞིན་འདུག སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་ཡོད་མཁན་གྱི་ཚན་རིག་པ་ཚོ་ཆོས་ལ་དད་པ་མེད་ཀྱང་། སངས་རྒྱས་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པའི་ཐོག་ལ་བསམ་བློ་བཏང་ཚེ་སེམས་ལ་ཞི་བདེ་ཡོང་བ་སོགས་ལ་དམིགས་བསལ་གྱིས་དོ་སྣང་བྱེད་བཞིན་འདུག

དེ་ནས་ང་རང་ཚོས་ལུས་ལ་ཆོས་གོན་གྱོན་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་བྱེད་བཞིན་ཡོད་པས་ཕྱི་ནང་མཚུངས་པ་ཞིག་དགོས། སེམས་ཁམས་རིག་པའི་སྐོར་ལའང་ཏོག་ཙམ་དོ་སྣང་བྱོས། སེམས་ཞི་ཞིང་དུལ་བ་ཞིག་ཡོང་ཐུབ་དགོས། བཅོམ་ལྡན་འདས་ཞལ་བཞུགས་པའི་དུས་སུ་འཁོར་རྣམ་པ་བཞི་སོགས་ནི་བཅོམ་ལྡན་འདས་ཀྱི་ཉེ་འཁོར་དུ་གཞན་དང་མི་འདྲ་བའི་ཞི་ཞིང་དུལ་བ་མི་འདྲ་བ་ཞིག་ཡོད་པ་རེད། ང་རང་ཚོས་ཀྱང་ལུས་ལ་ཆོས་གོས་གྱོན་ཞིང་། ངག་ནས་སྡེ་སྣོད་གསུམ་བཤད་ཡོང་དུས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གི་ཁྱད་ཆོས་ཕྱི་ནང་གཉིས་མཚུངས་ཤིག་བྱེད་ཐུབ་ན་སོ་སོ་ཡིན་ནའང་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཡོད་པ་རེད། བསྟན་པ་སྤྱི་ལ་ཆ་བཞག་ནའང་འདི་ཚོ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་རེད་འདྲ་གི་མ་རེད་ཅེས་སྤྱི་ཚོགས་ནང་དུའང་དེ་ལྟ་བུའི་མཐོང་ཚུལ་ཡོང་སྡོད་པ་ཞིག་ཡིན་པས་ཚང་མས་ཧུར་ཐག་འབད་ཐག་བྱེད་རོགས།

ངོས་རང་ལ་ཆ་བཞག་ནའང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་ཡིན། ཞོགས་པ་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་བཞིན་ཡོད། དེ་ལྟ་བུའི་བསམ་བློ་གཏོང་དུས་སེམས་ལྷོད་ཤིག་ཤིག་ཡོང་གི་འདུག ཚང་མས་ལུས་ལ་ཆོས་གོས་ངུར་སྨིག་གྱོན་པ་དང་ངག་ནས་སྡེ་སྣོད་གསུམ་གྱི་དོན་དག་བཤད་ཡོང་སྐབས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་རྣལ་མ་བྱེད་དགོས། འཛམ་གླིང་འདིར་དེང་སང་ཆོས་ལ་དོ་སྣང་བྱེད་མཁན་ཉུང་ཉུང་རེད་ཟེར་གྱི་ཡོད་ཀྱང་། ནང་པའི་ཆོས་ཀྱི་བསམ་བློ་འགྲོ་སྟངས་ཀྱི་ཐོག་ལ་སྐྱེ་བ་སྔ་ཕྱིའི་སྐད་ཆ་མེད་པར་འཕྲལ་དུ་སེམས་བག་ཕེབས་པོ་ཞིག་དང་། ལྷོད་ལྷོད་ཡོང་བར་མང་པོ་ཞིག་གིས་ཧ་ཅང་དགའ་བོ་བྱེད་བཞིན་འདུག ངོས་ཀྱི་ངོ་ཤེས་པ་སེམས་ཁམས་རིག་པའི་ཚན་རིག་པ་མང་པོ་སེམས་ཀྱི་ཞི་བདེའི་འགྲོ་སྟངས་སྐོར་ལ་སྐད་ཆ་འདྲི་བར་ཡོང་བཞིན་འདུག ང་ཚོ་ཚང་མས་སྔོན་ལ་སོ་སོས་ལག་ལེན་ཡག་པོ་ཞིག་བསྐྱལ། སོ་སོར་ཉམས་མྱོང་ཡོད་པའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ཆགས་ན་བསྟན་པ་ལ་ཕན་གྱི་རེད།

འབྲུག་པ་དཀར་བརྒྱུད་སྤྱི་ནས་འདིར་བརྟན་བཞུགས་གནང་བ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཚང་མ་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། ངོས་རང་ལ་མཚོན་ནའང་ལྷག་བསམ་རྣམ་དག་བྱེད་བཞིན་ཡོད། དེར་བརྟེན། ང་ཚོ་ཚང་མས་ལྷག་པའི་བསམ་པའི་ཀུན་ནས་བསླངས་ཏེ་སྨོན་ལམ་བརྒྱབ་པས་བདེན་པའི་སྨོན་ལམ་འདི་ཡི་འབྲས་བུ་ཞིག་ཏན་ཏན་ང་ཚོའི་མཐོང་ཆོས་ལ་ཡོང་ཐུབ་ཀྱི་རེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་རྗེས་ཐུགས་སྲས་རིན་པོ་ཆེ་མཆོག་གིས་དབུས་འཐུས་ཚབ་ལྔ་ནས་ཕོ་བྲང་རྒྱལ་སྒོ་རུ་སྤོས་སྣེ་དང་སྤྱན་རྒྱ་རྔ་རོལ་སྤོས་འཛིན་གྱིས་མདུན་བསུས་ཏེ་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་ཡོད།

]]>
མེར་ཁུ་རི་གསེར་གྱི་གཟེངས་རྟགས་འབུལ་བཞེས་བསྐྱངས་པ། https://gyalwarinpoche.com/news/2025/3-31 Mon, 31 Mar 2025 09:35:00 +0000 tibet https://gyalwarinpoche.com/news/2025/3-31 ༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༣༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་མེར་ཁུ་རི་གསེར་གྱི་གཟེངས་རྟགས་(Gold Mercury Award 2025 )འབུལ་བཞེས་བསྐྱངས་ཡོད་པ་རེད།

རྒྱལ་སྤྱིའི་གྷོལ་ཌི་མེར་ཁུ་རིའི་ཚོགས་གཙོ་ནི་ཀོ་ལ་ཌེ་སན་ཀྲིས་(Nicolas De Santis)ལགས་ཀྱིས་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་དང་འཚེ་བ་མེད་པ། སྙིང་རྗེ་གོང་སྤེལ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་དབུ་ཁྲིད་གནང་བར་ཕྱི་ལོ་ ༢༠༢༥ ལོའི་གྷོལ་ཌི་མེར་ཁུ་རེས་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུ་བཞིན་པ།  ༢༠༢༥།༣།༣༡ པར་བ། འཛམ་གླིང་ནོར་བུ།

དེ་ཡང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་བ། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས། སོག་པོ། རྒྱ་རིགས་སོགས་དད་ལྡན་མཇལ་བཅར་བ་སུམ་བརྒྱ་ཙམ་ལ་མཇལ་ཁ་སྩལ་རྗེས་ཨིན་ཡུལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གྷོལ་ཌི་མེར་ཁུ་རི་(Gold Mercury International) ཞེས་པའི་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༢༥ ལོའི་གྷོལ་ཌི་མེར་ཁུ་རི་གསེར་གྱི་གཟེངས་རྟགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འབུལ་ལམ་ཞུས་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མེར་ཁུ་རི་གསེར་གྱི་གཟེངས་རྟགས་(Gold Mercury Award 2025 )འབུལ་བར་རྡ་རམ་ས་ལར་ཆེད་བཅར་ཞུས་པའི་རྒྱལ་སྤྱིའི་གྷོལ་ཌི་མེར་ཁུ་རིའི་ཚོགས་པའི་ཚོགས་མི་རྣམས་ཀྱིས་མཇལ་ཁ་ཞུ་བཞིན་པ། ༢༠༢༥།༣།༣༡ པར་བ། འཛམ་གླིང་ནོར་བུ།

སྐབས་དེར་རྒྱལ་སྤྱིའི་གྷོལ་ཌི་མེར་ཁུ་རིའི་ཚོགས་གཙོ་ནི་ཀོ་ལ་ཌེ་སན་ཀྲིས་(Nicolas De Santis)ལགས་ཀྱིས་སྣེ་ཁྲིད་པའི་ཡུ་རོབ་སྦེལ་ཇམ་གྱི་འཐུས་མི་གཅིག་དང་རྒྱ་གར་བ་བཞི། ཨི་ཊ་ལི་ནས་མི་བཅོ་ལྔ། ཨིན་ལན་ནས་མི་གཉིས། ཨ་རི་ནས་མི་གསུམ་བཅས་ཀྱིས་གྲུབ་པའི་ཚོགས་ཆུང་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བདེ་དང་འཚེ་བ་མེད་པ། སྙིང་རྗེ་གོང་སྤེལ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་དབུ་ཁྲིད་གནང་བར་ཕྱི་ལོ་ ༢༠༢༥ ལོའི་གྷོལ་ཌི་མེར་ཁུ་རི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་པའི་སྐོར་༸སྙན་སེང་གིས་གཟེངས་རྟགས་འབུལ་བཞེས་དང་། སྐུ་པར་ལྷན་སྒྲོན་མཛད་རྗེས་མགོན་པོ་གང་ཉིད་མཆོག་གིས་བྱམས་བརྩེའི་སྐོར་ལ་བཀའ་སློབ་སྩལ་དོན།  

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་མེར་ཁུ་རི་གསེར་གྱི་གཟེངས་རྟགས་མེར་ཁུ་རི་གསེར་གྱི་གཟེངས་རྟགས་བཞེས་བཞིན་པ། ༢༠༢༥།༣།༣༡ པར་བ། བསྟན་འཛིན་ཆོས་འབྱོར།

ང་ཚོའི་མི་ཚེ་ནི་ཨ་མའི་མངལ་ནས་འགོ་བཙུགས་པ་ཡིན་པས་ང་ཚོར་སྙིང་རྗེ་དང་བྱམས་བརྩེ་ཡོད་པ་རེད། ཨ་མའི་བྱམས་བརྩེ་མེད་ན་ང་ཚོ་འཚོ་གནས་ཐུབ་ཀྱི་མེད། ང་ཚོ་སྐྱེས་མ་ཐག་ཏུ་ཨ་མས་ང་ཚོ་ལ་དོ་སྣང་ཆེ་ཤོས་གནང་ཡོད་ལ། ང་ཚོ་རང་ཉིད་ཀྱང་ཨ་མ་ཡོད་པའི་རིང་ལ། ང་རང་ངུ་ཆོག་བསམ་པའི་ཚོར་བ་ཡོད། ཨ་མ་མེད་ན་དངོས་གནས་དྲང་གནས་རོགས་མེད་མགོན་མེད་ཆགས་རྒྱུ་རེད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་མེར་ཁུ་རི་གསེར་གྱི་གཟེངས་རྟགས་(Gold Mercury Award 2025)འབུལ་བཞེས་སྐབས་སུ་རྒྱལ་སྤྱིའི་གྷོལ་ཌི་མེར་ཁུ་རི་(Gold Mercury International) ཡི་ཚོགས་མི་རྣམས་དང་སྐུ་པར་ལྷན་སྒྲོན། ༢༠༢༥།༣།༣༡ པར་བ། བསྟན་འཛིན་ཆོས་འབྱོར།

ང་ཚོས་ནམ་རྒྱུན་མར་གྱུར་སེམས་ཅན་ཐམས་ཅད་ཅེས་སེམས་ཅན་ཐམས་ཅད་ང་ཚོའི་ཨ་མར་གྱུར་མྱོང་བར་བཤད་ཀྱི་ཡོད། དཔེར་ན། གཙོ་བོ་ང་ཚོའི་མི་ཚེ་འདི་ལའང་། ཨ་མ་དང་འབྲེལ་བའི་ཚོར་བ་ཤུགས་ཆེན་པོ་ཞིག་ཡོང་བ་བཞིན་དེ་སེམས་ཅན་ཐམས་ཅད་ལ་ཕར་ཁྱབ་ཐུབ་དགོས། དེ་ནས་ང་ཚོས་དངོས་གནས་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་ཐུབ། དེ་ནི་སྲིད་པ་ཞིག་ཡིན། དེ་མིན་ཁོང་ཚོ་ང་ཚོའི་དགྲ་བོ་རེད་ཅེས་བཤད་ན་དོན་སྙིང་གང་ཡང་མེད། ལྟོས་དང་། ང་ཚོ་ཚང་མ་ཕུ་ནུ་སྤུན་ཟླ་རེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་བཀའ་དྲིན་སྩལ་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་དུ་མེར་ཁུ་རི་གསེར་གྱི་གཟེངས་རྟགས་(Gold Mercury Award 2025)འབུལ་བཞེས་སྐབས་སུ་རྒྱལ་སྤྱིའི་གྷོལ་ཌི་མེར་ཁུ་རི་(Gold Mercury International) ཡི་ཚོགས་མི་རྣམས་བྱམས་བརྩེའི་སྐོར་བཀའ་སློབ་སྩོལ་བཞིན་པ། ༢༠༢༥།༣།༣༡ པར་བ། བསྟན་འཛིན་ཆོས་འབྱོར།

མེར་ཁུ་རི་གསེར་གྱི་གཟེངས་རྟགས་(Gold Mercury Award 2025)ནི་འཛམ་གླིང་ནང་གི་ཚོང་ལས་དང་། སྲིད་ཇུས། རིག་གཞུང་། ཚན་རིག་སོགས་ཀྱི་ཁྱབ་ཁོངས་ནང་མཐོང་ཆེན་ཞུ་སའི་གཟེངས་རྟགས་ཤིག་ཡིན་པ་དང་། ཕྱི་ལོ་ ༡༩༦༡ ལོར་གསར་འཛུགས་ཀྱིས་ལོ་རེར་སྤྱི་ཚོགས་ལ་ཞབས་འདེགས་ཕུལ་བྱུང་ཅན་ལ་གཟེངས་རྟགས་འདི་འབུལ་གྱི་ཡོད། གཟེངས་རྟགས་འདིའི་དམིགས་ཡུལ་གཙོ་བོ་ནི། ལས་རིགས་ཁག་ནང་གི་མི་སྣ་དང་ཚོགས་པ་མཆོག་ཏུ་གྱུར་པ་རྣམས་ལ་བསྔགས་བརྗོད་དང་ངོས་འཛིན། རྒྱལ་སྤྱིའི་ཚད་གཞི་ལྡན་པའི་དཔལ་འབྱོར་དང་། སྲིད་ཇུས། མི་སྤྱོད་ཀྱི་གནས་ཚད་ཡར་རྒྱས་གཏོང་བ། རྒྱལ་སྤྱིའི་ཚོང་ལས་དང་སྲིད་ཇུས་ཞིབ་འཇུག་ལ་སྐུལ་འདེད་བྱེད་པ་བཅས་ཡིན། དེ་སྔ་གཟེངས་རྟགས་འདི་ནི་ཨ་རིིའི་སྲིད་འཛིན་སོགས་རྒྱལ་ཁབ་ཁག་ཅིག་འགོ་ཁྲིད་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་འགོ་ཁྲིད། ཚན་རིག་པ། སྒྱུ་རྩལ་པ། ཚོང་པ་སོགས་ལ་ཕུལ་མྱོང་ཡོད་པ་རེད།  

]]>