ཕྱི་ལོ་ ༡༩༨༦ ཟླ་ ༡༢ ཚེས་ ༢༧ ཉིན་སྩལ་བའི་བཀའ་སློབ།

མདུན་ངོས། / ཕྱི་ལོ་ ༡༩༨༦ ཟླ་ ༡༢ ཚེས་ ༢༧ ཉིན་སྩལ་བའི་བཀའ་སློབ།

༄༅། །ཕྱི་ལོ་ ༡༩༨༦ ཟླ་ ༡༢ ཚེས་ ༢༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་དགའ་ལྡན་དང༌། འབྲས་སྤུངས་དགེ་འདུན་གཙོ་གྱུར་གྱི་སེར་སྐྱ་མི་མང་ཉིས་སྟོང་བརྒལ་བར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྡུལ་ཚོན་དཀྱིལ་འཁོར་ལ་བརྟེན་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་དབང་ཆེན་བསྩལ་སྐབས་དོལ་རྒྱལ་བསྟེན་ཕྱོགས་སྐོར་ལ་དམིགས་བསལ་སྩལ་བའི་བཀའ་སློབ།

ཁྱེད་རང་ཚོ་ངོ་ཐོག་རྩ་བ་འཆད་ཉན་སོགས་ཚང་མ་ཧུར་ཐག་བྱེད་ཀྱི་ཡོད། དོལ་རྒྱལ་བསྟེན་ཕྱོགས་ཀྱི་ཐོག་ལ་བར་ལམ་རྙོག་ཁྲ་མང་པོ་ཞིག་བྱུང་བ་ཡོད་ཀྱང༌། ཁྱེད་རང་ཚོས་དོན་གཉེར་བྱས་ཏེ་ཧུར་ཐག་བྱས་བྱུང༌། ཚང་མ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན། ང་འདི་འདྲ་དྲན་གྱི་འདུག རྗེ་རིན་པོ་ཆེའི་ཁྱད་ཆོས་དེ་པུ་ཏི་བཅོ་བརྒྱད་ཀྱི་ཐོག་ནས་འདོན་དགོས། མདོ་དང་སྔགས་ཀྱི་དཀའ་གནད་དེ་ཚོ་ལ་རྗེ་རིན་པོ་ཆེས་ག་འདྲ་གསུངས་ཡོད་པ་དེ་འདྲའི་ཐོག་ནས་བསྟན་པའི་ཟབ་ཁྱད་འདོན་པ་དང༌། བོགས་འབྱིན་ཐུབ་པ་གཅིག་དགོས་པ་ལས། རྗེ་རིན་པོ་ཆེའི་དངོས་གནས་གསུང་བྱིན་ཅན་དེ་དག་ལ་ཆ་རྒྱུས་གང་ཡང་མེད་པ་ཞིག་ལ། རྩོད་གཞི་ཅན་གྱི་དྲེགས་པ་དེ་འདྲའི་ཐོག་ནས་དགེ་ལུགས་པའི་ཟབ་ཁྱབ་གཤད་དགོས་བྱུང་ན་ཧ་ཅང་ཐབས་རྡུགས་རེད། ཞེན་གོག་ཡོད་ན་ཞེན་གོག་བྱེད་ལུགས་ཤེས་དགོས། རྣམ་དཔྱོད་ཅན་གྱི་ཞེན་གོག་བྱུང་ན་ཡག་པོ་རེད། གཉིས་ནས་གནས་ཚུལ་འདི་སྐོར་དགོན་པ་གྲྭ་ཚང་ཁག་ནང་མང་པོ་བཤད་ཡོད། མང་པོ་ཞིག་གིས་ཕལ་ཆེར་ཤེས་ཀྱི་ཡོད། ངས་བཤད་པ་དེ་ཚོ་བརྟག་དཔྱད་རབ་དང་རིམ་པ་བྱས་ནས་བཤད་པ་ལས། ངས་རྣ་བ་སྲབ་པོ་བྱས་པ་དང༌། དེ་མིན་འོལ་ཚོད་ཧོལ་རྒྱུགས་བྱས་པ་དེ་འདྲ་རྩ་བ་ནས་མིན། བརྟག་དཔྱད་རིམ་པར་བྱས་པའི་ཐོག་ནས་ཐག་གཅོད་བྱས་པ་ཡིན། ཚོགས་ཆེན་གྱི་ཆོས་རྒྱལ་ལྷ་ཁང་གི་རྒྱལ་ཆེན་སྐུ་དེ་མར་འདོན་དགོས་པའི་སྐབས་སུ་ཡང་ཐོག་མར་ངེས་ཤེས་དམིགས་བསལ་གཅིག་རྙེད། དེའི་དགོང་མོ་གཉིས་པར་རྨི་ལམ་ཞིག་བྱུང༌། དེ་ཚོ་ཚང་མར་ཆ་གང་ཡང་མ་བཞག་པར་ཚོགས་ཆེན་གྱི་ཐོག་ཁར་དེའི་ཉིན་མོ་མཆོད་མཇལ་བྱས། དྲུག་ཅུ་མ་གཅིག་ཕུལ། ནམ་རྒྱུན་ཟན་བརྟག་ལྷ་མོའི་སྐུ་མདུན་ལ་བསྒྲིལ་གྱི་ཡོད་ཀྱང་སྐབས་འདིར་ཉམས་མྱོང་གི་མཚན་མ་དང་འབྲེལ་ཡོད་དུས་ཐུན་མོང་མ་ཡིན་པ་བྱས་ཏེ་ཆོས་རྒྱལ་གྱི་ཡེ་ཤེས་སྤྱན་འདྲེན་བྱས། དེ་ནས་ཟན་བརྟག་བསྒྲིལ་ཏེ་ཐག་གཅོད་བྱེད་སྟངས་དེ་འདྲ་བྱས་པ་ཡིན། རི་བོ་དགེ་ལུགས་པ་ལ་རྗེ་རིན་པོ་ཆེའི་བཀའ་སྲུང་དངོས་གནས་མགོན་པོ་ཕྱག་དྲུག་པ་དང༌། དམ་ཅན་ཆོས་རྒྱལ། དེའི་ནང་ཚན་ནས་ཆོས་རྒྱལ་ནང་སྒྲུབ་ལ་གཉེར་གཏད་གནང་ཡོད། རྗེ་རིན་པོ་ཆེས་ཆོས་སྐྱོང་མ་འཇོན་མཁན་གཅིག་ལ་གཉེར་གཏད་རྩ་བ་ནས་གནང་གི་མ་རེད། འཇོན་མཁན་གཅིག་ལ་གནང་གི་རེད། ནམ་ཞིག་དམ་ཅན་ཆོས་རྒྱལ་གཤེགས་ཚར་ཏེ་བསྔོ་རྟེན་འབྱོར་སོང་ན། དགེ་ལུགས་པ་ལ་ཆོས་སྐྱོང་གསར་པ་ཞིག་དགོས་ན་ལས། དེ་མིན་དམ་ཅན་ཆོས་རྒྱལ་མ་གཤེགས་བར་དུ་དགེ་ལུགས་པ་ལ་སྲུང་མ་གསར་པ་དགོས་དོན་མེད་ཅེས་ངས་བཤད་དོན་དེ་ཡིན། ཤེས་ཀྱི་འདུག་གམ། ལར་ནས་སྤྱིར་བཏང་རྩ་བའི་ཁུངས་ག་རེ་ཡིན་རུང་མིན་རུང༌། ཡོངས་གྲགས་ལ་དྲེགས་པའི་ཚུལ་ཅན་འཇིག་རྟེན་དྲེགས་པའི་ལྷ་བླ་མ་མཆོད་པའི་ཚོགས་ཞིང་ནང་ལ་བཀོད་སྲོལ་མེད། ཚོགས་ཞིང་ནང་ལ་མ་བཀོད་པའི་ཆོས་སྐྱོང་གཅིག་དགེ་ལུགས་པའི་སྐྱབས་གནས་སྤྱི་གཟུགས་གཅིག་ཏུ་བཟུང་ན་ནོར་འཁྲུལ་རེད། དྲེགས་པ་གཅིག་འཇིག་རྟེན་ལས་འདས་པའི་སྲུང་མ་ལས་ལྷག་པ་ལྟ་བུ་ཞིག་དང་འཇིག་རྟེན་ལས་འདས་པའི་སྲུང་མ་རྗེ་རིན་པོ་ཆེས་བཀའ་བསྒོས་གཉེར་གཏད་ཡོད་པ་དེ་དག་མི་གོ་མ་ཆོད་པ་ལྟ་བུ། ལྷ་གོ་མ་ཆོད་པ་ལྟ་བུ་བྱས་ན་ཡག་པོ་གང་ཡང་མིན། ངས་བཤད་རྒྱུའི་གནས་ཚུལ་འདི་འདྲ་ཡིན། ང་ཆུང་ཆུང་སྐབས་ལ་རྩེད་མོ་རྩེ་རོགས་གཅིག་ཡོད། དེས་ཁ་ཆེ་ཕ་ལུ་ཟེར་བ་དེ་བཤད་ཀྱི་ཡོད། དེའི་ཚིག་དེ་དྲན་བྱུང༌། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་ལག་པ་རེད། །ཅེས་བཤད་ཀྱི་ཡོད། ངའི་འདི་ཡིན་ལུགས་མིན་ལུགས་དང༌། ཉམས་མྱོང་བསགས་པའི་ཐོག་ནས་དྲི་མ་ཞིག་ཁ། དྲི་མ་ཁ་བ་དེ་མགོ་སྟོད་མ་བཤད་ན་དགའ་བསམ་སྟེ་བཞག་པ་ཡིན། དེ་ནས་ཉེ་བའི་རྐྱེན་གཅིག་གི་སྒོ་ནས་བརྗོད་དགོས་པའི་གནས་ཚུལ་ཞིག་ཆགས། དེ་ཆགས་དུས་ངས་གནས་ཚུལ་འདི་ལ་བརྟག་དཔྱད་མང་པོ་བྱས། ཉམས་མྱོང་བསགས་པའི་ཐོག་ནས་གནས་ཚུལ་མཐོང་བ་དེ་མ་བཤད་ན་ང་ནོར་བ་རེད། ཤེས་བཞིན་དུ་དགག་ན་མ་འགྲིགས་པ་ཡིན་དུས་ངས་ལྷག་བསམ་རྣམ་དག་བྱས་ཏེ་གནས་ཚུལ་ཡིན་ལུགས་མིན་ལུགས་བརྗོད་པ་རེད། འོན་ཀྱང་ཉན་དང་མ་ཉན་སོ་སོའི་ལག་པ་ཡིན་པ་ལས། ངས་འདིར་བཙན་པོ་དབང་ཡོད་བྱས་པས་ལ་དག་གི་མ་རེད། ཡིན་ནའང་འཇིག་རྟེན་ཁ་དཔེ་ལ། བློས་སྒང་ཚང་བཀལ་ན་སྒང་ཚང་དང༌། ཕྱེད་ཀ་བཀལ་ན་ཕྱེད་ཀ །ཞེས་ཟེར་བ་ལྟར་ཁ་ཤས་ཀྱིས་འགག་ལ་ཐུག་ན་ྋརྒྱལ་བ་རིན་པོ་ཆེ་དང༌། ནམ་རྒྱུན་ྋརྒྱལ་བ་རིན་པོ་ཆེས་བཤད་པ་དེ་རྣ་བའི་རྒྱབ་ལ་བསྐུར་མཁན་དེ་འདྲ་ཁ་ཤས་ཡོང་གི་འདུག མི་སུ་ཡིན་རུང་མིག་གཉིས་ཀྱིས་བལྟས། རྣ་བ་གཉིས་བེད་སྤྱོད་བྱ་རྒྱུ་ཡོད་དུས་གནས་ཚུལ་ཤེས་ཀྱི་རེད་པ། དེར་བརྟེན་ཚང་མས་ཧུར་ཐག་བྱེད་དགོས། ད་དུང་ཡིན་ནའང་ཚང་མས་བློ་སྦུག་དོག་པོ་དང༌། བསམ་བློ་བྱབ་ཆུང་དང༌། བསམ་བློ་ཅོལ་ཆུང་གཏོང་མི་རུང༌། བསམ་བློ་རྒྱ་ཆེ་སར་གཏོང་དགོས། ང་ཚོ་བོད་སྤྱི་པའི་དོན་ལ་འགག་དོག་པོ་འདི་འདྲ་ཞིག་ལ་སླེབས་ཡོད། དེར་བརྟེན་ཚང་མས་ད་ལྟ་ཕན་ལ་ཧུར་ཐག་བྱས་པ་རེད། ད་དུང་ཡིན་ནའང་ཧུར་ཐག་བྱེད་རོགས་ཟེར་རྒྱུ་ཡིན། དེ་རིང་ངས་འདིར་གནས་ཚུལ་འདི་བཤད་དང་མི་བཤད་ཀྱང་མོ་རྒྱབ་པ་ཡིན། སྐབས་སུ་བབ་ཡོད་དང་མེད་བརྟག་དཔྱད་བྱེད་ཀྱིན་བྱེད་ཀྱིན་བཤད་འོས་དང་མི་འོས་བརྟག་དཔྱད་བྱས་པར། བཤད་ན་བཟང་བ་བབས་སོང་བས་བརྗོད་པ་ཡིན། ཁ་སང་བྱང་རྩེའི་མཁན་པོས། གསང་བ་འདུས་པའི་སྐུ་ཐང་དང༌། འཇིགས་བྱེད་སྐུ་ཐང་གི་མཐའ་གྲལ་ལ་རྒྱལ་ཆེན་གྱི་སྐུ་གཅིག་ཡོད་པ་དེ་ཕར་བསུབ་པ་ཡིན་ཟེར་བྱུང༌། དེ་ཡག་པོ་བྱུང་འདུག དེའི་ནང་ལ་ཕོག་ཐུག་ལྟ་བུ་ཞིག་ཡོང་གི་འདུག་ཅེས་བཀའ་སྩལ།། །།