དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།

མདུན་ངོས། / དོལ་རྒྱལ་དམ་བསྒྲགས་ལ་ངོ་རྒོལ་བྱེད་མཁན་ཚོར་སྩལ་བའི་བཀའ་སློབ།

    ༄༅། །དབྱིན་ཡུལ་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་དམ་བསྒྲགས་གནང་བར་ངོ་རྒོལ་བྱེད་མཁན་ཚོར་དོལ་རྒྱལ་སྐོར་བཀའ་སློབ་སྩལ་བ།

 

    ད་ལམ་དབྱིན་ཡུལ་དུ་ངོས་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་མདུན་དུ་ཕྱི་མི་ཉུང་ཤས་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བ་ཡོད་པའི་ཆོས་ཕྱོགས་ཀྱི་བྱེ་ད་སྒོའི་སྐོར་ལ་ངོས་ནས་བོད་མིར་གསལ་བཤད་བྱས་པ་ལ་ངོ་རྒོལ་གྱི་རྣམ་འགྱུར་སྟོན་ཆེད་འདུ་འཛོམས་བྱས་འདུག དེར་བརྟེན་ངོས་ནས་དངོས་དོན་གྱི་བསམ་ཚུལ་ཇི་བཞིན་གསལ་བཤད་ཐུང་ཙམ་བྱེད་རྒྱུ་ཡིན།

    ངོས་ནས་རྒྱུན་དུ་འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་ཡོད་པ་སོ་སོར་རང་རང་སྒོས་ཆོས་ཐུན་མོང་མ་ཡིན་པ་རེ་ཡོད་ཅིང༌། དེ་དག་བརྒྱུད་ནས་འགྲོ་བ་མིའི་རིགས་ལ་ཞབས་འདེགས་ཆེན་པོ་བསྒྲུབ་རྒྱུའི་ལེགས་ཆའི་ཆ་རྐྱེན་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་འབྲེལ་ཆོས་ལུགས་ནང་ཕན་ཚུན་དམ་ཚིག་མཐུན་པོ་དང༌། གོ་རྟོགས་སྤེལ་རེས་འབྱུང་ཐབས་དང༌། ཡང་ང་ཚོ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ཡང་མཐར་ཐུག་གཏན་བདེའི་ས་ལ་དཀྲི་བའི་ལམ་ཐབས་ཤེས་ཀྱིས་བསྡུས་པའི་གནད་ལ་འགལ་བ་མེད་པས་རང་ངོས་ནས་ཀྱང་ཀུན་ལ་དག་སྣང་དང་གུས་བཀུར་ཉམས་ལེན་གང་ཐུབ་དང་འབྲེལ། བོད་མིར་དེ་དོན་སྐུལ་སློང་བྱེད་ཀྱི་ཡོད། འོན་ཀྱང་རྒྱལ་ཁབ་གཞན་གྱི་མི་རིགས་ལ་རང་གི་ཕ་མེས་ནས་ཡོད་པའི་ཆོས་ལུགས་ལས་ཆོས་ལུགས་གཞན་དུ་བསྒྱུར་རྒྱུར་མནོ་བསམ་ཟབ་ནན་གཏོང་དགོས་པའི་བསམ་བློ་གུ་ཡངས་ཀྱི་བསྐུལ་མ་ཡང་ཡང་བྱེད་ཀྱི་ཡོད།

    ད་རེས་ཀྱི་གནས་ཚུལ་འདི་ནི་བོད་ཀྱི་ལོ་རྒྱུས་དང༌། བོད་མིའི་བདེ་རྩ་དང་འབྲེལ་བ་ཆགས་པར་བརྟེན། བོད་ཀྱི་ནང་ཆོས་དང་བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་ཇི་བཞིན་མ་རྟོགས་པའམ། ལྷག་པར་དངོས་གཙོའི་ལྟ་གྲུབ་ཀྱི་རྣམ་གཞག་ལ་ཡིད་རྟོན་བྱེད་མཁན་རྣམས་ནི་འདི་སྐོར་གོ་རྟོགས་ཐུབ་རྒྱུ་དཀའ་བའི་གནས་ཚུལ་ཡིན།

    འདིའི་ཡོང་རྐྱེན་ནི་དུས་རབས་ ༡༧ ནང་ངོས་ཀྱི་སྐྱེ་ཕྲེང་ལྔ་པ་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་གནད་དོན་རིང་པོ་ཞིག་ཡོད། ཁོང་གིས་བོད་ཀྱི་ཆོས་བརྒྱུད་རིས་མེད་ལ་ཉམས་བཞེས་མཛད་རྐྱེན་ཆོས་བརྒྱུད་ཀྱི་ཕྱོགས་མཐར་ལྷུངས་པ་འགའི་འདོད་བབས་མ་གྱུར་པའི་གུ་དོག་གི་བསམ་ཚུལ་འཆང་བ་ལས་བྱུང་བ་ཞིག་ཡིན། ཆོས་ཕྱོགས་ཀྱི་ལྟ་སྟངས་ནས་ད་ལྟ་རྩོད་གཞི་བྱེད་པའི་དོལ་རྒྱལ་ནི་ྋགོང་ས་ལྔ་པ་དང་ཐུགས་གཤིས་མི་གཅིག་པའི་གནས་བབས་སུ་གྱར་རྐྱེན། བོད་ཀྱི་ཆོས་སྲིད་དང་བཅས་པ་ལའང་གནོད་ཚབས་ཅན་དུ་གྱུར་པ་དང༌། གནད་དོན་འདིས་ངོས་ཀྱི་སྐྱེ་ཕྲེང་བཅུ་གསུམ་པའི་སྐབས་ལའང་བསྟེན་གསོལ་མི་ཆོག་པའི་དམ་དྲག་ཆེན་པོ་གནང་ཡོད་པར་མ་ཟད། འགའ་ཤས་ནས་འདི་ཉིད་དགེ་ལྡན་བསྟན་སྲུང་དུ་ཁས་ཆེས་ཀྱང་དོན་དུ་དགེ་ལྡན་རིང་ལུགས་ཀྱི་རྩོད་མེད་ཡོངས་གྲགས་སྐྱེས་ཆེན་མང་པོས་བཀག་སྡོམ་གནང་ཡོད། ངོས་རང་ཏཱ་ལའི་བླ་མའི་སྐྱེ་ཕྲེང་འཛིན་པའི་གྲས་ཡིན་པར་མ་ཟད། དེང་བོད་ཀྱི་ལོ་རྒྱུས་དཀའ་ངལ་ཅན་གྱི་སྐབས་འདིར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་ཁུར་བླང་ཡོད་སྟབས། སྐུ་ཕྲེང་གོང་མ་རྣམས་ལ་བོད་བསྟན་སྲིད་དང་འབྲེལ་བའི་ཁེ་ཕན་གྱི་གནས་ཚུལ་ཇི་བྱུང་རྣམས་མཇུག་སྐྱེལ་བྱེད་རྒྱུ་འོས་བབས་དང༌། བོད་རྒྱལ་ཁབ་དང་མི་མང་གི་བདེ་རྩ་དང་འབྲེལ་བའི་ཆོས་སྲིད་ཀྱི་བླང་དོར་ལམ་སྟོན་བྱེད་རྒྱུ་ནི་ངོས་ཀྱི་འགན་འཁྲི་ཡིན།

    ངོས་ནས་ཀྱང་དེ་སྔ་དོལ་རྒྱལ་བསྟེན་གསོལ་བྱས་ཡོད། སྐབས་དེ་དག་གི་ཉམས་མྱོང་དང་འབྲེལ་ཏེ་ལོ་ནས་ལོ་བསྟུད་བརྟག་པ་རིམ་བྱས་པར་འདི་ཉིད་བསྟེན་གསོལ་བྱས་ན་ཕན་ལས་གནོད་ཚབས་ཆེ་བ་ཆོས་ཕྱོགས་ཀྱི་ལམ་ནས་རྟགས་མཚན་རིམ་པ་བྱུང་བ་དང༌། དངོས་ཡོད་ལོ་རྒྱུས་དང་འབྲེལ་བའི་གནས་ཚུལ་ཇི་བྱུང་ཕྱོགས་བསྡོམས་ཀྱིས་དོལ་རྒྱལ་བསྟེན་གསོལ་གནང་མཁན་ངོས་ཀྱི་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་ལའང་སྙན་སེང་གིས་བཀའ་འཁྲོལ་གཙང་མ་ཐོབ་ཡོད། མཐར་ཕྱི་ལོ་ ༡༩༧༨ ལོའི་ནང་བོད་མིའི་ཁྲོད་དུ་ཡོངས་ཁྱབ་གསལ་བསྒྲགས་བྱས་པ་ཡིན། འོན་ཀྱང་འགའ་ཤས་ནས་ངོས་ཀྱི་བརྗོད་ཚིག་ལ་དྲང་ངེས་ཀྱི་འགྲེལ་བརྗོད་བྱས་ནས་དོན་དུ་སྤྲོས་པ་ཆེན་པོས་རང་བསྟེན་གཞན་སྤེལ་བྱས་ཁར། ཕྱི་རྒྱལ་བའི་ཁྲོད་དུ་འབྲེལ་མེད་རྣམ་རྟོག་གསར་པ་ཁྱབ་སྤེལ་བྱེད་པའི་གནས་སྟངས་འདི་བྱུང་རྐྱེན། དེང་བར་མུ་མཐུད་ཕན་གནོད་ཀྱི་དངོས་དོན་ཇེ་གསལ་དུ་སོང་བའི་ཉམས་མྱོང་གཞི་མར་བཞག་ནས་འདི་སྐོར་ངོས་ཀྱིས་འདི་ལོ་དཔྱིད་ཆོས་ཆེན་མོའི་སྐབས་གསལ་བཤད་བྱེད་དགོས་བྱུང༌། དེའི་ནང་དོན་སྙིང་པོ། དོལ་རྒྱལ་བསྟེན་གསོལ་བྱེད་པ་ཕན་ལས་གནོད་ཚབས་ཆེ་བས་གདན་ས་ཆེན་པོ་ཁག་དང༌། རྒྱུད་གྲྭ་སྟོད་སྨད། སྒྲིག་འཛུགས་སུ་ཡོད་པའི་ཁུངས་ནས་བསྟེན་གསོལ་ནམ་ཡང་མི་འཐུས་སྐོར་བརྗོད་ཡོད། འདི་ནི་ངོས་ཀྱི་འགན་འཁུར་དང་ཐོབ་ཐང༌། ལམ་ལུགས་བཅས་དང་བསྟུན་ནས་བརྗོད་པ་ཞིག་ཡིན། དེ་མིན་བོད་ཀྱི་བསྟན་སྲིད་ལ་གནོད་ཀྱང་ཁྱད་པར་མི་བརྩི་བའི་རིགས་ནས་མུ་མཐུད་བསྟེན་གསོལ་བྱས་ཀྱང་རང་དབང་ཡིན་པ་ལས་ངོས་ནས་སྤོང་དགོས་ཞེས་བརྗོད་པ་མེད། འོན་ཀྱང་ངོས་ཀྱི་འགན་ཁྲིའི་བསམ་ཚུལ་བརྗོད་རྒྱུ་དེ་ནི་ངོས་ཀྱི་རང་དབང་གི་གནས་ཚུལ་ཞིག་ཡིན།

    རྒྱལ་སྤྱིའི་ནང་ཡོང་དང་ཡོང་མུས་ལྟར་ཆོས་ཀྱི་ཕྱོགས་མཐར་ལྷུངས་པའི་བོད་མི་ཉུང་ཤས་ཀྱི་རྗེས་སུ་འབྲངས་ནས་བོད་ཀྱི་ལོ་རྒྱུས་དང༌། བོད་ཀྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་འདི་བོད་མིའི་ནང་གི་གནད་དོན་ཞིག་ཡིན་ཀྱང༌། ཕྱི་མིས་དོལ་རྒྱལ་བསྟེན་གསོལ་བྱེད་དང་མི་བྱེད་རང་རང་མོས་འཚམས་དང་བསྟུན་པའི་ཇི་བྱས་རང་ཉིད་ཀྱིས་ཐག་གཅོད་བྱེད་རྒྱུ་ལས་ངོས་ནས་འགག་དགོས་གནས་སྟངས་བརྗོད་བབས་གང་ཡང་མེད།

    ངོས་ནས་དོལ་རྒྱལ་བསྟེན་གསོལ་མི་འཐུས་པའི་གཏམ་བཤད་བྱས་པར་བསྙད་དེ་འགའ་ཤས་ནས་བཙན་བྱོལ་བོད་མིའི་གཞིས་སྒར་ཁག་ནང་བཙན་ཤེད་ཀྱིས་ཁྱིམ་ཚང་སོ་སོར་ཕྱིན་ཏེ་དོལ་རྒྱལ་གྱི་བྲིས་འབུར་རྟེན་གཞི་ཁག་མེར་བསྲེགས་ཆུ་བསྐྱུར་བྱེད་ཀྱི་ཡོད་ལུགས་ཀྱི་དཀྲོག་གཏམ་ཁྱབ་སྤེལ་བྱེད་ཀྱི་ཡོད་འདུག འོན་ཀྱང་ངོས་ནས་དངོས་དོན་དེ་ལྟར་བྱུང་བའི་གནས་ཚུལ་ཤེས་རྟོགས་མ་བྱུང་བར་མ་ཟད། བཙན་ཤེད་ཀྱི་བྱེད་བབས་དེ་རིགས་ངོས་ཀྱི་བསམ་ཕྱོགས་དང་མི་འཚམས་ཁར། སླད་འབྱུང་ཚེ་ངོས་ཀྱི་འདོད་མཐུན་ནམ་ཡང་བྱ་རྒྱུ་མིན།།    །། ༼བཀའ་སློབ་འདི་ཉིད་གནང་བའི་ཕྱི་ལོ་ཟླ་ཚེས་རྙེད་སོན་མ་བྱུང་བས་ཕྱག་དེབ་འདི་ཉིད་ཀྱི་མཇུག་ཏུ་བཀོད་ཅིང༌། སླད་མར་ཕྱི་ལོ་ཟླ་ཚེས་རྙེད་སོན་བྱུང་ཚེ་པར་ཐེངས་རྗེས་མར་གོ་རིམ་སྒྲིག་འཆར་ལགས།༽ 

ཡིག་འབེབ་ཞུ་བ་བོ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ།