༄༅། །ཕྱི་ལོ་༡༩༥༠ལོ་རྒྱ་མི་དམར་པོའི་དམག་དཔུང་བོད་ནང་ཡོང་སྟེ་བོད་ཤར་ཕྱོགས་ཀྱི་ས་གནས་བཟུང་སྐབས་ངོས་དང༌། ངོས་ཀྱི་མི་མང་ནས་གང་ཅིའི་ཐབས་ཤེས་ལུ་གུ་རྒྱུད་སྦྲེལ་དུ་བྱས་ཏེ་མཐར་མཉམ་འབྲེལ་རྒྱལ་ཚོགས་དང༌། འཛམ་གླིང་རྒྱལ་ཁབ་ཆེ་ཁག་ལ་བར་བཞུགས་ཡོང་བའི་ཐབས་ཤེས་ཞུ་འབོད་ཀྱང་བྱས་མོད།སུས་ཀྱང་བདག་སྤྲོད་མ་བྱས་ཏེ་དོན་ཕན་གང་ཡང་མ་བྱུང༌། བོད་འདི་དྲག་ཤུགས་མ་བཟུང་བར་དུས་རབས་མང་པོ་སོང་བའི་རྒྱལ་ཁབ་ཅིག་སྟེ། འཚེ་མེད་ཞི་བའི་ལམ་ལ་ཡིད་ཆེས་དང༌། ལག་ལེན་བྱེད་ཀྱི་ཡོད་ཅིང༌། དེ་ནི་ལོ་སྟོང་ཕྲག་ལྷག་གི་གོང་ནས་ཐུབ་པ་སངས་རྒྱས་ཀྱི་དམ་པའི་ཆོས་རིན་པོ་ཆེ་རྒྱ་གར་ནས་བོད་དུ་དར་བ་ལ་བརྟེན་ནས་བྱུང་བ་ཡིན། ང་ཚོ་ཆོས་ལྡན་གྱི་རྒྱལ་ཁབ་ཆོས་ཀྱི་བྱ་བར་གཙོར་འདོན་ལས། སྲིད་ཀྱི་འདུ་འགོད་ལ་དོ་སྣང་ཆེར་མི་བྱེད་པ་ཞིག་ཡིན་སྟབས་དཔལ་འབྱོར་གྱི་མཐུན་རྐྱེན་འཛོམས་པོ་མིན་པའི་ཁར། རྒྱལ་ཁབ་གཞན་དག་གི་རོགས་རམ་མེད་སྟབས་རྒྱ་མི་དམར་པོའི་དྲག་ཤུགས་འོག་ང་ཚོ་ལས་སླ་བོར་ཚུད། སྐབས་དེར་ང་ཚོས་ཆ་འཇོག་འཕེར་བའི་ཆིངས་ཡིག་འཇོག་པའི་ཆེད་པེ་ཅིང་དུ་སྐུ་ཚབ་བཏང་ཡང༌། དམར་པོས་དྲག་ཤུལ་གྱིས་བསྡིགས་ཏེ་ང་ཚོའི་རང་དབང་ཉམས་འཇུག་པའི་ཡིག་ཆར་མིང་རྟགས་དབང་མེད་དུ་འགོད་བཅུག་པ་རེད། བཙན་དབང་གིས་འཇོག་བཅུག་པའི་གྲོས་མཐུན་དེར་ང་ཚོའི་གཞུང་གིས་བློ་མོས་མེད་ཀྱང༌། དེ་ལ་ཁས་ལེན་མ་བྱས་ན་དེ་ལས་མང་བའི་མི་གསོད་དང་སྟོར་རྐྱེན་མྱུར་དུ་ཡོང་རྒྱུ་ང་ཚོས་གསལ་པོར་མཐོང་གཤིས། གྲོས་མཐུན་དེ་དག་དྲང་འབྲེལ་ཞིག་མིན་པ་མཐོང་བཞིན་དུ། ངའི་མི་མང་ལ་དེ་བས་སྡུག་པའི་དཀའ་ངལ་མི་འབྱུང་ཆེད་ང་དང༌། ངའི་གཞུང་ནས་གྲོས་མཐུན་དེར་ཆ་འཇོག་མི་བྱེད་མཐུ་མེད་བྱུང༌། འོན་ཀྱང་གྲོས་མཐུན་དེའི་ནང་གི་དོན་ཚན་རྣམས་རེ་ཞིག་བར་ངན་གཡོའི་སྒྱུ་འབག་གི་དགོས་ཕན་ཙམ་ལ་བརྟེན་རིམ་པས་དོན་ཚན་ཚང་མར་རྒྱ་མི་ཁོ་རང་ཚོས་མ་གནས་པར་བརྡལ་བཤིགས་བྱས་པ་རེད། དེ་རྗེས་བོད་ནང་ཧ་ཅང་ཐབས་རྡུགས་བྱུང་བའི་གནས་ཚུལ་རྣམས་རྒྱལ་སྤྱིའི་ཁྲིམས་དོན་མཁས་པས་བཏོན་པའི་སྙན་ཞུའི་ནང་ཞིབ་ཆ་འཁོད་ཡོད་འདུག དེབ་འདིའི་ནང་ངོས་ནས་ང་ཚོ་བོད་མི་ཚོའི་མི་ཚེ་སྐྱེལ་སྟངས་སྐོར་སྟོན་ཐབས་བྱས་ཡོད། ད་ལྟའི་ཆར་གནས་ཚུལ་སྡུག་པོ་ཞིག་གིས་མཇུག་བསྡུས་པ་རེད། ནང་པའི་ཆོས་ཀྱི་འགྲོ་སྟངས་ཕྲན་བུ་མ་ཤེས་ན་སུས་ཀྱང་བོད་ཀྱི་གནས་ཚུལ་ཇི་བཞིན་ཤེས་པ་དཀའ་བས་དེབ་འདིའི་མགོ་མཇུག་ཏུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་བའི་ནུས་པ་གསལ་ཡོད་ཅིང༌། ཡང་མི་ཚོ་སྡུག་བསྔལ་ནས་བདེ་བའི་སར་བགྲོད་པའི་དོན་དམ་གྱི་ལམ་ཆོས་ཀྱི་སྐོར་ཡང་སྒོ་ཙམ་ཞིག་བརྗོད་རྩིས་ཡོད། རང་གི་ཡེ་ཤེས་ཀྱིས་ཤེས་བྱ་ཇི་ལྟ་བ་དང༌། ཇི་སྙེད་པའི་ཆོས་ཀུན་རྗེན་པར་གཟིགས་པའི་མཐུ་ལས་བླང་དོར་མ་འཁྲུལ་བར་སྟོན་པའི་སངས་རྒྱས་ཀྱིས་ཐོག་མར་གསུངས་ཤིང༌། ང་ཚོའི་མི་རབས་འདིར་རྒྱ་གར་གྱི་སློབ་དཔོན་གཙོ་བོ་མཧཱ་ངྷརྨ་གྷན་དྷིས་ལག་ལེན་གནང་བའི་འཚེ་མེད་ཞི་བའི་ལམ་དེར་ཞུགས་པའི་རྗེས་འཇུག་པ་ཞིག་ཕྲན་ཡིན་པར་བརྟེན། ང་ཚོའི་རང་དབང་སྒྲུབ་ཆེད་མཚོན་ཆར་བེད་སྤྱོད་བྱེད་པ་དེར་ཐོག་མ་ནས་ངོ་རྒོལ་བྱེད་བཞིན་ཡོད། མཚོན་ཆའི་འཐབ་རྩོད་བྱེད་པ་ནི་ཆོས་དང་མི་མཐུན་ཞིང༌། དེ་ལྟར་བྱས་ན་རང་གཞན་སྐྱེ་འགྲོ་མང་པོའི་སྲོག་འདོར་རྒྱུར་ངེས་པར་བརྟེན་ཕྱི་ལོ་༡༩༥༠ལོ་ནས་བཟུང་ལོ་དགུའི་རིང་བདེན་པ་དང༌། ཞི་བའི་ལམ་ནས་རྒྱ་ནག་དང་འགྲིགས་པའི་ཐབས་ལམ་འཚོལ་བ་དེར་ནུས་ཤུགས་གང་ཡོད་བཏོན་ཏེ། རང་གི་མི་མང་རྣམས་བློ་ཕམ་བྱུང་བར་འཛེམས་ཟོན་མ་བྱས་པར་དྲག་པོའི་འཐབ་འཛིངས་མི་ཡོང་བའི་ཐབས་ཤེས་གང་ཐུབ་བགྱིས་ཏེ་བོད་གཞུང་ཁྱབ་ཁོངས་མི་མང་གི་དྲག་རྒོལ་འགོག་ཐུབ་ཀྱང༌། བར་ལམ་རྒྱ་མིས་བཙན་ཟོས་བྱས་པའི་བོད་ཤར་ཕྱོགས་ནས་དྲག་པོའི་ངོ་ལོག་ལངས་ཤིང༌། ཁུལ་དེར་བོད་གཞུང་ནས་ཐད་ཀའི་འབྲེལ་བ་མེད་སྟབས་ང་དང༌། ངའི་གཞུང་ནས་ཐབས་ཤེས་བྱེད་ཐབས་མ་བྱུང༌། མཐར་བཙན་འཛུལ་མཁན་གྱི་ཚད་མེད་པའི་བཙན་གནོན་ལ་བོད་མི་ཡོངས་རྫོགས་ནས་སྡུག་འཁུར་མ་ཐུབ་པར་ངའི་མི་མང་གི་བཟོད་པའི་མཐའ་ཟད་པ་རེད།

ལོ་རྒྱུས་འདི་དག་དབྱིན་བསྒྱུར་སྐབས་སྐུ་ཞབས་ཌི་བྷི་ཀྲི་ཧའོ་ཐ་དང༌། ཀ་ཅི་བསོད་ནམས་སྟོབས་རྒྱས་ཀྱིས་རོགས་རམ་ལ་བརྟེན་ནས་ཚང་མས་གོ་རྟོགས་གང་བདེར་བརྗོད་ཐབས་བྱས་གཤིས་ཁོང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཅིང༌། དེབ་འདི་ཀློག་མཁན་ཚོས་འདི་གཟིགས་ནས་རང་རང་གི་བློའི་འཆར་སྒོར་བརྟེན་པའི་མཐོང་ཚུལ་ཐག་གཅོད་ནི་ཁྱེད་རྣམ་པས་བྱེད་རྒྱུར་འཇོག་རྒྱུ་ཡིན། ངས་ད་དུང་བསྐྱར་སྣོན་ཞུ་རྒྱུར། བོད་ནང་རྒྱ་དམར་གྱི་སྐུ་ཚབ་ཚོས་ཀླ་ཀློ་ལྟ་བུའི་སྤྱོད་ཚུལ་ངན་པ་བྱས་ཡོད་ཀྱང༌། ང་ཚོ་བོད་མི་མང་ནས་སྙན་གྲགས་ཅན་གྱི་རྒྱ་ནག་མི་རིགས་ལ་ངན་སེམས་འཆང་གི་མེད། ང་ཚོའི་རེ་འདོད་ནི། རྒྱ་མི་སོགས་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་མཛའ་མཐུན་ཞི་བའི་ངང་སོ་སོའི་མི་ཚེ་སྐྱེལ་ཐུབ་པ་ཞིག་དགོས་པ་ཡིན་ཞིང༌། དེ་ལྟར་ཡོང་བའི་ཆེད་དུ་དཀའ་ཐུབ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་མི་མང་ཕོ་མོ་རྣམས་ལ་ཞུ་འབོད་ཞུ་བཞིན་ཡོད།།