ལེགས་བཤད་གཅེས་བཏུས།

ང་ཚོས་བཟོད་པའི་ཕན་ཡོན་དང་ཁོང་ཁྲོའི་ཉེས་དམིགས་ལ་བསམ་བློ་བཏང་རྗེས། ཁོང་ཁྲོའི་རྒྱུ་རྐྱེན་རྟོགས་ཐབས་བྱེད་དགོས་ཤིང་། དེ་ནས་ཁོང་ཁྲོའི་རྒྱུ་སྤངས་པ་ལ་བརྟེན་ནས་ཁོང་ཁྲོ་ལས་རྣམ་པར་རྒྱལ་ཐུབ། ཁོང་ཁྲོ་སློང་བྱེད་ནི་ང་ཚོས་ཅི་ཞིག་འདོད་པ་ལག་ཏུ་མི་ཡོང་བ་དང་གང་ཞིག་མི་འདོད་པ་ཐོག་ཏུ་འབབ་སྐབས་ཀྱི་ཡིད་ཞུམ་དེ་ཡིན་པ་དང་། ཁོང་ཁྲོའི་མཇུག་འབྲས་ཐམས་ཅད་ནི་གནོད་འཚེའི་རང་བཞིན་ཅན་ཞིག་ཡིན་ལ། ད་དུང་ཁོང་ཁྲོ་སྐྱེད་བྱེད་ནི་ང་ཚོས་ངེས་པར་དུ་འགོག་སྲུང་བྱེད་དགོས་པའི་སེམས་ཀྱི་དཀའ་ངལ་རྣམས་ཡིན། སྤྱིར་བཏང་གི་དགྲ་བོ་རྣམས་ཀྱིས་ང་ཚོར་གནོད་པ་བྱེད་སྲིད་ཀྱང་། ཁོ་ཚོས་བྱ་གཞག་གཞན་དག་ཀྱང་སྒྲུབ། ཐ་ན་ང་ཚོའི་དགྲ་བོ་རྣམས་གཉིད་དགོས་ལ། ཟས་བཟའ་དགོས། ད་དུང་གྲོགས་པོ་དང་ནང་མི་ལ་བདག་སྐྱོང་བྱེད་དགོས། ཁོང་ཚོས་མི་གཞན་གྱི་སེམས་ལ་གནོད་འཚེ་དང་གཏོར་བརླག་བྱེད་པའི་འབད་བརྩོན་རྒྱུན་ཆགས་སུ་བྱེད་མི་ཐུབ། འོན་ཀྱང་། རྟག་པར་སེམས་ལ་གནོད་འཚེ་ཁོ་ན་བྱེད་མཁན་དེ་ཁོང་ཁྲོ་ཡིན་ལ། གནོད་འཚེ་བྱ་རྒྱུ་ནི་འདི་ཡི་བྱེད་ལས་རེད། དེའི་ཕྱིར། ཅི་ཞིག་བྱེད་དགོས་ཀྱང་། ང་ཚོས་སེམས་ཀྱི་དཀའ་སྡུག་གིས་ཁོང་ཁྲོ་བསྐྱེད་དུ་མི་འཇུག་པར་རང་རྒྱུད་ལ་ཁོང་ཁྲོ་ནམ་ཡང་མི་སྐྱེ་བ་བྱེད་དགོས།

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

སེམས་ནི་གཟུགས་ཅན་མིན་ཞིང་། སུས་ཀྱང་དེ་ལ་རེག་མི་ཐུབ་ལ་དངོས་སུ་གནོད་པའང་བྱེད་མི་ཐུབ། དེའི་ཕྱིར། སུས་ཀྱང་དེ་གཏོར་བརླག་བྱེད་མི་ཐུབ། གལ་སྲིད་མི་ཞིག་གིས་ང་ཚོར་འཇིགས་སྐུལ་དང་། གནོད་འཚེ། མི་དགའ་བའི་སྐད་ཆ་བཤད་ཚེ། དེས་ང་ཚོར་གནོད་པ་ངོ་མ་ཞིག་བྱེད་ཀྱི་མེད་པས། ཁོང་ཁྲོ་ལང་དགོས་དོན་མེད། མི་གཞན་གྱིས་ཅི་བཤད་ལ་དོ་སྣང་མི་སྤྲོད་པར་སེམས་ཞི་བདེ་ལྷིང་འཇགས་ཉིད་དུ་གནས་རྒྱུ་གལ་ཆེན་པོ་ཡིན་ལ། ང་ཚོས་མི་སྐྱིད་པ་དང་སྐྲག་སྣང་བྱེད་མི་དགོས། གལ་ཏེ་ང་ཚོས་གཞན་གྱི་གནོད་འཚེ་ལ་བརྟེན་ནས་རང་གི་ཡར་རྒྱས་ལ་བར་ཆད་འབྱུང་བར་བརྗོད་ན། དེའི་ལན་ནི་ཕྱི་དངོས་པོའི་ཅ་དངོས་རྣམས་སྔ་ཕྱི་མ་གཏོགས་མེད་པར་འགྱུར་རྒྱུ་དེ་རེད་ལ། གལ་ཏེ་ང་ཚོས་རང་ལ་དངོས་པོ་འགའ་ཞིག་འཐོབ་པའི་ཆེད་དུ་ཁོང་ཁྲོ་ལངས་པ་དེ་ཡང་དག་པ་ཞིག་རེད་ཟེར་ན། དེའི་ལན་ནི། དེ་ལྟར་ནའང་། ང་ཚོས་དངོས་པོ་དེ་ཚེ་འདི་ཙམ་ལས་ཉར་མི་ཐུབ་ཀྱང་། དངོས་པོ་དེ་འཐོབ་པའི་ཆེད་དུ་སྐྱེས་པའི་ཁོང་ཁྲོའི་འབྲས་བུ་ནི་སྐྱེ་བ་མང་པོར་ང་ཚོ་དང་ལྷན་དུ་གནས་རྒྱུ་རེད་ཅེས་པ་དེ་ཡིན།

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

སྤྱི་ཚོགས་ཀྱི་ཁྲོད་ལ་འཆམ་མཐུན་མེད་སྐབས། འགྲོ་བ་སེམས་ཅན་ལ་ཁམས་མི་འདྲ་བ་དང་། བསམ་བློ་གཏོང་སྟངས་མི་འདྲ་བ། མཐོང་ཚུལ་མི་འདྲ་བ་བཅས་ཡོད་པ་དྲན་པར་བྱོས། འདི་ནི་ཆོས་ཉིད་ཅིག་རེད། གལ་སྲིད་ང་ཚོར་ཟིང་ཆ་དང་། རྙོག་གྲ། བར་ཆད་བཅས་འབྱུང་སྐབས། དེ་ནི་རང་ཉིད་ཀྱི་བྱས་འབྲས་ཤིག་ཏུ་ལྟ་ཐུབ་དགོས། དེ་ལྟར་བྱས་ནས་ཞེ་འཁོན་མེད་པར་བྱོས། དེའི་ཚབ་ཏུ་བྱམས་སྙིང་རྗེ་སྒོམས། འདི་ནི་རང་ཉིད་ཀྱིས་དགེ་བའི་ལས་གསོག་པ་ལ་རིག་པ་སྒྲིམ་སྟངས་ཤིག་རེད། དཔེར་ན། གལ་སྲིད་མི་ཞིག་གི་ཁང་པ་མེ་ལ་ཤོར་ནས་ས་ཆ་གཞན་ཞིག་ལ་གནས་སྤར་དགོས་བྱུང་བ་དང་། ཉམས་མྱོང་འདི་ལ་བརྟེན་ནས་མི་དེ་གཞུག་ཕྱོགས་མེར་འབར་རུང་གི་དངོས་པོ་ཐམས་ཅད་དང་ཁ་འབྲལ་བ་ལྟ་བུ་རེད། དེ་བཞིན་དུ་ང་ཚོའི་འདོད་ཆགས་དང་འབྲེལ་ནས་ཞེ་སྡང་གི་མེ་འབར་སྐབས། ང་ཚོའི་དགེ་བའང་མེར་འཚིག་ཉེན་ཡོད་པས། ང་ཚོ་ཆགས་པའི་ཡུལ་དེ་དང་འབྲལ་དགོས། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

འཆི་བ་སྒོམ་པའི་དགེ་མཚན་དང་དེ་ལ་སྣང་མེད་བྱས་པའི་ཉེས་དམིགས་རྟོགས་པ་ནི་དགོས་མཁོ་ལྡན་པ་ཞིག་ཡིན། འཆི་བ་སྒོམ་པའི་དགེ་མཚན་དང་པོ་ནི། ང་ཚོར་ཆོས་ཉམས་ལེན་ལ་སྐུལ་འདེད་གཏོང་བྱེད་དེ་མི་རྟག་པ་དང་འཆི་བ་སྒོམ་པ་དེ་རེད་ལ། འདི་ནི་བློ་སྒོ་འབྱེད་བྱེད་ཅིག་རེད། སྔ་ཕྱི་ཙམ་མ་གཏོགས་རང་ཉིད་འཇིག་རྟེན་འདི་ནས་འགྲོ་དགོས་པའི་ཤེས་རྟོགས་རྒྱུད་ལ་སྐྱེ་སྐབས། སྐྱེ་བ་ཕྱི་མའི་དོན་དག་ལ་སེམས་ཁུར་བྱེད་ངེས་རེད། ཤེས་རྟོགས་འདི་ལས་ཆོས་ཀྱི་འཚོལ་སྙེག་ལ་ཁ་ཕྱོགས་པར་ཕན་ཐོགས་རང་བཞིན་གྱིས་འབྱུང་གི་རེད། དགེ་མཚན་གཉིས་པ་ནི། འཆི་བ་སྒོམ་པ་དེ་ཆོས་ཀྱི་ཉམས་ལེན་རྒྱུན་སྐྱོང་བྱེད་ཀྱི་ཐབས་ལམ་ནུས་ལྡན་ཞིག་ཡིན། ཆོས་དང་འཇིག་རྟེན་གྱི་འབད་བརྩོན་གང་ལའང་དཀའ་ཁག་ཡོད་ངེས་རེད་ལ། འཆི་བ་སྒོམ་པའི་ནུས་སྟོབས་ཀྱིས་ང་ཚོས་རང་ལ་འཕྲད་སྲིད་པའི་དཀའ་ཁག་ལ་གདོང་ལེན་བྱེད་པའི་རམ་འདེགས་བྱེད། དགེ་མཚན་མཐའ་མ་ནི། འཆི་བ་སྒོམ་པ་དེ་ང་ཚོའི་ཆོས་ཀྱི་ཉམས་ལེན་མཐར་ཕྱིན་པར་བྱེད་པའི་སྐུལ་འདེད་ཅིག་ཡིན། དེའི་ཕྱིར། འཆི་བའི་ཤེས་རྟོགས་ནི་ཆོས་ཉམས་ལེན་གྱི་རིམ་པ་ཐམས་ཅད་ལ་གལ་ཆེན་པོར་གྱུར་ཡོད། ང་ཚོ་ཆོས་ཉམས་སུ་ལེན་མཁན་ཞིག་ཡིན་པའི་ཆ་ནས། སྐྱེ་བ་ཕྱི་མའི་དོན་དག་ལ་སེམས་ཁུར་མང་བ་བྱ། འཁྲུལ་བའི་དབང་དུ་གྱུར་པའི་བསམ་བློ་དང་བྱ་བ་རྣམས་སྤངས་པ་ལ་བརྟེན་ནས། མི་ཚེ་འདི་དོན་དང་ལྡན་པ་ཞིག་བསྐྱལ་ཐུབ་རྒྱུ་རེད།

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

ཕྱོགས་གཅིག་ནས་མའོ་ཙེ་ཏུང་དང་ཧེ་ཊི་ལིར་ལ་བསམ་བློ་ཐོངས། ཕྱོགས་གཞན་ཞིག་ནས་རྗེ་བཙུན་མི་ལ་རས་པ་དང་རྗེ་ཙོང་ཁ་པ་ལྟ་བུའི་འུ་ཅག་གི་དམ་པ་གོང་མ་རྣམས་ལ་བསམ་བློ་ཐོངས་དང་། ཁོ་ཚོ་ཚང་མ་ཚེ་སྲོག་དང་རྣམ་དཔྱོད་ལྡན་པའི་འགྲོ་བ་མི་ཡིན་པའི་ཆ་ནས་གཅིག་པ་རེད་དེ། མའོ་ཙེ་ཏུང་དང་ཧེ་ཊི་ལིར་ལྟ་བུའི་མི་ནི་དེང་སྐབས་མཐོང་ཆུང་གི་ཡུལ་དུ་གྱུར་ཡོད་ལ། ཁོ་ཚོའི་གཏོས་ཆེ་བའི་བྱ་སྤྱོད་ངན་པ་རྣམས་ཧ་ལས་པའི་ཡུལ་དུ་གྱུར་ཡོད། འོན་ཀྱང་། མི་ཚོས་བོད་ཀྱི་རྣལ་འབྱོར་པ་ཆེན་པོ་རྗེ་བཙུན་མི་ལ་རས་པ་དང་། རྗེ་ཙོང་ཁ་པའི་སྐོར་ལ་བསམ་བློ་གཏོང་སྐབས། རང་ལ་ཁོང་རྣམ་པས་སྐུལ་ལྕག་ཐེབས་པའི་རེ་བ་བྱེད་པ་དང་། དེ་དག་ལ་དད་མོས་ཀྱིས་སྐྱབས་སུ་འགྲོ། ཁོ་ཚོར་འགྲོ་བ་མིའི་ནུས་སྟོབས་གཅིག་མཚུངས་སུ་ཡོད་ཀྱང་། ཁོ་ཚོའི་བྱ་སྤྱོད་ལ་བརྟེན་ནས་ང་ཚོས་དེ་དག་ལ་ལྟ་སྟངས་མི་འདྲ་བ་འཛིན་གྱི་ཡོད། མའོ་ཙེ་ཏུང་དང་ཧེ་ཊི་ལིར་གཉིས་ཀྱི་གནས་སྟངས་ལ་མཚོན་ན། འགྲོ་བ་མིའི་རྣམ་དཔྱོད་དེ་གཏོར་བཤིག་གི་ཆེད་དུ་བཀོལ་ཞིང་། རྗེ་མི་ལ་རས་པ་དང་རྗེ་ཙོང་ཁ་པ་གཉིས་ཀྱི་གནས་སྟངས་ལ་མཚོན་ན། འགྲོ་བ་མིའི་རྣམ་དཔྱོད་དེ་ཕན་ནུས་ལྡན་པར་བཀོལ་སྤྱོད་གནང་ཡོད།

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

ཤི་རྗེས་ཅི་ཡང་མེད་པར་ཡིད་ཆེས་བྱེད་མཁན་ཚོར་མཚོན་ན། འཆི་བ་ནི་མི་ཚེའི་ཆ་ཤས་ཤིག་ཏུ་བསམ་བློ་གཏོང་རྒྱུ་སླ་བ་རེད། སྔ་ཕྱི་ཙམ་མ་གཏོགས་ང་ཚོ་ཚང་མས་འཆི་བ་ལ་གདོང་ལེན་བྱ་དགོས། བསམ་བློ་འདིས་ང་ཚོར་མ་མཐའ་ཡང་འཆི་བ་ནི་རྒྱུན་ལྡན་ཞིག་ཏུ་འདོད་པར་གྲོགས་བྱེད་ཅིང་། ང་ཚོས་འཆི་བའི་སྐོར་ལ་བསམ་བློ་གཏོང་བར་ཆེད་དུ་གཡོལ་ནའང་། འཆི་བ་ལ་གཡོལ་མི་ཐུབ། འདི་ལྟ་བུའི་དཀའ་ངལ་ལ་གདོང་ལེན་བྱེད་པར་གདམ་ཀ་གཉིས་ཡོད་པ་ལས། གཅིག་ནི། དེ་ལ་བསམ་བློ་མི་གཏོང་བ་དང་དེ་བློ་ཡུལ་དུ་མི་ལེན་པ་དེ་ཙམ་རེད། འདིས་མ་མཐའ་ཡང་ང་ཚོའི་སེམས་ཞི་འཇམ་དུ་གནས་པར་བྱེད། འོན་ཀྱང་། དཀའ་ངལ་མུ་མཐུད་གནས་ཡོད་སྟབས། འདི་གདམ་ཀ་ཚད་ལྡན་ཞིག་མིན། སྔ་ཕྱི་ཙམ་མ་གཏོགས་ང་ཚོས་འཆི་བ་ལ་གདོང་ལེན་བྱེད་དགོས་པ་རེད། གདམ་ཀ་གཞན་དེ་ནི། དཀའ་ངལ་དེ་ལ་᪠སམ་བློ་ཤུགས་ཆེན་བཏང་ནས་དེ་ལ་གདོང་ལེན་བྱ་རྒྱུ་དེ་རེད། ངོས་ཀྱིས་ངོ་ཤེས་པའི་དམག་མི་འགའ་ཤས་ཀྱིས། དམག་འཁྲུག་ལ་དངོས་སུ་ཞུགས་པ་ལས་མ་ཞུགས་སྔོན་ལ་འཇིགས་སྣང་ཆེ་ཟེར། གལ་སྲིད་ང་ཚོས་འཆི་བའི་སྐོར་ལ་བསམ་གཞིག་བྱས་ན། རང་གི་བསམ་བློ་འཆི་བ་ལ་གོམས་རྒྱུ་རེད་ལ། འཆི་བ་དངོས་སུ་བསླེབ་སྐབས་དངངས་སྐྲག་དང་སེམས་ཁྲལ་ཉུང་རྒྱུ་རེད། དེའི་ཕྱིར། ངོས་ཀྱིས་བལྟས་ན་འཆི་᪠འི་སྐོར་གྱི་སྐད་ཆ་དང་བསམ་གཞིག་ནི་དགོས་ངེས་ཤིག་རེད། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

ཉོན་མོངས་པ་ནི་ཐོག་མ་མེད་པ་ནས་ང་ཚོའི་སེམས་ཁོང་ནས་བདེ་འཇགས་ཀྱིས་གནས་ཏེ་ང་ཚོར་སྡུག་བསྔལ་དང་གནོད་འཚེ་འབའ་ཞིག་སྐྱེལ་གྱི་ཡོད་ལ། ང་ཚོས་ཉོན་མོངས་པ་འདི་དག་དགྲ་བོ་དངོས་གནས་སུ་ངོས་ཟིན་ན། ང་ཚོས་གང་ནུས་ཅི་ལྕོགས་ཀྱིས་དེ་ལ་འཐབ་འཁྲུག་རྒྱག་པའི་མགོ་རྩོམ་ཐུབ། དུས་རབས་བཅུ་གཅིག་པ་དང་བཅུ་གཉིས་པའི་སྐབས་ཀྱི་བོད་ཀྱི་ཉམས་ལེན་པ་ཆེན་མོ་རྣམས་ཏེ། བཀའ་གདམས་པའི་སློབ་དཔོན་རྣམས་ཀྱིས་རྒྱུན་དུ་གསུངས་པ་ལྟར། “གལ་སྲིད་ང་ཚོའི་དགྲ་བོའམ་ཉོན་མོངས་པའི་རྡོག་ཁྲེས་ལྕི་མོ་འདིས་ང་ཚོ་ཡོངས་སུ་གནོན་ཞིང་དབང་དུ་སྡུད་ན་ཡང་། ང་ཚོས་སྒྲུབ་དགོས་པའི་བྱ་བ་གཅིག་རང་ཡོད་པ་ནི།  ཨམ་གཙིགས་བསྡམས་ནས་རང་ཉིད་ཕམ་དུ་མི་འཇུག”པ་དེ་རེད། ཕྱོགས་གཅིག་ནས་ང་ཚོས་ཉོན་མོངས་པ་ལ་སྙིང་ཐག་པ་ནས་སྐྱོན་དུ་ལྟ་བའི་བློ་རྒྱུད་ལ་སྐྱེད་དགོས་ཤིང་། ཕྱོགས་གཞན་ཞིག་ནས་ཇི་སྲིད་ཉོན་མོངས་པའི་དབང་དུ་སོང་བ་དེ་སྲིད་དུ་བདེ་བ་དངོས་གནས་ཤིག་རྙེད་མི་སྲིད་པ་ཤེས་རྟོགས་བྱ་དགོས། ཉོན་མོངས་སྤོང་ཐུབ་མིན་དེ་དྲི་བ་ཞིག་རེད་ལ། འདི་གསལ་པོར་བཟོ་བྱེད་ནི་འཕགས་པའི་བདེན་པ་བཞིའི་གསུམ་པ་སྟེ། སྡུག་བསྔལ་སྤོང་བའི་འགོག་བདེན་དེ་རེད། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

ཕྱོགས་ལྷུང་རྒྱུན་སྲིང་བྱེེད་པ་ལ་རྒྱུ་མཚན་བཙན་པོ་ཞིག་མེད་ལ། སློབ་དཔོན་ཆེན་མོ་གུང་ཐང་གིས་གསུངས་པ་ལྟར། ཐ་ན་ཚེ་འདི་ལ་ཡང་ཆེས་བཟང་བའི་གྲོགས་པོ་ཟེར་བ་དེ་ཚིག་ངན་གཅིག་ལ་བརྟེན་ནས་སྡང་བའི་དགྲ་རུ་འགྱུར་ཞིང་། ཚེ་སྟོད་ལ་གྲོགས་པོ་ཡིན་པའི་མི་དེ་ཚོ་ཚེ་སྨད་ལ་དགྲ་རུ་འགྱུར་སྲིད་པར་མ་ཟད། ཚེ་སྟོད་ལ་དགྲ་བོ་ཡིན་པའི་མི་དེ་ཚོ་ཚེ་སྨད་ལ་གྲོགས་པོར་འགྱུར་བའང་ཡོད་སྲིད། འདི་ནི་ང་ཚོ་ཚང་མ་ལ་ར་འཕྲོད་ཐུབ་པ་ཞིག་རེད། ཕྱོགས་ལྷུང་གི་ལྟ་སྟངས་འདི་ངེས་པར་སྤོང་དགོས་པའི་རྒྱུ་མཚན་ནི། འདིའི་གཞི་རྟེན་ཆགས་ཞེན་དང་ཁོང་ཁྲོ་ཡིན་པས་རེད་ལ། འདིའི་རྟགས་མཚན་གསལ་པོ་ཞིག་ནི། མི་གཞན་གྱི་བྱ་སྤྱོད་འགྱུར་མ་ཐག་ཏུ་ང་ཚོའི་བྱ་སྤྱོད་ཀྱང་འགྱུར་འགྲོ་བ་དེ་རེད་ལ། ཕྱོགས་གཞན་ཞིག་ནས་བཤད་ན། གལ་སྲིད་ང་ཚོར་འགྲོ་བ་གཞན་དག་གི་གནས་སྟངས་ལ་བསམ་བློ་གཏོང་ཞིང་། དེ་དག་གི་ཕྱོགས་ལ་སེམས་ཐག་ཉེ་བའི་ཚོར་བ་ངོ་མ་ཞིག་ཡོད་ཚེ། མི་གཞན་གྱི་ལྟ་སྟངས་འགྱུར་ནའང་། ང་ཚོའི་ལྟ་སྟངས་ནི་སྔར་དང་གཅིག་མཚུངས་སུ་གནས་རྒྱུ་རེད། ང་ཚོས་རང་གི་གྲོགས་པོའམ། ཡང་ན། གཉེན་ཉེ་ཡིན་པའི་མི་ཞིག་གི་སྐོར་བཤད་སྐབས། རྟག་པར“ངའི་གྲོགས་པོ”དང་། “ངའི་གཉེན་ཉེ”ཞེས་ཟེར་ཞིང་། མཛའ་འབྲེལ་ནན་བཤད་བྱེད་པའི་རྒྱུ་མཚན་ནི་ཞེན་ཆགས་ཀྱི་དབང་གིས་རེད།  འདི་ནི་ང་ཚོས་འགོག་སྲུང་བྱེད་དགོས་པའི་ཕྱོགས་ལྷུང་གི་རིགས་ཤིག་རེད། ཇི་སྲིད་ང་ཚོར་འདི་ལྟ་བུའི་ཕྱོགས་ལྷུང་གི་ཚོར་བ་ཡོད་པ་དེ་སྲིད་དུ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་གཅིག་གྱུར་རང་བཞིན་མཐོང་མི་ཐུབ་ལ། རྒྱུ་མཚན་དེ་ལ་བརྟེན་ནས། ཐ་ན་ང་ཚོའི་ཆེས་བཟང་པའི་གྲོགས་པོ་ཡང་སྐྱེ་བ་སྔོན་མ་ཞིག་ལ་ང་ཚོའི་དགྲ་རུ་གྱུར་མྱོང་ཡོད་སྲིད་པའི་བསམ་བློ་གཏོང་དགོས། ང་ཚོའི་རྒྱུད་ལ་འགྲོ་བ་སེམས་ཅན་ཐམས་ཅད་འདྲ་མཉམ་དུ་འཛིན་པའི་ཚོར་བ་སྐྱེས་པ་ན། ང་ཚོས་དེ་དག་གི་བཀའ་དྲིན་རྟོགས་ཐུབ། དེར་བརྟེན། ང་ཚོའི་དགྲ་བོ་ངོ་མ་ནི་ཉོན་མོངས་པ་ཡིན་དགོས་པ་ལས། ང་ཚོའི་ཟླ་གྲོགས་སུ་གྱུར་པའི་འགྲོ་བ་རྣམས་མིན་ལ། ཁོ་ཚོ་ཡང་ཉོན་མོངས་པའི་གཞན་དབང་དུ་གྱུར་ཡོད། སྙིང་རྗེའི་ཉམས་ལེན་ཁྲོད་ཐོག་མར་སྡུག་བསྔལ་གྱི་རིམ་པ་རྣམས་ཞིབ་མོར་རྟོགས་རྒྱུ་གལ་ཆེན་པོ་རེད། ནམ་རྒྱུན་ང་ཚོས་ལུས་སྡུག་བསྔལ་གྱིས་མནར་བའི་མིའམ། ཡང་ན་དབང་པོ་སྐྱོན་ཅན་གྱི་མི་ཚོ་མཐོང་སྐབས། གློ་བུར་དུ་ཁོ་ཚོར་དམིགས་པའི་སྙིང་རྗེ་སྐྱེ་ཡང་། ང་ཚོས་མི་རྒྱུ་ཆེན་ནམ་ཡང་ན་སློབ་སྦྱོང་ཡག་པོ་ཅན་མཐོང་སྐབས། སྙིང་རྗེ་སྐྱེ་རྒྱུའི་ཚབ་ལ་ཕྲག་དོག་དང་འགྲན་སེམས་སྐྱེ་ལ། འདི་ཡིས་གསལ་པོར་མཚོན་པ་ནི། ང་ཚོས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྡུག་བསྔལ་རྟོགས་མེད་སྟབས། ང་ཚོའི་སྙིང་རྗེ་ནི་ཕྱོགས་ལྷུང་ཅན་ཞིག་ཡིན་པ་དེ་རེད། དེའི་ཕྱིར། ང་ཚོའི་སེམས་ནང་དུ་གནས་པའི་ཉོན་མོངས་པ་རྣམས་དགྲ་བོ་དངོས་གནས་སུ་རྟོགས་རྒྱུ་དེ་ཤིན་ཏུ་གལ་ཆེ་ལ། ང་ཚོས་དེ་རྟོགས་པ་ན། ཉོན་མོངས་པའི་དབང་གིས་འགྲོ་བ་གཞན་རྣམས་ཀྱི་སེམས་ནང་ལ་བྱུང་བའི་དཀའ་ངལ་རྣམས་རྟོགས་ཐུབ་རྒྱུ་རེད། སྙིང་རྗེ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱོོགས་ལ་བསྐྱེད་དགོས་ཤིང་། ཚོགས་ཁག་དམིགས་བསལ་བ་ཞིག་གྲོགས་པོའམ་གཉེན་ཉེར་ངོས་འཛིན་པ་དང་། དེ་དག་གི་ཕྱོགས་ལ་སེམས་ཐག་ཆེ་བའི་ཚོར་བ་དམིགས་བསལ་བ་ཞིག་རྒྱུན་སྲིང་བ་ནི། དོན་དངོས་ཐོག་ཆགས་ཞེན་ཡིན་པ་ལས་དོན་དམ་པའི་སྙིང་རྗེ་ཞིག་མིན་ལ། ཐལ་དྲགས་པའི་ཆགས་ཞེན་ལ་བརྟེན་ནས་སྡུག་བསྔལ་འབྱུང་བ་རེད། དེར་བརྟེན། ང་ཚོས་གཞན་ལ་བཏང་སྙོམས་ཀྱི་འདུ་ཤེས་ཤིག་བཟུང་སྟེ། ང་ཚོ་ཕྱོགས་ལྷུང་དང་། ཆགས་ཞེན། ཁོང་ཁྲོའི་ཚོར་བ་བཅས་ལས་ཐར་དགོས། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

གཞན་གྱི་བཀའ་དྲིན་དྲན་པའི་ཐབས་ལམ་དམིགས་བསལ་གཅིག་ནི། འགྲོ་བ་རྣམས་ང་ཚོའི་གཉེན་ཉེར་གྱུར་མྱོང་བའི་རྒྱུ་མཚན་ཙམ་མིན་པར། དེ་དག་ཐད་ཀར་དང་ཐད་ཀར་མ་ཡིན་པའི་ཕྱོགས་མང་པོ་ཞིག་ནས་ང་ཚོ་ལ་བཀའ་དྲིན་ཅན་དུ་བསམ་ཞིབ་བྱ་རྒྱུ་དེ་རེད། འགྲོ་བ་མིའི་འཚོ་གནས་འདི་ལ་བསམ་བློ་བཏང་ན། ང་ཚོ་ཚང་མ་ཕན་ཚུན་དམ་པོར་འབྲེལ་ཡོད་ལ། ང་ཚོས་ཅི་ཞིག་ལོངས་སུ་སྤྱོད་པ་རྣམས་ནི་མི་གཞན་པའི་ངལ་རྩོལ་གྱི་འབྲས་བུ་རེད། ཐོན་སྐྱེད་བྱས་པའི་དངོས་རྫས་རྣམས་བཟོ་གྲྭའི་ནང་གི་ལས་མི་ཚོས་བཟོས་ཤིང་། ཁོ་ཚོའི་ཐོན་རྫས་ཀྱི་ཁྲོད་ལ་བཀོལ་སྤྱོད་བྱས་པའི་ལས་སྣོན་མ་བྱས་པའི་རྒྱུ་ཆ་རྣམས་ནི་མི་གཞན་པས་ས་འོག་ནས་བསྔོགས་པ་རེད། ང་ཚོས་གཞུང་འདི་ལ་ཉན་པ་དང་ཡང་ན་གཞུང་འདི་ཀློག་པའི་སྐབས་ལ་ལོངས་སུ་སྤྱད་བྱའི་མཐུན་རྐྱེན་ཚང་མ་ང་ཚོའི་མཛའ་གྲོགས་སུ་གྱུར་པའི་འགྲོ་བ་གྲངས་མེད་ཀྱིས་བསྐྲུན་པ་རེད་ལ། ཁོ་ཚོའི་ངལ་རྩོལ་ལ་བརྟེན་ནས་ང་ཚོ་སྐྱིད་པོར་སྡོད་ཐུབ། དེ་བཞིན་དུ་ལམ་སྟོན་ཅི་ཡང་མེད་ནའང་། སྐྱབས་མེད་མགོན་མེད་ཀྱི་འགྲོ་བ་གྲངས་མེད་ཅིག་ཡོད་པ་དེ་ཙམ་ལ་བརྟེན་ནས། ང་ཚོས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཐུབ་ཅིང་། ང་ཚོས་སེམས་བསྐྱེད་ཉམས་སུ་ལེན་ཐུབ་པ་ནི། མཛའ་གྲོགས་འགྲོ་བ་གཞན་རྣམས་ཀྱི་བཀའ་དྲིན་ཡིན་ལ། ཐ་ན་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པ་ཡང་ཁོ་ཚོའི་བཀའ་དྲིན་ཉག་གཅིག་ཡིན། ང་ཚོ་དང་འགྲོ་བ་གཞན་རྣམས་གཅིག་མཚུངས་ཡིན་པ་ཙམ་མ་ཡིན་པར། དེ་དག་ང་ཚོ་ལ་བཀའ་དྲིན་ཤིན་ཏུ་ཆེ། དེའི་ཕྱིར། དེ་དག་གི་བཀའ་དྲིན་དྲན་པ་ལ་བརྟེན་ནས་ཁོ་ཚོ་རང་ལ་སྙིང་ཉེ་བ་དང་ཡིད་དུ་འོང་བར་མཐོང་ཐུབ་ལ། འགྲོ་བ་དེ་དག་ཐོག་མཐའ་བར་གསུམ་དུ་ང་ཚོ་ལ་བཀའ་དྲིན་ཇི་ལྟར་ཆེ་བ་རྟོགས་ཐུབ། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

གལ་སྲིད་མི་སྒེར་བ་ཞིག་གིས་བྱམས་བརྩེའི་སྟེང་ནས་གཞན་ལ་འབྲེལ་བ་བྱས་ཚེ། ཕུགས་ལ་མི་དེ་ཏན་ཏན་སྐྱིད་པོ་ཡོང་གི་རེད། མི་དགེ་བའི་བྱ་གཞག་ལ་བརྟེན་ནས་འཕྲལ་གྱི་ཁེ་ཕན་འབྱུང་སྲིད་ཀྱང་། སེམས་ཀྱི་གཏིང་ལ་མ་བདེ་བའི་ཚོར་བ་ཞིག་རྟག་ཏུ་འབྱུང་གི་རེད། བྱམས་བརྩེའི་བསམ་བློ་ནི་ཡ་ལན་མེད་པའི་སྙིང་རྗེའི་ཚོར་བ་ཙམ་ཞིག་ལ་བཤད་ཀྱི་མེད། དེང་དུས་ཀྱི་འགྲན་རྩོད་སྤྱི་ཚོགས་སུ་ང་ཚོས་མཚམས་རེར་རང་གི་ལངས་ཕྱོགས་བརྟན་པོར་འཛིན་དགོས། འོན་ཀྱང་། ང་ཚོར་ལངས་ཕྱོགས་དང་སྙིང་རྗེ་གཉིས་ཀ་ཡོད་ཆོག་ལ། འདི་ལྟར་འཚོ་བའི་མི་ནི་འཆི་བའི་སྐབས་སུ། ཏན་ཏན་འགྱོད་པ་མེད་པར་དགའ་བཞིན་སྤྲོ་བཞིན་དུ་འཆི་རྒྱུ་རེད། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

ངོས་ཀྱིས་རང་གི་ཉིན་རེའི་ཉམས་ལེན་གྱི་ཁྲོད་ནས་གསང་སྔགས་ཀྱི་ཉམས་ལེན་སྣ་ཚོགས་དང་འབྲེལ་བའི་འཆི་བའི་བརྒྱུད་རིམ་ལ་ཉིན་རེར་སྒོམ་ལན་བདུན་ནམ་བརྒྱད་ལ་རྒྱག་གི་ཡོད་ཀྱང་། ངོས་ཀྱིས་རང་ཉིད་འཆི་ཁར་ལས་སླ་བོར་དྲན་རྒྱུ་དེ་བྱང་ཆུབ་ཀྱི་སེམས་ཡིན་པར་ཡིད་ཆེས་རྙེད་ཡོད། ངོས་ལ་དོན་དམ་པར་གོམས་འདྲིས་ཡོད་པའི་བསམ་བློ་དེ་འདི་ཡིན། ད་དུང་འཆི་བ་སྒོམ་པ་ནི་རང་ཉིད་ཀྱི་འཆི་བ་ལ་གྲ་སྒྲིག་ཅིག་ཡིན་པའང་སྨོས་མེད་ཡིན་པས། ད་ནས་བཟུང་འཆི་བ་ལ་སེམས་ཁྲལ་བྱེད་དགོས་དོན་མེད། ངོས་ལ་འཆི་བར་དངོས་སུ་གདོང་ལེན་བྱེད་པའི་གྲ་སྒྲིག་ད་དུང་མེད་ཀྱང་། མཚམས་མཚམས་ལ་འཆི་བ་དངོས་སུ་བསླེབ་སྐབས་གདོང་ལེན་ཇི་ལྟར་བྱེད་མིན་ལ་བསམ་བློ་གཏོང་གི་ཡོད་ལ། ངོས་རང་ཚེ་རིང་པོར་བསྡད་ན། གྲུབ་འབྲས་འདི་ལས་མང་བ་ཞིག་ཐོན་ཐུབ་པའི་ཆོད་སེམས་ཡོད། ངོས་ཀྱི་གསོན་འདོད་ཀྱི་བསམ་བློ་དང་འཆི་བར་གདོང་ལེན་བྱེད་པའི་སྤྲོ་སྣང་གཉིས་དོ་མཉམ་ཡིན། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

ཅ་དངོས་ལྟ་བུར་མཚོན་ན།  སྔར་གྱི་གྱོན་ཆས་དང་དངོས་པོའི་རིགས་རྣམས་དུས་ཚོད་དང་བསྟུན་ཏེ་འགྱུར་བ་འགྲོ་བཞིན་ཡོད།  སྔར་ཡིན་ན་རང་རེས་རྟ་དྲེལ་བུང་བུ་དེད་ནས་འགྲོ་བཞིན་ཡོད་ཀྱང་དེང་སང་རླངས་འཁོར་གསར་དུ་ཐོན་ཏེ་སྔར་གྱི་འགྲོ་སྟངས་ལ་རང་བཞིན་གྱིས་འགྱུར་བ་ཐེབས་ཡོད། དེ་མཚུངས་ཆོས་དེ་ཡང་སྔར་དེའི་ཚེ་དེའི་དུས་འབྲེལ་བ་ཡོད་ཀྱང་དེང་སང་འབྲེལ་བ་ཡོད་མེད་སྐོར་ངེས་པར་དུ་བསམ་བློ་གཏོང་དགོས།  སོ་སོའི་ཕ་མེས་ནས་ཆོས་བྱེད་ཀྱི་ཡོད་པའི་ལམ་དང་ལུགས་སྲོལ་ལྟ་བུ་དེད་ནས་ཕྱིན་ཚེ་དེར་དོན་སྙིང་ཡོད་པར་མཐོང་མི་ནུས།  ཆོས་དེ་ད་ལྟ་དུས་རབས་ཉེར་གཅིག་པའི་ནང་འབྲེལ་བ་ཡོད་པ་ཞིག་ཡིན་ན་ངེས་པར་དུ་དོ་སྣང་བྱེད་དགོས། 

 ཕྱི་ལོ་༢༠༡༨ ཟླ་༧ ཚེས་༡༦ ཉིན་ལ་དྭགས་ནུབ་རའི་བསམ་གཏན་གླིང་དགོན་པའི་ཆོས་རར་སྩལ་བའི་ལམ་གཙོའི་བཀའ་ཁྲིད་ལས་བཏུས།

སངས་རྒྱས་པའི་ཆོས་ཀྱིས་སྙིང་རྗེས་གང་འབྲལ་བར་འདོད་པའི་སྡུག་བསྔལ་ལ་རྣམ་གྲངས་གསུམ་གསུངས་པ་ཧ་ཅང་ཁྱབ་ཆེན་པོ་ཡིན།  སྤྱིར་སྙིང་རྗེའི་བསམ་པ་ཕལ་མོ་ཆེ་ཚོར་བ་སྡུག་བསྔལ་གྱི་རིགས་རྣམས་སྡུག་བསྔལ་དུ་མཐོང་སྟེ་དེ་ལས་འབྲལ་འདོད་ཀྱི་རྣམ་པ་ཅན་ཡིན་མོད་ཀྱང་། སངས་རྒྱས་ཀྱིས་གསུངས་པའི་སྙིང་རྗེ་དེ་འདུ་བྱེད་ཀྱི་སྡུག་བསྔལ་སྡུག་བསྔལ་དུ་མཐོང་སྟེ་དེ་ལས་ཐར་འདོད་ཀྱི་རྣམ་པ་ཅན་ཞིག་ལ་གོ་བས་ཤིན་ཏུ་ཟབ་པ་ཡིན།  འདུ་བྱེད་ཀྱི་སྡུག་བསྔལ་སྤངས་པའི་བྲལ་བའི་ཡོན་ཏན་མཐོང་བའི་ཚེ་དེ་ལྟ་བུའི་བྲལ་བའི་ཡོན་ཏན་མངོན་དུ་བྱ་རྒྱུ་ཡོད་བཞིན་དུ་དེ་ལྟར་བྱ་མི་ནུས་པར་སྡུག་བསྔལ་གྱི་གཞན་དབང་དུ་སོང་བ་འདི་ཅི་རང་དྲག་སྙམ་དུ་མི་བཟོད་པའི་བརྩེ་བ་རང་གི་ངང་གིས་སྐྱེ་འོང་བ་ཡིན།  

སྤྱིར་སྙིང་རྗེ་ཙམ་སེམས་ཅན་ཕལ་མོ་ཆེའི་རྒྱུད་ལ་ཡོད་ཅེས་བརྗོད་ནུས། རྒྱུ་མཚན་ནི། སེམས་ཅན་ཡིན་ནོ་ཅོག་ལ་སྡུག་བསྔལ་མི་འདོད་པའི་བློ་རང་ཆས་སུ་ཡོད། དེའི་ཆ་ནས་རང་དང་སྙིང་ཉེ་བའི་ཡུལ་ལ་དམིགས་ནས་སྡུག་བསྔལ་དང་བྲལ་ན་སྙམ་པའི་བློ་ཞིག་ཕལ་ཆེར་སེམས་ཅན་ཀུན་ལ་ཡོང་ཆོག་པ་ཡིན། ལྷག་པར་དུ་མི་ལ་སོགས་པ་མངལ་སྐྱེས་དང་སྒོང་སྐྱེས་ཀྱི་རིགས་རྣམས་ཕལ་མོ་ཆེ་ཆུང་དུས་མ་ཡིས་གསོས་པ་ལས་འཚར་དགོས་པ་འབའ་ཞིག་ཡིན་པས་མའི་ངོས་ནས་བརྩེ་བ་མེད་པར་བུ་ཕྲུག་གསོ་བའི་དོན་དུ་དཀའ་སྤྱད་ལྷུར་ལེན་པ་མི་འོང་ལ། བུ་ཕྲུག་གི་ངོས་ནས་ཀྱང་མ་ལ་བརྩེ་བ་མེད་པར་བུ་ཕྲུག་གསོ་བའི་དོན་དུ་དཀའ་སྤྱད་ལྷུར་ལེན་པ་མི་འོང་ལ། བུ་ཕྲུག་གི་ངོས་ནས་ཀྱང་མ་ལ་བརྩེ་བ་མེད་ན་མ་ལ་བློ་གཏད་བཅོལ་ཏེ་སྙིང་ཉེ་བའི་འདུ་ཤེས་མི་འབྱུང་།   དེའི་ཕྱིར་མ་བུ་གཉིས་ནང་བསམ་བློའི་ཐོག་ནས་ཕན་ཚུན་བརྩེ་བའི་བློ་ཡོད་པས་མའི་ནུ་ཞོར་བརྟེན་ནས་འཚོ་བ་དེ་ཡོང་གི་ཡོད། བྱ་དང་བྱེའུ་ལ་སོགས་པ་སྒོང་སྐྱེས་ཀྱི་རིགས་རྣམས་ཀྱང་མས་རྒུམ་འབུ་སྒྲུག་པ་སོགས་དཀའ་སྤྱད་ཧ་ཅང་ཆེན་པོ་དང་དུ་བླངས་ཏེ་བུ་ཕྲུག་གསོ་བཞིན་ཡོད། དེར་བརྟེན་སེམས་ཅན་དེ་དག་ལ་ཕུང་པོའི་གྲུབ་ཆ་དང་འབྲེལ་བའི་བརྩེ་བ་ངེས་པར་དུ་ཡོང་གི་ཡོད། འོན་ཀྱང་བརྩེ་བ་དེ་དག་འདོད་ཆགས་དང་འབྲེལ་ཞིང་ཕྱོགས་སུ་ལྷུང་བའི་བརྩེ་བ་ཚད་ཅན་ཞིག་ཡིན། ཚད་ཅན་ཞེས་པ་སྡུག་བསྔལ་དང་འབྲལ་འདོད་ཀྱི་བློ་དེ་གཉེན་ཉེ་དུ་ལ་སོགས་པའི་སེམས་ཅན་གང་འཚམ་གྱི་རིགས་ལ་དམིགས་ནུས་པ་མ་གཏོགས་མཐའ་ཡས་པའི་སེམས་ཅན་ལ་དམིགས་མི་ནུས་པའི་ཆ་ནས་བརྗོད། ཕྱོགས་སུ་ལྷུང་བའི་ཚད་ཅན་གྱི་བརྩེ་བ་དེ་ཉིད་ས་བོན་གྱི་ཚུལ་དུ་བྱས་ཏེ་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དམ་ཤེས་རབ་ཀྱིས་གྲོགས་བྱས་པ་ལས་ཕྱོགས་སུ་མ་ལྷུང་ཞིང་མཐའ་དང་ཚད་མེད་པའི་བརྩེ་བའི་ངོ་བོར་བསྒྱུར་ཐུབ་པ་ཞིག་ཡོང་བ་ཡིན། སྤྱིར་སྙིང་རྗེའི་བསམ་པ་ཙམ་འཇིག་རྟེན་བཀོད་པ་པོ་འདོད་མི་འདོད་ཀྱི་ཆོས་ལུགས་ཡོངས་ཀྱིས་གསུང་བཞིན་ཡོད་ཅིང་། སེམས་ལྡན་མཐའ་དག་གི་དགའ་མོས་བྱ་ས་ཞིག་ཡིན། དེར་བརྟེན་སྙིང་རྗེ་དེ་ཉིད་གོང་འཕེལ་དུ་གཏོང་ཚུལ་ལ། འཇིག་རྟེན་བཀོད་པ་པོ་འདོད་པ་དང་།   མི་འདོད་པའི་ཆོས་ལུགས་དང་། ཡང་ཆོས་ལུགས་གང་ལ་ཡང་མ་བརྟེན་པར་གོང་འཕེལ་དུ་གཏོང་བའི་ཐབས་ལམ་མི་འདྲ་བ་གསུམ་འཇོག་ཆོག་པ་ཡིན།

ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༢༢ ནས་༢༦ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སོག་ཡུལ་དགའ་ལྡན་ཐེག་ཆེན་ཆོས་གླིང་གི་འདུས་སྤྱི་ནས་གསོལ་བ་བཏབ་་ལྟར། བླ་ཕྱག་སྦྲགས་མ་དང་འཇིགས་བྱེད་བཅུ་གསུམ་མའི་བཀའ་དབང་གི་སྔོན་འགྲོར་ལམ་གཙོ་རྣམ་གསུམ་གྱི་བཀའ་ཁྲིད་སྩལ་བ་ལས་བཏུས།

ཆགས་པ་ཞེས་པ་ཡིད་དུ་འོང་བའི་ཡུལ་དང་དུ་ལེན་པའི་ཞེན་པ་ཞིག་ལ་གོ་ཞིང་།  ཞེ་སྡང་ཞེས་པ་ཡིད་དུ་མི་འོང་བའི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པའི་སྒོ་ནས་སྡང་བའམ་ཐག་བསྲིང་བའི་བློ་ཞིག་ལ་གོ་དགོས།  ཡིད་དུ་འོང་མི་འོང་ཞེས་པ་ཡང་བདག་གམ་རང་ལ་ལྟོས་ནས་འཇོག་པ་ཡིན། དེ་ཡང་ང་ལ་ཡིད་དུ་འོང་བར་སྣང་ཞེས་ཆགས་པ་དང་ཡིད་དུ་མི་འོང་བར་སྣང་ཞེས་སྡང་བར་བྱེད་པ་ཡིན། དེར་བརྟེན་ངའོ་སྙམ་པའི་བློ་དང་མ་འབྲེལ་བར་ཡིད་དུ་འོང་མི་འོང་འཇོག་སྟངས་མེད། དེ་ལྟ་བུའི་ང་དེར་དམིགས་པའི་ངར་འཛིན་ཨ་འཐས་ཇི་ཙམ་ཤུགས་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་ང་སྣང་བའི་ཡུལ་ཡིད་དུ་འོང་བ་ལ་ཆགས་པ་དང་། ང་སྣང་བའི་ཡུལ་ཡིད་དུ་མི་འོང་བ་ལ་སྡང་བ་སྐྱེ་བ་ཡིན། དེས་ན་སངས་རྒྱས་པས་ཆགས་སྡང་གི་བློ་སྤོང་བ་ལ་ཆགས་སྡང་གང་ལ་བརྟེན་ནས་འབྱུང་བའི་གཞིའམ་རྩ་བ་བདག་ཏུ་འཛིན་པའི་བློ་སྤང་དགོས་པར་གསུངས་ཏེ་བདག་མེད་པའི་ཆོས་ཚུལ་གསུངས།