ལེགས་བཤད་གཅེས་བཏུས།

བར་སྐབས་ཀྱི་སྤྱི་ཚོགས་ནང་གཞི་རྩ་ནས་བཅོས་སྒྱུར་གཏོང་དགོས་པར་བསམ་མཁན་མང་པོ་ཞིག་གི་ངོར། རྒྱུ་མཚན་གྱི་ཐོག་ནས་དཔྱད་པ་བྱ་རྒྱུ་རང་ལུགས་སུ་བསྟེན་དུས་ཆོས་དད་འགོག་རྒྱུ་དེ་སླེབས་བསྡད་ཀྱི་ཡོད། ཆོས་ལ་ངོ་རྒོལ་ཤུགས་ཆེ་བྱེད་པའི་ཕ་རན་སིའི་གསར་བརྗེ་ནི་དཔེ་མཚོན་གསལ་པོ་ཞིག་ཡིན། གསར་བརྗེ་དེས་ཡུ་རོབ་མུན་སེལ་གྱི་ཐད་བསམ་ཚུལ་གསར་པ་མང་པོ་ཞིག་བྱིན་ཡོད། ཆོས་ལ་དགག་བྱ་བྱེད་པ་དེར་སྤྱི་ཚོགས་ཀྱི་གལ་ཆེའི་ཁྱད་ཆོས་ཤིག་ཀྱང་ལྡན་པ་སྨོས་མི་དགོས། ཆོས་ལུགས་ནི་རྙིང་ཞེན་ཅན་དང་། སྲོལ་རྒྱུན་གྱིས་བཅིངས་པ། ལམ་སྲོལ་རྙིང་པ་དང་དེ་དག་གི་ཉེས་སྐྱོན་ཀུན་གྱི་རྐྱེན་རྩ་ཡིན་པར་བརྩི་བཞིན་ཡོད། མི་ལོ་ཉིས་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་འདིའི་ཤུལ་དུ། ནུབ་ཕྱོགས་སུ་དབང་ཤུགས་ཆེ་ཤོས་ཀྱི་བསམ་ཡོད་ཅན་གྱི་མི་སྣ་དང་བཅོས་སྒྱུར་བྱེད་པོ་མང་པོ་ཞིག་གིས་ཆོས་ལུགས་ནི། འགྲོ་བ་མིའི་ཐར་པའི་ལམ་ཞིག་ཏུ་མ་བརྩིས་པར་འཕེལ་རྒྱས་ཀྱི་འགོག་རྐྱེན་ཞིག་ཏུ་བལྟས་ཡོད་པ་ལྟ་བུར་སྣང་། དུས་རབས་ཉི་ཤུ་པའི་ནང་། ཆོས་དང་མ་འབྲེལ་བའི་ལྟ་བ་ཤུགས་ཆེ་ལྡན་པའི་མ་ཁེ་སིའི་རིང་ལུགས་ཀྱིས་ཆོས་ནི་དུག་རེད་ཅེས་ཡོངས་གྲགས་སུ་སྐྱོན་བརྗོད་ཀྱང་བྱས། དེ་ཡ་ང་བའི་མཇུག་འབྲས་སུ། དམར་པོའི་སྲིད་གཞུང་དེ་དག་གིས་དཔུང་ཤུགས་ཆེན་པོས་འཛམ་གླིང་གི་ཡུལ་གྲུ་གང་སར་ཆོས་ལུགས་ཐོག་བཙན་གནོན་བཏང་ཡོད། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པ་ལས་བཏུས། 

བདེ་སྐྱིད་ནི་ཚན་རིག་གིས་བཟོ་སྐྲུན་བྱས་པའི་དངོས་པོ་དེ་དག་ལ་བརྟེན་ནས་སྒྲུབ་ཐུབ་པར་ཆ་འཇོག་བྱེད་ཀྱི་ཡོད་པའང་ཧང་སངས་དགོས་དོན་མེད།  ཚན་རིག་གི་དུས་སྐབས་ཤིག་གི་ནང་།  ནང་སེམས་ཀྱི་རིན་ཐང་དང་བཟང་སྤྱོད་ལྡན་པའི་མི་ཚེ་དགོས་པའི་སྒྲུབ་བྱེད་འཕེར་ཤོས་ནི། ཚན་རིག་གི་ཐོག་ནས་འགྲེལ་བརྗོད་ཆ་ཚང་བ་ཞིག་བྱ་རྒྱུ་དེ་ཤིན་ཏུ་འོས་པར་སྣང་། ཚན་རིག་གི་ཞིབ་འཇུག་རྐྱང་རྐྱང་གཞི་ལ་བཞག་ནས་དེ་ལྟར་བྱ་རྒྱུ་ད་དུང་མི་ཐུབ་པ་ཞིག་ཡིན་ཀྱང། དུས་ཚོད་དང་མཉམ་དུ་ནང་སེམས་ཀྱི་རིན་ཐང་ཐད་ཚན་རིག་གི་སྒྲུབ་བྱེད་བརྟན་པོ་ཞིག་རིམ་པས་ཐོན་སྲིད་པར་ངོས་ལ་ཡིད་ཆེས་ཡོད།

                                                          ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པ་ལས་བཏུས། 

ང་ཚོས་རང་གི་བདེ་སྐྱིད་དང་སྡུག་བསྔལ་རྣམས་རང་ཉིད་ཀྱི་བྱ་བའི་མཇུག་འབྲས་ཡིན་པ་རྟོགས་ཐུབ། དེ་བཞིན་དུ་ང་ཚོའི་བདེ་སྡུག་གི་མྱོང་བ་ཕལ་ཆེ་བའི་ཁྲོད་ལ་གང་ཟག་གཞན་རྣམས་ཀྱང་ཚུད་ཡོད། གལ་སྲིད་ང་ཚོས་གཞན་ཡལ་བར་དོར་ཚེ། རང་ཉིད་ཀྱི་དོན་མི་འགྲུབ་ལ། གཞན་ལ་གཅེས་སྐྱོང་བྱས་ཚེ། རང་ལའང་ཁེ་ཕན་ཡོད། མན་ངག་འདི་དག་གི་གཞི་འཛིན་ས་ནི་རྟེན་འབྲེལ་ཡིན་པས། ནང་པའི་ཚེ་སྲོག་གི་ལྟ་ཚུལ་ཧྲིལ་པོ་རྟེན་འབྲེལ་གྱི་ལྟ་བ་ལ་ཐུག་ཡོད། གཞན་ལ་གནོད་འཚེ་མི་བྱེད་པའི་འཚེ་མེད་ཀྱི་སྤྱོད་པ་དང་། བདག་མེད་ཀྱི་ལྟ་བ། དེ་དག་དང་འབྲེལ་བའི་སྒོམ་གྱི་ཉམས་ལེན་ཐམས་ཅད་ཀྱིས་རྟེན་འབྲེལ་གྱི་རིགས་པ་རྒྱབ་རྟེན་དུ་བཟུང་ཡོད།

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

དགྲ་ཕྱོགས་ལ་བྱམས་སྙིང་རྗེ་སྒོམ་པ་ནི། ཡུར་བའི་ནང་གི་རྒྱུག་ཆུ་འགོག་བྱེད་ཀྱི་རྡོ་ཆེན་ཞིག་ཕར་བསལ་བ་དང་འདྲ། རྡོ་དེ་ཕར་བསལ་མ་ཐག་ཏུ་ཆུ་དེ་གློ་བུར་དུ་བཞུར་མགོ་རྩོམ། དཔེ་དེ་བཞིན་དུ། ང་ཚོས་དགྲ་བོའི་ཕྱོགས་ལ་བྱམས་སྙིང་རྗེ་སྒོམ་ནུས་མ་ཐག་ཏུ། བློ་དེ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱོགས་ལའང་ལས་སླ་བོར་སྒོམ་ཐུབ། དེས་ན། ང་ཚོས་རང་གི་དགྲ་བོ་དེ་བཟོད་པའི་ཉམས་ལེན་གྱི་རྒྱུ་གལ་ཆེན་དུ་མཐོང་ཐུབ་པར་མ་ཟད། དགྲ་བོའི་ཕྱོགས་ལ་གཞན་ལས་ཀྱང་སྙིང་རྗེ་ཤུགས་དྲག་ཅིག་བསྐྱེད་ཐུབ་ཚེ། དེ་ནི་ང་ཚོའི་ཉམས་ལེན་ལེགས་འགྲུབ་བྱུང་བའི་མཚོན་རྟགས་ཡིན། 

ངར་འཛིན་གྱི་བློ་དེ་སྐྱེས་བུ་དམ་པ་ཞིག་ཡིན་པ་ལྟར་ང་ཚོས་མུ་མཐུད་ནས་དེ་ལ་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་ལ། དགའ་བཞིན་སྤྲོ་བཞིན་དུ་བློ་དེ་རང་གི་སེམས་ལ་གནས་སུ་འཇུག །དེ་ལ་བརྟེན་ནས་བྱུང་བའི་ང་ཚོའི་གནས་སྟངས་ལ་ལྟོས་དང་། སངས་རྒྱས་ཀྱིས་གཟིགས་པའི་ཆེས་འཇིགས་སུ་རུང་བའི་དགྲ་བོ་ནི་རང་གཅེས་འཛིན་གྱི་བློ་ཡིན་ལ། ཁོང་རྣམས་ཀྱིས་དེ་ལ་འཐབ་འཛིང་བྱས་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ཡོད། བཀའ་གདམས་པའི་དགེ་བཤེས་འགས། “ཉོན་མོངས་པའི་སྟོབས་ཀྱིས་ངའི་ལུས་ཡོངས་རྫོགས་བཙིར་ཡང་། ངས་དེ་ལ་སོ་བཏབ་ནས་ཚལ་བར་གཏོང་ཐབས་བྱ་རྒྱུ་ཡིན།” ཞེས་གསུངས་ནས་རང་གཅེས་འཛིན་གྱི་བློ་ལ་གཉེན་པོ་བསྟེན་གྱི་ཡོད། ད་དུང་ཁོང་ཚོས། “ད་ནི་ངས་རང་ལ་སྡུག་བསྔལ་ཤིན་ཏུ་མང་པོ་འཁུར་ཡོང་མཁན་དེ་རང་གཅེས་འཛིན་གྱི་བློ་ཁྱོད་ཡིན་པ་ཤེས་ཡོད། འདི་འདོར་རྒྱུ་ཡིན”ཞེས་གསུངས་ཡོད། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

གལ་ཏེ་ང་ཚོས་རང་ཉིད་གཙིགས་སུ་བཟུང་ནས་ཆེས་མཐོ་བའི་གོ་ས་ཞིག་འཛིན་འདོད་སྐྱེ་ཚེ། ཚེ་འདི་ལ་དགྲ་བོ་མང་དུ་འབྱུང་ཞིང་། གཞན་གྱིས་ང་ཚོའི་སྐོར་ལ་ངན་བཤད་བྱེད་པ་དང་། ང་ཚོའི་ཉེ་འཁོར་ལ་སྡང་སེམས་ཀྱིས་ཁེངས་རྒྱུ་རེད་ལ། སྐྱེ་བ་ཕྱི་མར་ང་ཚོ་གླེན་པ་དབང་རྟུལ་ཞིག་ཏུ་སྐྱེ་རྒྱུ་རེད། འོན་ཀྱང་། དེ་ལས་ལྡོག་སྟེ་ང་ཚོས་ཉམ་ཆུང་གིས་དམན་ས་བཟུང་ཚེ། ཚེ་འདི་ལ་གཞན་གྱིས་གུས་བཀུར་བྱེད་ཀྱི་རེད། མཚམས་རེར་ལེགས་འགྲུབ་འབྱུང་མཁན་རྣམས་གཞན་ལ་དབང་ཡོད་བྱེད་མཁན་ཞིག་ཡིན་པའི་ཟོལ་ཡོད། འདི་ནི་ཕལ་ཆེར་ཆབ་སྲིད་པ་རྣམས་རེད། ཁོ་ཚོའི་བྱེད་སྟངས་ནི་འོས་བསྡུའི་ལས་འགུལ་གྱི་སྐབས་སུ་རྫིག་ཉམས་བསྟན་ནས་དེ་བསྒྲུབ་རྒྱུ་ཡིན། འདི་བྱ་རྒྱུ་ཡིན་ཟེར་ནས་ཁས་ལེན་མང་ཐག་ཆོད་ཅིག་བྱེད། འོན་ཀྱང་། དེ་ནི་སྲིད་དོན་གྱི་ཁོར་ཡུག་ཧྲིལ་པོ་རྫོད་བྱེད་ཀྱི་རྫུན་གཏམ་རང་དགར་བཤད་པ་ལྟ་བུ་ཞིག་རེད། གལ་སྲིད་ང་ཚོས་རང་ཉིད་དམའ་སར་བཞག་ཅིང་གཞན་མཆོག་ཏུ་བཟུང་ཚེ། ཚེ་འདིར་སྐྱིད་པོ་འབྱུང་ལ། སྐྱེ་བ་ཕྱི་མར་ཡང་བདེ་སྐྱིད་དང་ཞི་བདེ་འབྱུང་གི་རེད། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

སྤྱི་ཚོགས་ཀྱི་ཁྲོད་ལ་འཆམ་མཐུན་མེད་སྐབས། འགྲོ་བ་སེམས་ཅན་ལ་ཁམས་མི་འདྲ་བ་དང་། བསམ་བློ་གཏོང་སྟངས་མི་འདྲ་བ། མཐོང་ཚུལ་མི་འདྲ་བ་བཅས་ཡོད་པ་དྲན་པར་བྱོས། འདི་ནི་ཆོས་ཉིད་ཅིག་རེད། གལ་སྲིད་ང་ཚོར་ཟིང་ཆ་དང་། རྙོག་གྲ། བར་ཆད་བཅས་འབྱུང་སྐབས། དེ་ནི་རང་ཉིད་ཀྱི་བྱས་འབྲས་ཤིག་ཏུ་ལྟ་ཐུབ་དགོས། དེ་ལྟར་བྱས་ནས་ཞེ་འཁོན་མེད་པར་བྱོས། དེའི་ཚབ་ཏུ་བྱམས་སྙིང་རྗེ་སྒོམས། འདི་ནི་རང་ཉིད་ཀྱིས་དགེ་བའི་ལས་གསོག་པ་ལ་རིག་པ་སྒྲིམ་སྟངས་ཤིག་རེད། དཔེར་ན། གལ་སྲིད་མི་ཞིག་གི་ཁང་པ་མེ་ལ་ཤོར་ནས་ས་ཆ་གཞན་ཞིག་ལ་གནས་སྤར་དགོས་བྱུང་བ་དང་། ཉམས་མྱོང་འདི་ལ་བརྟེན་ནས་མི་དེ་གཞུག་ཕྱོགས་མེར་འབར་རུང་གི་དངོས་པོ་ཐམས་ཅད་དང་ཁ་འབྲལ་བ་ལྟ་བུ་རེད། དེ་བཞིན་དུ་ང་ཚོའི་འདོད་ཆགས་དང་འབྲེལ་ནས་ཞེ་སྡང་གི་མེ་འབར་སྐབས། ང་ཚོའི་དགེ་བའང་མེར་འཚིག་ཉེན་ཡོད་པས། ང་ཚོ་ཆགས་པའི་ཡུལ་དེ་དང་འབྲལ་དགོས། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

འདོད་པའི་ཁྲོད་ཀྱི་ཤུགས་དྲགས་ཆེ་ཤོས་གཅིག་ནི་འཁྲིག་སྤྱོད་ཀྱི་འདོད་པ་ཡིན། ཁྱོད་ཀྱིས་འཁྲིག་སྤྱོད་ཀྱི་འཐམ་འཁྱུད་བྱེད་སྐབས། འཐམ་འཁྱུད་བྱེད་བཞིན་པའི་ཡུལ་དེ་ནི་ཤ་དང་ལྤགས་པས་བཏུམས་པའི་རུས་སྒྲོམ་ཞིག་ལས་ཅི་ཡང་མིན་ལ། དེ་ལས་ལྷག་པའི་སྙིང་པོ་ཅི་ཡང་མེད། ང་ཚོས་མིའི་རྣམ་པའི་ཁྲོད་ནས་མཐོང་བའི་སྣང་ཚུལ་གྱི་མཛེས་པ་རྣམས་ནི་དེའི་རང་ངོས་ནས་ཡོད་པ་ཞིག་མིན་ལ། མི་དེ་ལ་ཐོག་མ་ནས་ཡོད་པ་ཞིག་ཀྱང་མིན། མིའི་རུས་སྒྲོམ་ལ་འགུལ་སྐྱོད་མེད་ནའང་། དེས་ང་ཚོར་འཇིགས་སྣང་སྐྱེ་རུ་འཇུག་ན། འདི་གསོན་པོར་གནས་པའི་སྐབས་སུ་དེས་ང་ཚོར་འཇིགས་སྣང་མི་བསྐྱེད་དོན་ཅི་རེད། དེ་ལྟ་བུའི་གཟུགས་མི་སྡུག་པ་དེས་ཡིད་འཕྲོག་རྒྱུའི་ཚབ་ལ། ང་ཚོས་རྟག་བརྟན་གྱི་ཞི་བ་མྱང་འདས་ལ་དོ་སྣང་ཅིའི་ཕྱིར་མི་བྱེད་པ་རེད། 

གཞན་གྱི་ལུས་ཕུང་བཙོག་པོར་ངོས་མ་ཟིན་པ་དེ་ཧང་སངས་རྒྱུ་མི་འདུག་ཀྱང་། རང་ཉིད་ཀྱི་ལུས་བཙོག་པོར་མ་མཐོང་བ་ནི་ཡ་མཚན་རེད། ང་ཚོས་སྤྲིན་གསེབ་ནས་ཉི་འོད་འཕྲོ་སྐབས་ཁ་འབྱེད་ཅིང་མཛེས་སྡུག་ལྡན་པའི་གསར་བཞད་ཀྱི་མེ་ཏོག་པདྨ་རྣམས་ལས། མིའི་ལུས་ཕུང་ལ་དགའ་བོ་བྱེད་པའི་རྒྱུ་མཚན་ཅི་ཡིན། ང་ཚོས་མི་གཙང་བས་སྦགས་པའི་ས་ཆ་ལ་མི་ཐུག་པར་ཕྱིར་ནུར་བྱེད་ན། མི་གཙང་བ་དེ་སྐྲུན་བྱེད་ཀྱི་ལུས་ལ་ཐུག་པར་དགའ་བོ་བྱེད་དོན་ཅི་རེད། ང་ཚོས་ལྕི་བའི་ནང་ནས་རང་བྱུང་གིས་འབྱུང་བའི་སྲིན་འབུ་དང་ཤ་འབུ་རྣམས་ལ་དགའ་བོ་མི་བྱེད་པར། མི་གཙང་བའི་རང་བཞིན་གྱི་མི་ལུས་ལ་དགའ་བོ་བྱེད་དོན་ཅི་རེད། 

ང་ཚོས་རང་ཉིད་ཀྱི་ལུས་ཕུང་བཙོག་པོར་མི་མཐོང་བར་མ་ཟད། གཞན་གྱི་ལུས་མི་གཙང་བའང་ཡིད་འོང་དུ་མཐོང་། ཐ་ན་ཤིང་ཏོག་དང་སྔོ་ཚལ་སོགས་ལྟོས་འཇོག་གིས་གཙང་མ་ཡིན་པའི་དངོས་པོ་ཡིད་དུ་འོང་བ་རྣམས་ཀྱང་ང་ཚོའི་ཁ་ནང་ལ་བཞག་པའི་སྐད་ཅིག་མ་དེ་ནས་མི་གཙང་བར་འགྱུར་འགྲོ་ལ། དེ་དག་ཕྱིར་སྐྱུག་ན་ས་གཞི་བཙོག་པ་བཟོ། འདི་དག་ནི་ང་ཚོའི་ལུས་མི་གཙང་བ་ཡིན་ཚུལ་གྱི་མཚོན་བྱེད་འགའ་རེད། གལ་སྲིད་ང་ཚོས་ད་དུང་ཡང་རང་གི་ལུས་ཕུང་མི་གཙང་བར་མ་མཐོང་ན། དུར་ཁྲོད་ལ་སོང་ནས་ཤི་བའི་རོ་ལ་ཞིབ་རྟོག་བྱོས། ཤི་རོའི་ལྤགས་པ་ལ་ཐུག་པར་འཇིགས་སྣང་གི་ཚོར་བ་འབྱུང་ན། རོ་དེ་དང་གཅིག་མཚུངས་ཡིན་པའི་ལུས་ལ་ཅིའི་ཕྱིར་རག་འདོད་སྐྱེ་བ་རེད། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

དགྲ་ཕྱོགས་ལ་བྱམས་སྙིང་རྗེ་སྒོམ་པ་ནི། ཡུར་བའི་ནང་གི་རྒྱུག་ཆུ་འགོག་བྱེད་ཀྱི་རྡོ་ཆེན་ཞིག་ཕར་བསལ་བ་དང་འདྲ། རྡོ་དེ་ཕར་བསལ་མ་ཐག་ཏུ་ཆུ་དེ་གློ་བུར་དུ་བཞུར་མགོ་རྩོམ། དཔེ་དེ་བཞིན་དུ། ང་ཚོས་དགྲ་བོའི་ཕྱོགས་ལ་བྱམས་སྙིང་རྗེ་སྒོམ་ནུས་མ་ཐག་ཏུ། བློ་དེ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱོགས་ལའང་ལས་སླ་བོར་སྒོམ་ཐུབ། དེས་ན། ང་ཚོས་རང་གི་དགྲ་བོ་དེ་བཟོད་པའི་ཉམས་ལེན་གྱི་རྒྱུ་གལ་ཆེན་དུ་མཐོང་ཐུབ་པར་མ་ཟད། དགྲ་བོའི་ཕྱོགས་ལ་གཞན་ལས་ཀྱང་སྙིང་རྗེ་ཤུགས་དྲག་ཅིག་བསྐྱེད་ཐུབ་ཚེ། དེ་ནི་ང་ཚོའི་ཉམས་ལེན་ལེགས་འགྲུབ་བྱུང་བའི་མཚོན་རྟགས་ཡིན། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

མི་བླུན་པོ་རྣམས་ཀྱིས་མིང་གི་ཆེད་དུ་ཡོད་ཚད་བློས་གཏོང་ལ། དཔའ་པོ་ཆགས་པའི་ཆེད་དུ་གཡུལ་ས་ནས་རང་ཉིད་གསོད་དུ་འཇུག མིང་ཙམ་གྱི་ཆེད་དུ་རྒྱུ་འབྱོར་དང་ཚེ་སྲོག་བློས་གཏོང་བ་ལ་དོན་སྙིང་ཅི་ཞིག་འདུག རང་གི་མཚན་སྙན་བརླག་དོགས་ཀྱིས་སེམས་ཁྲལ་བྱེད་པའི་མི་རྣམས་ནི། བྱེ་མའི་མཁར་རྫོང་རྩིག་པར་ཧུར་བརྩོན་བྱེད་པ་དང་། དེ་མར་ཞིག་པ་ན་མིག་ཆུ་གཏོང་པའི་བྱིས་པ་དང་འདྲ། དེའི་ཕྱིར། མི་ཞིག་གིས་ཁྱོད་ལ་བསྟོད་པ་བྱས་ན་ཧ་ཅང་དགའ་ཚོར་མ་སྐྱེ། མིང་ལ་དགོས་པ་མེད། སྙན་གྲགས་ལ་དོན་སྙིང་མེད། མིང་དང་། སྙན་གྲགས། གུས་བཀུར་བཅས་ལ་དོ་སྣང་སྤྲད་ན་ང་ཚོའི་བྱ་གཞག་མང་པོ་ཞིག་ལ་བར་ཆད་འབྱུང་གི་རེད། དཔེར་ན། གྲྭ་བཙུན་ཚོས་གསུང་རབ་ལ་སློབ་སྦྱོང་བྱེད་ཅིང་། ཁོ་ཚོ་ཐོག་མར་དགོན་པ་ལ་འཛུལ་དུས་ཉམ་ཆུང་ཡིན་ཡང་། རིམ་གྱིས་སློབ་སྦྱོང་ཇེ་ཆེར་ཕྱིན་སྐབས། མཁས་པ་ཆགས་ཏེ་དགེ་བཤེས་ཀྱི་མིང་རྟགས་བླངས་ནས་སློབ་མ་དང་རྗེས་འབྲང་བ་རག་ན་ཁོ་ཚོ་རྩ་བ་ནས་འགྱུར་འགྲོ་བ་ལྟ་བུ་རེད། དེང་སྐབས་ནུབ་ཕྱོགས་ཀྱི་སློབ་མ་ཡོད་པའི་དགེ་རྒན་འགའ་ཞིག་ང་རྒྱལ་ཅན་དུ་གྱུར་ཡོད། ཚོང་པ་རྣམས་ཀྱང་དེ་འདྲ་བོ་ཡིན། ཁོ་ཚོའི་ཚོང་ལེགས་འགྲུབ་བྱུང་དུས། མཛུབ་དཀྲིས་དང་ཆུ་ཚོད་གོང་ཆེན་བཏགས་ནས་རྫིག་མདོག་སྟོན་ལ། བོད་ནང་དུ་ཚོང་པ་ཚོས་རྣ་ལོང་གོང་ཆེན་འདོགས། དུས་ཡུན་རིང་པོའི་ཁྲོད་ནས་རྣ་ལོང་གིས་རྣ་གཤག་པ་ཙམ་ལས་དགོས་པ་གཞན་ཅི་ཡང་མེད་པ་སྨོས་ཅི་དགོས། 

རི་མཐོན་པོའི་སྒང་ནས་སྒོམ་བརྒྱབས་ཏེ་སྡོད་འདོད་བྱེད་མཁན་ཚོར་སྙན་གྲགས་ཅུང་ཙམ་རྒྱས་སྐབས། རང་གི་དབེན་གནས་བསྐྱུར་ཏེ་ཐང་ལ་འབབ་འདོད་བྱེད་ཅིང་། ཐོག་མར་ཁོ་ཚོས་གཞན་ལ་སྡུག་བསྔལ་དང་མི་རྟག་པ་སྒོམ་དགོས་པའི་བསླབ་བྱ་རྒྱག་ཀྱང་། རིམ་གྱིས་ཁོ་ཚོ་རང་ཉིད་ཀྱིས་ཡོན་ཏན་འདི་དག་བརྗེད་ནས་ཕྲག་དོག་དང་འགྲན་རྩོད་བྱེད་པའི་མི་དགེ་བས་རང་རྒྱུད་འགེང་བར་བྱེད། སྤྱིའི་ཆ་ནས་བཤད་ན། མི་ཉམ་ཆུང་ཚོས་གཞན་ལ་མགོ་སྐོར་དང་དབང་ཡོད་མི་བྱེད་པར། དེ་ལྟར་བྱེད་མཁན་ནི་ཕྲག་དོག་དང་འགྲན་རྩོད་ཀྱིས་བསླངས་པའི་རྫིག་མདོག་བསྟན་རྒྱུ་ཞིག་ཡོད་པའི་མི་ཁོ་ནའི་ཁྲོད་ལ་ཡོད་ཅིང་། འདི་ནི་རང་བསྟོད་བྱེད་པ་དང་མིང་གྲགས་གཉེར་བ་དེ་ཤིན་ཏུ་ཉེན་ཁ་ཆེ་བའི་རྒྱུ་མཚན་རེད། འདི་དག་གིས་མི་དགེ་བའི་ལས་གསོག་པས། རྟག་པར་ང་ཚོའི་སྐྱོན་འཚོལ་མཁན་གྱི་མི་ཚོས་དོན་དངོས་ཐོག་ང་ཚོར་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་བསམ་ན་ལེགས་ལ། དེ་དག་གིས་ང་ཚོ་ངན་སོང་གི་གནས་ནས་སྐྱོབ་ཀྱི་ཡོད། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

རྟག་པར་གཞན་ལ་དམའ་འབེབ་བྱེད་པ་དང་ཡིད་བསུན་བཟོ་མཁན་གྱི་མི་ཡིས་རྟག་པར་རང་ཉིད་ལ་ཡང་ཡིད་བསུན་བཟོ་བ་རེད། དེ་ཡང་གཉིད་ལས་སད་པའི་སྐབས་ཙམ་མ་ཡིན་པར་ཐ་ན་རྨི་ལམ་གྱི་ནང་ནས་ཀྱང་དེ་ལྟར་བཟོ། གལ་ཏེ་ང་ཚོས་མི་གཞན་ལ་རོགས་རམ་བྱས་ནས་ཞི་བདེ་དང་བདེ་སྐྱིད་ཀྱི་མཁའ་དབུགས་ཤིག་བསྐྲུན་ཚེ། ཐ་ན་རྨི་ལམ་གྱི་ནང་ནས་ཀྱང་རང་ཉིད་ལ་ཞི་བདེ་དང་བདེ་སྐྱིད་ཀྱི་ལོངས་སྤྱོད་འབྱུང་། གཞན་གྱི་བདེ་སྐྱིད་ལས་རྙེད་པའི་བདེ་སྐྱིད་ནི། ལྷད་མེད་པའི་བདེ་སྐྱིད་དྭངས་མ་དེ་ཡིན་ལ། འདི་ནི་མ་འོངས་པ་དང་ད་ལྟ་གཉིས་ཀར་འབྱུང་བའི་ཁེ་ཕན་དངོས་གནས་དེའང་ཡིན། འོན་ཀྱང་། མི་གཞན་ལ་བདེ་སྐྱིད་འབྱུང་དུས་རང་ལ་མི་སྐྱིད་པ་དང་ཕྲག་དོག་གི་ཚོར་བ་སྐྱེས་ན། ཕལ་ཆེར་མིག་མི་བདེ་བ་དང་། རྒྱབ་ན་བ། ཁྲག་ཤེད་འཕར་བ་བཅས་ཀྱི་དཀའ་ངལ་མྱོང་གི་རེད། ད་ལྟའི་ཚེ་འདིར་སེམས་མི་སྐྱིད་པ་དང་ལུས་མི་བདེ་བ་མྱོང་བ་དང་། མ་འོངས་པའི་མི་ཚེའི་ཁྲོད་ལ་དེ་ལས་ཀྱང་སྡུག་བསྔལ་ཆེན་པོ་འབྱུང་རྒྱུ་རེད། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

ཉོན་མོངས་པས་ང་ཚོ་ལ་གནོད་འཚེ་དང་གཏོར་བཤིག་བྱེད་བཞིན་ང་ཚོའི་སེམས་ནང་ན་བདེ་འཇགས་ངང་གནས་ཡོད། ཉོན་མོངས་པའི་གནོད་འཚེ་ལ་བསམ་བློ་ཞིག་ཐོངས་དང་། ང་ཚོའི་རྒྱུད་ལ་ཁོང་ཁྲོ་སྐྱེ་སྐབས། གྲོགས་པོ་ཡག་པོ་ཞིག་ང་ཚོར་རོགས་བྱེད་དུ་འོངས་པ་ལྟ་བུའི་སྣང་བ་འཆར་སྲིད་ལ། ཁོང་ཁྲོས“སེམས་ཁྲལ་མ་བྱེད། ང་བསླེབས་ཡོད། ངས་ཁྱོད་ལ་རོགས་བྱེད།” ཟེར་གྱི་ཡོད་པ་དང་འདྲ། ང་ཚོ་རང་གི་དགྲ་བོ་ལས་འབྲོ་གྲབས་བྱེད་ཀྱི་ཡོད་སྲིད་ཀྱང་། ཁོང་ཁྲོ་རང་རྒྱུད་ལ་སྐྱེས་མ་ཐག་ཏུ་དེས་སྙིང་སྟོབས་རྫུན་མ་ཞིᨵ་སྦྱིན་ལ། དེ་ལས་སྙིང་སྟོབས་ཇེ་ཆེར་སོང་བའི་ཚོར་སྣང་སྤྲད་ནས་ང་ཚོས་འཁོན་ལན་སློག་པའི་གླེན་ལྐུག་གི་ལས་ཀ་བྱེད་ཀྱི་ཡོད། ཆགས་ཞེན་ནི་སྐད་ཆ་འཇམ་པོ་ཤོད་མཁན་གྱི་གྲོགས་པོ་ཞིག་གི་ཟོལ་གྱིས་རང་རྒྱུད་ལ་སྐྱེ་ཞིང་། དེས་ང་ཚོར་མགོ་སྐོར་བཏང་སྟེ་མཐར་ང་ཚོ་རྩ་མེད་དུ་གཏོང་། ཤུགས་དྲག་པའི་ཁོང་ཁྲོ་དང་ཆགས་ཞེན་ལ་བརྟེན་ནས། རང་གི་རྣམ་འབྱེད་ཀྱི་ཤེས་རབ་ཉམས་ཀྱི་ཡོད། ཁོང་ཁྲོ་ལངས་སྐབས། ང་ཚོ་རྦད་དེ་སྨྱོས་པ་ལྟ་བུར་འགྱུར་ལ། སྨྱོན་སྤྱོད་འདིའི་རྐྱེན་གྱིས་ང་ཚོའི་རྣམ་འབྱེད་ཀྱི་འདུ་ཤེས་ཉམས་པར་བྱེད། ང་ཚོས་རང་གི་ཁ་གཏད་ལ་རྒོལ་བ་བྱས་ནས་སྟབས་མ་ལེགས་པར་མི་གཞན་ལ་གཞུ་སྲིད། དེ་བཞིན་དུ། ང་ཚོས་གཞན་ལ་ཁོང་ཁྲོའི་དབང་གིས་སྐད་ཆ་བཤད་སྐབས། སྨྲ་མི་འོས་པ་དང་རྒྱུ་མཚན་དང་མི་ལྡན་པའི་སྐད་ཆ་བཤད་སྲིད་ལ། ང་ཚོའི་ཆགས་ཞེན་ཤུགས་ཆུང་དུ་སོང་བ་དང་། རང་གི་ནོར་འཁྲུལ་རྟོགས་ནས་སེམས་པ་འགྱོད་སེམས་ཀྱིས་འགེང་བར་བྱེད། འོན་ཀྱང་། སྐབས་དེར་མི་དགེ་བའི་ལས་བསྒྲུབས་ཚར་བ་རེད། 

ནམ་རྒྱུན་ང་ཚོས་དགྲ་བོ་ནི་ཕྱི་རོལ་ན་ཡོད་པ་ཞིག་ཡིན་པར་འདོད་ཅིང་། གདུག་འདྲེ་དང་དགྲ་བོའི་དཔུང་ཚོགས་རྣམས་ས་ཆ་གཞན་ཞིག་ན་གནས་པར་འདོད་། ང་ཚོས་རང་སེམས་ཀྱི་ཕྱི་རོལ་ཏུ་གནས་པའི་དགྲ་བོ་རྣམས་ལ་དམིགས་ནས། རང་ཉིད་དེ་དག་ལས་སྲུང་ཆེད་ཕྱི་རོལ་གྱི་སྟོབས་ཤུགས་གཞན་ཞིག་འཚོལ་ནའང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ལྟར་ན། ང་ཚོའི་ཕྱི་ཡི་དགྲ་བོ་ནི་དགྲ་བོ་དངོས་གནས་དེ་མ་ཡིན། ཕྱི་རོལ་གྱི་དགྲ་བོའི་དཔུང་ཚོགས་ཁ་ཤས་ནི་གནས་སྐབས་རིང་དགྲ་རུ་གྱུར་ན་ཡང་། དེ་དག་ནི་རིམ་གྱིས་གྲོགས་སུ་འགྱུར་ཆོག་པར་མ་ཟད། ཐ་ན་ང་ཚོས་དགྲ་བོ་ཞེས་འབོད་པ་དེ་དག་ཀྱང་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པའི་ཆ་ནས་ང་ཚོ་དང་གཅིག་པ་ཡིན། དངོས་གནས་བྱས་ན་དགྲ་བོར་འབོད་པ་དག་ནི་ང་ཚོའི་སྙིང་རྗེའི་ཡུལ་དུ་འོས་པ་རེད། 

གལ་སྲིད་ང་ཚོས་རང་ལ་གནས་སྐབས་ཀྱི་གནོད་པ་བྱེད་མཁན་ཙམ་ལའང་དགྲ་བོར་ངོས་འཛིན་བྱེད་ན། ཐ་ན་རང་གི་ལུས་པོ་ཡང་རང་གི་དགྲ་རུ་འགྱུར་ཏེ། འདི་ནི་ང་ཚོའི་སྡུག་བསྔལ་མང་པོ་ཞིག་གི་རྨང་རྟེན་དུ་གྱུར་ཡོད་པས་སོ། །ད་དུང་ང་ཚོས་རང་གི་སེམས་ཀྱང་རང་གི་དགྲ་བོར་ལྟ་དགོས་ཏེ། ང་ཚོ་གཉའ་ཆག་པའི་སྐབས་སུ་ང་ཚོར་རྦད་དེ་མི་སྐྱིད་པའི་ཚོར་སྣང་འབྱུང་བས་སོ། །ང་ཚོའི་ཕྱི་རོལ་གྱི་དགྲ་བོ་རྣམས་ནི་དེ་རིང་རང་གི་དགྲ་བོ་ཡིན་སྲིད་ཀྱང་། སང་ཉིན་གྲོགས་སུ་འགྱུར་ཆོག་ལ། དེ་དག་གི་ཤུལ་དུ་རྟག་བརྟན་གྱི་དགྲ་བོ་ཞིག་རྙེད་མི་ཐུབ།

ང་ཚོའི་དགྲ་བོ་དངོས་གནས་ནི་ཉོན་མོངས་པ་རྣམས་རེད་ལ། དེ་དག་ང་ཚོའི་ཆེས་ཐོག་མའི་དགྲ་བོ་རེད་ལ་ཆེས་མཐའ་མའི་དགྲ་བོའང་རེད། ཅི་ཞིག་ལ་དགྲ་བོ་ཟེར་ཞེ་ན། ང་ཚོར་གནོད་པ་སྐྱེལ་མཁན་རྣམས་ང་ཚོའི་དགྲ་བོ་རེད། ནང་པའི་གཞུང་དུ། ཉོན་མོངས་པ་རྣམས་ང་ཚོའི་དགྲ་བོར་ངོས་འཛིན་བྱས་ཤིང་། ཐར་པ་ཐོབ་པ་ནི་ཉོན་མོངས་པའི་དགྲ་ལས་རྒྱལ་བ་ཡིན། ཐར་བའི་གོ་འཕང་ཐོབ་པ་ནི་ང་ཚོའི་ལུས་བརྗེ་བོ་རྒྱག་པ་དང་རྒྱུ་སྐར་གཞན་ཞིག་ལ་གནས་སྤར་བའི་དོན་མིན། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

འཇིག་རྟེན་ཁམས་སུ་ཡོད་པའི་ལྷ་ཐམས་ཅད་ཀྱིས་ནུས་པ་མཉམ་འབྲེལ་བྱས་ཏེ་ང་ཚོར་ཁ་གཏད་བཅག་པ་དང་། སྲོག་ལྡན་འགྲོ་བ་ཡོངས་རྫོགས་ང་ཚོའི་དགྲ་རུ་གྱུར་ཀྱང་། དེ་དག་ལ་ང་ཚོ་དམྱལ་བར་གཡུག་པའི་ནུས་པ་མེད། འོན་ཀྱང་། ཉོན་མོངས་པས་སྐད་ཅིག་ཙམ་གྱི་རིང་ལ་ང་ཚོ་དམྱལ་བར་འཕེན་ཐུབ། རྒྱུ་མཚན་འདི་ལ་བརྟེན་ནས། ཉོན་མོངས་པ་ནི་ཐོག་མ་མེད་པ་ནས་ང་ཚོར་གནོད་འཚེ་གཏོང་མཁན་གྱི་དགྲ་བོར་གྱུར་ཡོད་ལ། ཉོན་མོངས་པ་ལྟ་བུའི་རྟག་བརྟན་གྱི་དགྲ་བོ་ཞིག་རྩ་བ་ནས་མེད། སྤྱིར་བཏང་གི་དགྲ་བོ་རྣམས་ནི་ཤི་ནས་མི་སྣང་བར་འགྱུར་ཞིང་། གལ་སྲིད་ང་ཚོས་སྤྱིར་བཏང་གི་དགྲ་བོ་ཞིག་གི་རེ་འདོད་ལ་བསྟུན་ཚེ། དེ་རིམ་གྱིས་རང་གི་གྲོགས་པོར་འགྱུར་རྒྱུ་རེད་ལ། དགྲ་བོ་དེ་རང་ལ་ཕན་འདོགས་མཁན་གྱི་མི་ཞིག་ཏུ་འགྱུར་རྒྱུ་རེད། ཉོན་མོངས་པ་ལ་མཚོན་ན། ང་ཚོ་ཅི་ཙམ་དེ་ལ་བརྟེན་ན། དེའི་ཚོད་ཀྱིས་ང་ཚོར་གནོད་འཚེ་བྱེད་ཅིང་སྡུག་བསྔལ་བསྐྱེད་རྒྱུ་རེད། ཉོན་མོངས་པ་ནི། ང་ཚོའི་གཏན་གྱི་དགྲ་བོ་དང་། ང་ཚོའི་སྡུག་བསྔལ་གྱི་རྒྱུ་གཅིག་པུ་དེ་ཡིན། ཇི་སྲིད་ང་ཚོས་དགྲ་བོ་འདི་རང་གི་སེམས་ནང་ལ་ལྷིང་འཇགས་ངང་གནས་སུ་བཅུག་པ་དེ་སྲིད་དུ། ང་ཚོ་ལ་བདེ་སྐྱིད་མི་འབྱུང་།

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

ཉོན་མོངས་པ་རྣམས་ནི་རྐུན་པོ་དང་ཇག་པ་ལྟ་བུ་ཡིན། དེ་དག་གིས་གྲུང་རིག་རིག་གིས་གོ་སྐབས་ཤིག་འཚོལ་བཞིན་ཡོད་པར་མ་ཟད། དེ་ཚོས་གོ་སྐབས་རྙེད་ཚེ། གོ་སྐབས་བླངས་ནས་ང་ཚོའི་དགེ་རྩ་དང་། བདེ་སྐྱིད་ཀྱི་འཚོ་བའི་ཚེ་སྲོག་འཕྲོག་གི་ཡོད། དེའི་ཕྱིར། དྲན་ཤེས་ནམ་ཡང་ཉམས་འཇུག་རྒྱུ་མེད། གལ་སྲིད་མཚམས་མཚམས་ལ་དྲན་ཤེས་ཉམས་ཚེ། འཁོར་བའི་གནས་ཀྱི་མཐའ་མེད་པའི་སྡུག་བསྔལ་རྣམས་དྲན་པ་ལ་བརྟེན་ནས་དྲན་ཤེས་བསྐྱར་གསོ་བྱེད་དགོས། 

(འཚོ་བའི་ཁྲོད་ཀྱི་དགའ་སྤྲོ་དང་། འཆི་བའི་སྐབས་ཀྱི་ཞི་བདེ།  ༡༩༩༧ ལོར་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ཏུ་རྟེན་གཞི་བྱས་པའི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་གིས་ཐོག་མར་དཔར་སྐྲུན་བྱས་ཤིང་། ༡༩༩༨ ལོར་རྒྱ་གར་ནང་གི་ཧར་ཕེར་ཁོ་ལེན་སི་དཔེ་སྐྲུན་ཁང་ནས་བསྐྱར་དུ་དཔར་སྐྲུན་བྱས་པ་བློ་བཟང་བདེ་ཆེན་གྱིས་བོད་བསྒྱུར་ཞུས་པ་ལས་བཏུས།)

བཟོད་པ་སྒོམ་པའི་གོམ་པ་དང་པོ་ནི། ཁོང་ཁྲོ་དང་ཞེ་སྡང་གི་ཉེས་དམིགས་དྲན་རྒྱུ་དང་། བཟོད་པའི་ཕན་ཡོན་ལ་བསམ་བློ་གཏོང་རྒྱུ་དེ་ཡིན། སེམས་ཞི་བདེར་གནས་བྱེད་ཀྱི་ནུས་པ་ཆེ་ཤོས་ཀྱི་ཐབས་ལམ་ནི་བཟོད་པའི་ཉམས་ལེན་ཡིན་ལ། གནས་སྟངས་ངན་པའམ་དགྲ་བོའི་དཔུང་ཚོགས་གང་ལ་འཕྲད་ཀྱང་། ང་ཚོའི་སེམས་མི་འཁྲུག་པ་དང་རང་རྒྱུད་ཀྱི་བསམ་བློ་སྐབས་དེར་ཡང་གསལ་པོར་གནས་རྒྱུ་རེད། ད་དུང་ང་ཚོས་དུས་ཡུན་རིང་པོར་སྙིང་སྟོབས་དང་ཆོད་སེམས་གོང་འཕེལ་དུ་གཏོང་ནུས་ཀྱི་རེད། ཕྱོགས་གཞན་ཞིག་ནས་བཤད་ན། ཁོང་ཁྲོ་དང་ཞེ་སྡང་ལ་བརྟེན་ནས་ཚེ་འདི་དང་ཕྱི་མ་གཉིས་ཀ་ལ་གནོད་འཚེ་ཆེན་པོ་འབྱུང་ཞིང་། ནམ་རྒྱུན་ང་ཚོ་གུས་ཞབས་ཅན་དང་གཤིས་འཇམ་ཅི་འདྲ་ཞིག་ཡིན་ཡང་། ཁོང་ཁྲོ་རྒྱུད་ལ་སྐྱེ་སྐབས་དགེ་བའི་ཡོན་ཏན་ཐམས་ཅད་སྐར་ཆ་འགའི་ནང་ལ་མེད་པར་གཏོང་། དཔེར་ན། མི་ཞིག་ང་ཚོའི་སེམས་ཐག་ཉེ་བའི་གྲོགས་པོ་ཡིན་སྲིད་ནའང་། ཁོང་ཁྲོའི་དབང་གིས་ཅི་ཞིག་བཤད་པ་དང་གང་ཞིག་བྱས་པ་ལ་བརྟེན་ནས་ང་ཚོའི་གྲོགས་པོའི་མཛའ་འབྲེལ་ལ་གཏོར་བརླག་ཐེབས་འགྲོ་བ་ལྟ་བུ་རེད། ཁོང་ཁྲོས་ང་ཚོའི་ཞི་བདེའི་བསམ་བློ་གཏོར་བརླག་ཏུ་གཏོང་ལ། རང་གི་ཉེ་འཁོར་གྱི་མི་ཚོའི་ཞི་བདེའི་བསམ་བློའང་གཏོར་བརླག་ཏུ་གཏོང་ཞིང་། དེ་ཡིས་རྩོད་རྙོག་དང་བདེ་སྐྱིད་མེད་པར་གཏོང་། ཁོང་ཁྲོ་ལ་ང་ཚོའི་འཚོ་བའི་ཁྲོད་ཀྱི་ཡར་རྒྱས་ལ་འགོག་རྐྱེན་བྱེད་པའི་ནུས་པ་ཡོད། ང་ཚོས་རང་རྒྱུད་ལ་ཁོང་ཁྲོ་སྐྱེ་སྐབས། ཁོང་ཁྲོ་མ་སྐྱེས་པའི་སྐབས་སུ་ངོ་ཚའི་གནས་ཡིན་པའི་ལུས་ངག་གི་སྤྱོད་ལམ་རྩུབ་པོ་རྣམས་བསྟེན་ལ། རང་ཉིད་ཁོང་ཁྲོའི་དབང་དུ་ཤོར་ཚེ། ཐ་ན་མི་སྲོག་གཅོད་པའི་ལས་ཀའང་བྱེད་པ་རེད། འདི་ལྟ་བུའི་མི་དགེ་བའི་ལས་ཀྱིས་སེམས་སྟེང་ལ་བག་ཆགས་སྟོབས་ལྡན་འཇོག་ཅིང་། དེ་ཡིས་ངན་སོང་ལ་སྐྱེ་བའི་མཇུག་འབྲས་བསྐྱེད་ཐུབ།