ལེགས་བཤད་གཅེས་བཏུས།

མིའི་རྣམ་དཔྱོད་ཀྱིས་སྐབས་རེར་སྤྱི་ཚོགས་དང༌ཁྱིམ་ཚང་ནང་རྙོག་དྲ་འཕར་མ་བཟོ་བ་ཡོང་གི་ཡོད། འོན་ཀྱང་བྱམས་བརྩེའི་བསམ་བློ་ཤུགས་ཆེན་པོ་ཞིག་ཡོད་ན་རྐྱེན་ངན་པ་ཞིག་དང་འཕྲད་ཀྱང་བསམ་བློའི་ནང་ནས་འདི་ལྟར་བྱས་ན་མི་འགྲིག འདི་ལྟར་བྱས་ཚེ་གཞན་ལ་སྡུག་བསྔལ་འབྱུང་ངེས་རེད་སྙམ་པའི་འདུ་ཤེས་ཤིག་རང་ཤུགས་ཀྱིས་ཡོང་གི་ཡོད་སྟབས་དེས་རྙོག་དྲ་དང་དཀའ་ངལ་ཆུང་དུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད། གང་དུ་བཟང་པོའི་ཡོན་ཏན་ཇི་ཙམ་སྐྱོ་བ་ཡོད་སའི་སྤྱི་ཚོགས་དང་ཁྱིམ་ཚང་དེར་དཀའ་ངལ་དང་རྙོག་དྲ་ཡང་དེའི་ཚོད་ཀྱིས་མང་བ་ཡོང་གི་ཡོད། དམིགས་བསལ་ཉམས་ཞིབ་བྱེད་མཁན་བྱུང་མེད་ཀྱང་། བོད་དུ་རྒྱའི་བཙན་གནོན་འོག་དངངས་སྐྲག་དང་ཞེད་སྣང་གི་ཁོར་ཡུག་ནང་འཚར་ལོངས་བྱུང་བའི་ཕྲུ་གུ་དང༌། ཆུང་དུས་ནས་རྒྱ་གར་དུ་འཚར་ལོངས་བྱུང་བའི་ཕྲུ་གུ་གཉིས་བསྡུར་བ་ཡིན་ན་རྒྱ་གར་དུ་འཚར་ལོངས་བྱུང་བའི་ཕྲུ་གུ་དེ་དག་ཕྲན་བུའི་ཞི་འཇམ་པ་ལྟ་བུ་ཞིག་མཐོང་སྣང་ལ་ཡོང་གི་འདུག  དངངས་སྐྲག་དང༌ཞེད་སྣང་གི་འོག་ཏུ་འཚར་ལོངས་བྱུང་བའི་ཕྲུ་གུ་དེ་དག་རྐྱེན་ཕྲན་བུ་ཞིག་བྱུང་མ་ཐག་འཕྲལ་དུ་འཁྲུག་པ་རྒྱག་པ་ལྟ་བུ་གཟེ་རེ་པོའི་གཤིས་ཀ་ཤུགས་ཆེ་བ་ཡོད་པ་ལྟ་བུ་ཞིག་འཆར་སྣང་ལ་ཡོང་གི་འདུག   ལོ་རྒྱུས་ལ་མཚོན་ན། བོད་པའི་སྤྱི་ཚོགས་ནང་རྒན་གཞོན་གུས་བརྩི་བྱེད་པ་ལྟ་བུའི་ཡ་རབས་ཀྱི་ལམ་སྲོལ་བཟང་པོ་དེ་དག་གནའ་རབས་ཀྱི་གོམས་གཤིས་སམ་བསླབ་བྱའི་ནང་ཡོད་ཀྱང་། བར་སྐབས་སུ་འགྱུར་བ་ཆེན་པོ་ཞིག་ཕྱིན་ནས་མིའི་སེམས་ནང་འཁོན་འཛིན་ཤུགས་ཆེར་གཏོང་བའི་གྲལ་རིམ་འཐབ་རྩོད་བྱེད་པ་དང་། རྡུང་རྡེག་ཚ་ནན་གཏོང་བ་ཟེར་བ་སོགས་ཆེད་དུ་སློབ་སྦྱོང་སྤྲད་དེ་བྱམས་པ་དང་བརྩེ་བ་རྩ་བ་ནས་མེད་པའི་ལས་འགུལ་མང་པོ་སྤེལ་ཡོད།  བསམ་བློའི་འཁྱེར་སོ་ཚ་ནན་ཆེན་པོ་དང་སྡུག་སྦྱོང་གཏོང་བའི་སྤྱི་ཚོགས་ནང་ཏན་ཏན་དཀའ་ངལ་ཆེན་པོ་ཡོད།   རྒྱ་གར་ལ་མཚོན་ན་རྡུང་རྡེག་ཚ་ནན་གཏོང་དགོས་ཟེར་བ་ཞིག་མེད། 

ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས།

ངོས་ཀྱིས་འདིར་ཤོད་དགོས་པ་ཞིག་ནི། དགོས་སར་ཆད། མི་དགོས་སར་དམག་འཁྲུག་བརྒྱག་རྒྱུ་ལྟ་བུའི་ཆེད་དུ་མེ་མདའ་དང༌མདེའུ་སོགས་མཚོན་ཆ་བཟོ་བ་དང་། དེ་བཞིན་དུ་ཐོབ་གོ་སའི་དབང་ཆ་ཉོ་བ་ལ་སོགས་པ་འགྲོ་སོང་མང་པོ་གཏོང་བཞིན་ཡོད། རྐྱེན་ཕྲན་བུ་ཞིག་བྱུང་མ་ཐག་འཕྲལ་དུ་མེ་མདའ་བཟུང་ནས་གསོད་རེས་གཏོང་བ་སོགས་མི་དགོས་སར་འབད་བརྩོན་བྱས་ཏེ་མི་བརྒྱ་ཕྲག་སྟོང་ཕྲག་རྐྱེན་འདས་སུ་འགྲོ་བའི་གནས་ཚུལ་ཞིག་ཡོང་གི་ཡོད། དགོས་ས་དཔེར་ན།  འབྱུང་བའི་གནོད་པ་ཡོང་བའི་སྐབས་སུ་སྔོན་འགོག་གིས་གདོང་ལེན་བྱེད་པ་ལྟ་བུའི་ལས་ཀ་དེ་དག་ལ་ལྷོད་གཡེང་དུ་བཏང་སྟེ་མཐའ་མར་དཀའ་ངལ་ཆེན་པོའི་ནང་ལྷུང་བའི་གནས་ཚུལ་ཡོང་གི་ཡོད།  རྙོག་དྲ་དེ་དག་མིས་བཟོས་པའི་རྙོག་དྲ་རེད། དཔེར་ན། གླང་ཆེན་དང༌སྟག་ལ་སོགས་པ་རང་རེ་མི་ལས་ཀྱང་ལུས་པོའི་ཆ་ནས་ཤུགས་ཆེ་བ་དང༌འབུ་རྐང་བརྒྱ་ལག་བརྒྱ་ལྟ་བུ་རྐང་ལག་མང་བ། བྱ་དེ་ལྟ་བུ་གཤོག་པ་ཡོད་པས་འཕུར་ཐུབ་པ་སོགས་ལུས་པོའི་ཆ་ནས་རང་ཅག་མི་རྣམས་ལས་སེམས་ཅན་དེ་དག་ནུས་པ་ཆེ་བ་ཡོད། འོན་ཀྱང་དུད་འགྲོའི་ཀླད་པ་ལས་མིའི་ཀླད་པ་ཤུགས་ཆེ་བ་ཡོད་སྟབས། བསམ་བློ་རྒྱ་ཆེན་པོ་འཁོར་ཐུབ་པའི་ཀླད་པ་འདིར་བརྟེན་ནས་རྙོག་དྲ་དང་དཀའ་ངལ་དེ་རྣམས་སློང་བཞིན་ཡོད། མི་རྣམས་ལ་རང་བཞིན་ལྷན་སྐྱེས་ཀྱི་ཚུལ་དུ་རྣམ་དཔྱོད་དང་བརྩེ་བ་སོགས་བཟང་པོའི་གཤིས་ཀ་ཞིག་ཡོད་ཅིང་། ཡང་རྙོག་དྲ་དང་དཀའ་ངལ་བཟོ་བའི་ནུས་པ་ཞིག་ཀྱང་ལྷན་སྐྱེས་སུ་ཡོད་པ་རེད། གང་དུ་བྱམས་པ་དང་བརྩེ་བའི་བསམ་པ་ཤུགས་ཆེ་བ་ཡོད་སའི་སྤྱི་ཚོགས་དེར་ཕལ་ཆེར་རྙོག་དྲ་དང་དཀའ་ངལ་ཆུང་བ་ཡོད་ཅིང་། ཁྱིམ་ཚང་ཞིག་ལ་མཚོན་ནའང་བྱམས་བརྩེའི་བསམ་པ་ཕྲན་བུའི་ཤུགས་ཆེ་བ་ཡོད་ས་དེར་རྙོག་དྲ་དང་དཀའ་ངལ་ཉུང་བ་ཡོད།  

ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས།

སྲོག་ཆགས་ཀྱི་རིགས་གཞན་དག་ལ་མཚོན་ན་རང་བཞིན་འབྱུང་བའི་འཕོ་འགྱུར་གྱི་ཐོག་ནས་དཀའ་ངལ་འཕྲད་པ་དང༌། ཡང་ན་སྲོག་ཆགས་ནང་ཕན་ཚུན་གཅིག་ལ་གཅིག་འཚེ་བའི་དཀའ་ངལ་དང་རྙོག་དྲ་ཡོད་པ་དེ་ཙམ་ལས། ནང་བསམ་བློ་གཏོང་སྟངས་དང་འབྲེལ་ནས་མི་རྣམས་ལ་འཕྲད་པ་ལྟ་བུའི་རྙོག་དྲ་ཞིག་དུད་འགྲོའི་སྤྱི་ཚོགས་ནང་མེད། རང་རེ་མི་རྣམས་ལ་མཚོན་ན་སྡུག་བསྔལ་མི་འདོད་པ་དང༌བདེ་བ་འདོད་པ་ཞིག་ངང་གིས་ཡོད་ཅིང་། བདེ་ཞིང་སྐྱིད་པའི་ཐོག་ནས་འཚོ་བ་སྐྱེལ་འདོད་ཅིག་སུ་ལའང་ཡོད། འོན་ཀྱང་འཛམ་གླིང་འདིར་འགྲོ་བ་མི་བྱུང་བ་ནས་བཟུང་། བརྡབ་གསིག་དང་རྙོག་དྲ་ཆེ་ཤོས་བཟོ་མཁན་དེ་མི་ཡིན།  ཁྱེད་ཚོར་མཚོན་ནའང་སྐྱེས་པའི་ཉིན་མོ་ནས་བཟུང་རང་དབང་མེད་པར་དངངས་སྐྲག་དང༌ཞེད་སྣང་། དོགས་ཟོན་བྱ་དགོས་པའི་འགོ་ཚུགས་པ་རེད། ངོས་ལ་མཚོན་ན་ལོ་བཅོ་ལྔ་བཅུ་དྲུག་ནས་བཟུང་རྙོག་དྲའི་འགོ་ཚུགས་པ་རེད། ད་ལྟ་ལོ་བདུན་ཅུར་བརྒལ་ཡོད། རྙོག་དྲ་དེ་གའི་སྟེང་ནས་མི་ཚེ་བསྐྱལ་བ་རེད། རྙོག་དྲ་དེ་རྣམས་མིས་བཟོས་པའི་རྙོག་དྲ་རེད་མ་གཏོགས་འབྱུང་བ་འཁྲུགས་པའི་རྙོག་དྲ་ལྟ་བུ་ཞིག་མིན། རང་རེ་བོད་པའི་སྤྱི་ཚོགས་ནང་གཅིག་ལྟོས་དང༌། མིས་སྡོད་མ་ཚུགས་པའི་ཐོག་ནས་བཟོས་པའི་རྙོག་དྲ་ཧ་ཅང་མང་པོ་ཞིག་ཡོད། དགོས་ས་དེར་དོ་སྣང་མི་བྱེད་པར་མི་དགོས་ས་དེར་འབད་བརྩོན་བྱས་པའི་འབྲས་བུར་རྙོག་དྲའི་རིགས་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད། འབྲེལ་ཡོད་ཚོས་གནས་སྟངས་དེའི་རིགས་ལ་དམིགས་བསལ་དོ་སྣང་བྱས་ཏེ་དཀའ་ངལ་ལ་སྔོན་འགོག་གི་ལས་ཀ་ཚགས་ཚུད་པོ་བྱ་རྒྱུ་གལ་ཆེན་པོ་ཡིན། 


དཔེར་ན། ཨ་ཕི་རི་ཀའི་ནང་གི་ཐན་པའི་དཀའ་ངལ་དང་། བྷང་ལ་དེ་ཤིའི་ཆུ་ལོག་གི་དཀའ་ངལ་ལ་སོགས་པ་འདི་དག་མིའི་ཐབས་ཤེས་ཀྱི་ཐོག་ནས་ཏན་ཏན་ཉེན་ཚབས་ཆུང་དུ་གཏོང་ཐུབ་པའི་རེ་བ་ཡོད། འབྱུང་བའི་གནོད་འཚེ་ནམ་ཡོང་ང་ཚོས་མི་ཤེས་པས།  དང་པོ་ནས་གནོད་པ་ཡོང་བའི་ཚོད་དཔག་བྱས་ཏེ་སྔོན་འགོག་གི་བསམ་བློ་བཏང་ནས་དེའི་ཐོག་འགྲོ་སོང་བཏང་བ་ཡིན་ན་ལེགས་པོ་ཡོད།

ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས། 

ང་ཚོ་འཇིག་རྟེན་འདིར་འཚོ་དགོས་པར་མ་ཟད།   རྙོག་དྲ་མེད་པ་ཞིག་གི་ཐོག་ནས་འཚོ་ཐུབ་པ་དགོས་ཀྱི་ཡོད། རང་རེ་འགྲོ་བ་མི་ཚང་མའི་ལྷན་སྐྱེས་ཀྱི་བསམ་བློའི་ནང་རྙོག་དྲ་མེད་པའི་ཐོག་ནས་འཚོ་རྒྱུའི་འདུན་པ་ཞིག་རང་བཞིན་གྱིས་ཡོང་གི་ཡོད།  ཕྲུ་གུ་ཆུང་ཆུང་ཞིག་ལ་མཚོན་ནའང་བརྡབ་གསིག་མེད་པ་ཞིག་འདོད་ཀྱི་ཡོད་ཅིང་།  བརྡབ་གསིག་ཕྲན་བུ་ཞིག་བྱུང་ཡང་དེས་ཀུན་ལ་མི་བདེ་བ་ཡོང་གི་ཡོད། བདེ་ཞིང་སྐྱིད་པའི་ཐོག་ནས་མི་ཚེ་སྐྱེལ་འདོད་པ་ཞིག་མི་ཚང་མར་ཡོང་གི་ཡོད་ཅིང་དེ་ལྟར་སྐྱེལ་བའི་ཐོབ་ཐང་ཡང་མི་ཚང་མར་ལྷན་སྐྱེས་སུ་ཡོད་པ་རེད། 

ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས། 

བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་བསྟན་སྲིད་མི་རིགས་དང་བཅས་པར་བསམ་ཡུལ་ལས་འདས་པའི་དུས་འགྱུར་གྱི་གོད་ཆགས་ཚབས་ཆེན་བྱུང་ཡོད་ཀྱང༌། གཙོ་བོར་རྒྱ་གར་གཞུང་མང་གི་ཤ་ཚ་ཟོལ་མེད་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བཙན་བྱོལ་ནང་བོད་མིའི་གཞུང་གི་སྒྲིག་འཛུགས་ཤིག་ཚུགས་ཏེ་བོད་ཀྱི་ཆབ་སྲིད་དང༌། ཆོས་རིག་སོགས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང༌། ད་རེས་བྱང་རྩེ་གྲྭ་ཚང་གི་འདུ་ཁང་རྟེན་དང་བརྟེན་པར་བཅས་པ་གེགས་མེད་ལམ་ལྷོང་ལྡན་པའི་ངང་འཛུགས་བསྐྲུན་ལེགས་གྲུབ་ཟིན་ཡོད། གཏོང་ཕོད་ཆེན་པོས་མཐུན་རྐྱེན་གནང་མཁན་ཡོངས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། གལ་ཆེ་ཤོས་དགོན་པའི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་འཆད་ཉན་ལ་ཤུགས་བརྒྱབ་རྒྱུ་དང༌། གང་འཆད་ཉན་བྱས་པའི་དོན་རྣམས་རྒྱུད་ཐོག་ཏུ་བཀལ་ཏེ་ཉམས་ལེན་ཚུལ་བཞིན་གནང་རྒྱུ་གལ་ཆེན་ཡིན། དགོན་པ་དང་སྤྱི་ཚོགས་སྤྱི་ཡོངས་ནས་དེང་དུས་ཀྱི་ཤེས་ཡོན་སྤྱི་དང་ལྷག་པར་ཚན་རིག་གི་ཤེས་ཡོན་ལ་ཤུགས་བརྒྱབ་སྟེ་གཞོན་སྐྱེས་རྣམས་གནའ་དེང་ཤེས་ཡོན་གཉིས་ལྡན་གྱི་མི་སྣར་བསྐྱེད་བསྲིང་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཡིན། མདོར་ན།   རྒྱ་ནག་ནང་གི་འཕོ་འགྱུར་སྐོར་དང་། བོད་མི་རིགས་ཀྱི་སྙིང་སྟོབས་དང་སྤོབས་པ། མི་མང་གི་འཚོ་བ་སྔར་བས་བཟང་དུ་གཏོང་ཐབས་སུ་ཐུན་མོང་གི་འགན་འཁུར་ལེན་དགོས།

(ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༡༩ ཉིན་གྱི་སྔ་དྲོ་གྷོ་ཝ་ནས་ཆིབས་ཞལ་བསྒྱུར་ཏེ་མོན་གྷོར་ཞབས་འཁོད་ཀྱིས་མི་མང་ལས་བསྡོམས་ཚོགས་འདུའི་ཐོག་སྩལ་པ་ལས་བཏུས།)

ཉེ་ཆར་ངོས་དང་རྒྱ་མི་ཤེས་ཡོན་ཅན་ཞིག་ཐུག་འཕྲད་བྱུང༌། ཁོང་གིས། ཉེ་བའི་ལོ་ཤས་ནང་རྒྱ་ནག་ཏུ་དཔལ་འབྱོར་ཡར་རྒྱས་ཀྱི་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད་ཅིང་། དེ་དག་མུ་མཐུད་འགྱུར་བ་འགྲོ་རྒྱུར་ངེས་པ་དང་། ཆབ་སྲིད་ཀྱི་ཐད་ལ་ཡང་འཛམ་གླིང་སྤྱི་དང་མཐུན་པའི་ལམ་སྲོལ་ཞིག་གི་ཐོག་ལ་མི་འགྲོ་ཐབས་མེད་ཀྱི་གནས་སྟངས་ཤིག་གི་འོག་ནས་འགྱུར་བ་འགྲོ་རྒྱུར་ངེས་པ་ཡིན། འོན་ཀྱང་འདས་པའི་ལོ་༥༠ ལྷག་ཙམ་གྱི་རིང་རྒྱ་ནག་ནང་གྲལ་རིམ་འཐབ་རྩོད་སོགས་མི་དང་མིའི་བར་འཁོན་འཛིན་དང་འཐབ་རྩོད་བྱས་ཏེ་རྩ་ཆེའི་དུས་ཚོད་འཕྲོ་བརླག་ཏུ་བཏང་ཡོད་པ་དང་། ལྷག་པར་མིའི་ཡ་རབས་སྤྱོད་བཟང་གི་གོམས་སྲོལ་ཁག་རྩ་བརླག་ཏུ་སོང་སྟེ་བསམ་ཡུལ་ལས་འདས་པའི་འཐུས་ཤོར་བྱུང་ཡོད་ཅིང་། དེའི་དབང་གིས་སྤྱི་ཚོགས་ནང་དཀའ་ངལ་ཧ་ཅང་མང་པོ་ཞིག་འཕྲད་དང་འཕྲད་མུས་སུ་ཡོད། ཡ་རབས་སྤྱོད་བཟང་གི་གོམས་སྲོལ་བཟང་པོ་དེ་དག་བསྐྱར་གསོ་བྱ་རྒྱུར་དུས་ཡུན་རིང་པོ་ཞིག་འགོར་རྒྱུ་ཡིན་པར་བརྟེན། དེའི་ཐད་རྒྱ་མི་ཤེས་ཡོན་ཅན་ཚོར་སེམས་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་ཡོད། ཅེས་བརྗོད་བྱུང༌། དེས་ན་རང་ཅག་བོད་མི་རྣམས་ཀྱིས་སོ་སོའི་ཕ་མེས་ནས་བརྒྱུད་དེ་ཡོང་བའི་ཆོས་དང་རིག་གཞུང༌གིས་མཚོན་པའི་བཟང་པོའི་ཡོན་ཏན་རྣམས་གཅེས་འཛིན་གྱིས་མུ་མཐུད་བདག་པོ་བརྒྱབ་རྒྱུ་གལ་ཆེན་པོ་ཡིན། 

(ཕྱི་ལོ་ ༢༠༠༢ ཟླ་༡༢ ཚེས་༡༨ ཉིན་གྷོ་ཝ་ཁུལ་སྡོད་རང་རིགས་མི་མང་གྲངས་༢༢༣ དང་།  ཕྱི་རྒྱལ་བ་མི་གྲངས་ ༥༣ བཅས་ལ་སྩལ་པ་ལས་བཏུས།) 

ད་ཆ་བོད་མི་རིགས་རིག་གཞུང་དང་བཅས་པ་ཆགས་འཇིག་གི་ཉེན་ཁའི་མཚམས་སུ་སླེབས་ཡོད་པས། རང་རེ་ཕྱི་རྒྱལ་རང་དབང་ལུང་པར་སྡོད་མཁན་རྣམས་ཀྱིས་བོད་ནང་གི་ཛ་དྲག་དང་དཀའ་སྡུག་གི་གནས་སྟངས་ཐད་ཤེས་རྟོགས་གསལ་པོ་ཡོད་པ་བྱ་དགོས་ལ། གང་ཤེས་པ་རྣམས་མ་བརྗེད་པའི་ཐོག་ནས་རྟག་ཏུ་སོ་སོའི་ཕྲག་སྟེང་དུ་ལས་འགན་ལྗིད་པོ་ཞིག་ཡོད་པ་དྲན་དགོས། དེང་སྐབས་བོད་ནང་གི་ས་གནས་ས་ཐོག་གི་གནས་སྟངས་ལ་བལྟས་ཚེ་ཕལ་ཆེར་རེ་བ་བྲལ་བ་ལྟ་བུ་ཞིག་ཡོད། འོན་ཀྱང་འཛམ་གླིང་སྤྱི་ཡོངས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་ཅིང་། ལྷག་པར་རྒྱ་ནག་རང་ལ་མཚོན་ན་འདོད་པ་ཡོད་མེད་ལ་མི་ལྟོས་པར་ལོ་ངོ་ལྔ་དྲུག་གི་ནང་ཚུད་དམ། ཡང་ན་ལོ་ངོ་བཅུ་ཙམ་གྱི་ནང་ཚུད་དུ་མང་གཙོ་དང་རང་དབང་གི་ཕྱོགས་སུ་འགྱུར་བ་འགྲོ་རྒྱུ་ཐག་ཆོད་པ་ཡིན། རྒྱ་ནག་གཞུང་གིས་མཁྲེགས་འཛིན་ཇི་ལྟར་བྱས་ཀྱང་རྒྱ་ནག་རང་ཉིད་འཛམ་གླིང་གི་ཆ་ཤས་ཤིག་ཡིན་པ་དང༌། དེང་སྐབས་འཛམ་གླིང་སྤྱི་ཡོངས་འགྲོ་བ་མིའི་ཐོབ་ཐང༌དང་ཚོང་འབྲེལ་སོགས་རང་དབང་མང་གཙོའི་ཕྱོགས་སུ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པར་བརྟེན། སྤྱི་ཡོངས་ཀྱི་འགྱུར་བ་དང་མཐུན་པ་ཞིག་ལ་འགྲོ་དགོས་པ་ལས་ལོགས་སུ་གནས་ཐབས་མེད། དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་གནད་དོན་ཐོག་འགྲོ་སོང་ཕངས་མེད་དུ་བཏང་ནས་འཁྱོག་བཤད་ཤུགས་ཆེ་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོར་བདེན་པ་ཡོད་པར་བརྟེན། འཛམ་གླིང་གི་ཡུལ་གྲུ་ཕལ་ཆེ་བས་རྒྱ་མིའི་འཁྱོག་བཤད་རྫུན་གཏམ་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་ལ། བོད་དོན་ལ་ཤ་ཚའི་རྒྱབ་སྐྱོར་ལོ་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ལྷག་པར་རྒྱ་མི་ཤེས་ཡོན་ཅན་དང༌རང་དབང་འཐབ་རྩོད་པ། གཟུ་བོར་གནས་པ་མང་པོས་རང་རེར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། དེ་ནི་ང་ཚོའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན། དེ་ལྟར་ཕྱོགས་ཡོངས་ནས་བལྟས་ན་བོད་དོན་བདེན་མཐའ་མི་རིང་བའི་དུས་ཚོད་ནང་གསལ་ཐུབ་རྒྱུ་ངེས་པ་ཡིན། 

(ཕྱི་ལོ་ ༢༠༠༢ ཟླ་༡༢ ཚེས་༡༨ ཉིན་གྷོ་ཝ་ཁུལ་སྡོད་རང་རིགས་མི་མང་གྲངས་༢༢༣ དང་།  ཕྱི་རྒྱལ་བ་མི་གྲངས་ ༥༣ བཅས་ལ་སྩལ་པ་ལས་བཏུས།) 

དུས་འགྱུར་མ་བྱུང་གོང་རང་རེས་དེང་དུས་ཀྱི་ཤེས་ཡོན་ལ་དོ་སྣང་མ་བྱས་པར་འཐུས་ཤོར་ཆེན་པོ་བཏང་ཡོད། ད་ཆ་ང་ཚོས་ཐོམ་ཞྭ་ཕུད་དེ་ཕྱི་ནང་ཟུང་འབྲེལ་གྱི་ཤེས་ཡོན་དང་། ལྷག་པར་དུ་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ལ་ཤུགས་བརྒྱབ་རྒྱུ་གལ་ཆེ། ཤེས་ཡོན་དང་རྣམ་དཔྱོད་རྐྱང་པས་མི་འགྲིག་པར་དེའི་ཐོག་བྱམས་བརྩེ་དང་གཞན་ཕན་གྱི་བསམ་བློ་དགོས་རྒྱུ་གལ་ཆེན་པོ་ཡིན། བྱམས་བརྩེའི་བསམ་བློས་ཕོངས་ཏེ་ཉོན་མོངས་དུག་གསུམ་གྱི་དབང་དུ་ཤོར་ན་ཤེས་ཡོན་དང་རྣམ་དཔྱོད་ཇི་ཙམ་ཆེ་ཡང་སྤྱི་ཚོགས་ནང་ཕན་ལས་གནོད་ཆེ་བ་ཡོང་གི་ཡོད། སྔར་ང་ཚོའི་སློབ་གྲྭ་ཁག་ཏུ་མཚན་ཉིད་ཀྱི་རིགས་ལམ་སློབ་ཁྲིད་བྱེད་པའི་ལམ་སྲོལ་བཟང་པོ་ཞིག་དར་ཡོད་ཀྱང་བློ་ཕམ་པ་ཞིག་ལ་མུ་མཐུད་རྒྱུན་འཛིན་མ་ཐུབ་པར་བར་སྐབས་ཉམས་ཆག་དང་འཐུས་ཤོར་ཆེན་པོ་བྱུང་ཡོད། མ་འོངས་པར་རིགས་ལམ་སློབ་ཁྲིད་བསྐྱར་གསོ་མཇུག་སྐྱོང་ཐུབ་པ་ཞིག་ངེས་པར་དུ་བྱ་དགོས།

(ཕྱི་ལོ་ ༢༠༠༢ ཟླ་༡༢ ཚེས་༡༨ ཉིན་གྷོ་ཝ་ཁུལ་སྡོད་རང་རིགས་མི་མང་གྲངས་༢༢༣ དང་།  ཕྱི་རྒྱལ་བ་མི་གྲངས་ ༥༣ བཅས་ལ་སྩལ་པ་ལས་བཏུས།)   

ཕྱི་ལོ་༡༩༥༩ ལོར་བོད་ས་རྒྱ་དམར་གྱི་བཙན་འོག་ཏུ་ཤོར་ཏེ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བ་ནས་བཟུང་བོད་གཞུང་གིས་ཐོག་མར་བོད་ཕྲུག་ཚོའི་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་ཐོག་ཤུགས་བརྒྱབ་པ་དང༌། རྒྱ་གར་གཞུང་གིས་ཀྱང་ཤ་ཚ་ཟོལ་མེད་ཐོག་བོད་མིའི་གཞིས་ཆགས་གསར་འཛུགས་དང་། བོད་ཕྲུག་ཚོའི་ཤེས་ཡོན་ཐད་མཐུན་འགྱུར་ལེགས་པོ་གནང་ཡོད། དེ་ནས་བཟུང་ད་ལྟའི་བར་འབད་བརྩོན་ཆེན་པོ་བྱས་པ་ལྟར།   བཟང་ངན་ལ་མ་ལྟོས་པར་བཙན་བྱོལ་སྤྱི་ཚོགས་ནང་ཡིག་རྨོངས་ཀྱི་དཀའ་ངལ་ཡོངས་སུ་སེལ་ཐུབ་པ་བྱུང་ཡོད།  རྒྱ་ཕྱོགས་ནས་རྒྱུན་དུ་རྒྱ་མི་རིགས་དེ་སྔོན་ཐོན་གྱི་མི་རིགས་ཤིག་ཡིན་པ་དང༌། བོད་མི་རྣམས་ཆེས་རྗེས་ལུས་ཡིན་པའི་འཁྱོག་བཤད་བྱེད་ཀྱི་ཡོད། དོན་དངོས་སུ་བོད་གངས་ཅན་པ་རྣམས་ཆོས་དང༌རིག་གཞུང༌། སྐད་ཡིག རྣམ་དཔྱོད། གཟུགས་བབ་སོགས་གང་ནས་བལྟས་ཀྱང་རྒྱ་མི་རིགས་ལས་ཞན་པ་གཏན་ནས་མེད། དེའི་ཕྱིར་རིག་གཞུང་སོགས་ཀྱི་ཆ་ནས་རྒྱ་མིས་ང་ཚོར་མཐོང་ཆུང་ནམ་ཡང་བྱེད་ཐུབ་ཐབས་མེད། འོན་ཀྱང་དེང་དུས་ཤེས་ཡོན་གྱི་ཐོག་ནས་བོད་པ་དང་རྒྱ་མི་གཉིས་བསྡུར་བ་ཡིན་ན་ང་ཚོ་རྗེས་ལུས་ཏན་ཏན་ཐེབས་ཡོད་པར་བརྟེན། རྒྱ་མིས་ང་ཚོར་རྗེས་ལུས་རེད་ཅེས་ཤོད་ཀྱི་ཡོད། 

(ཕྱི་ལོ་ ༢༠༠༢ ཟླ་༡༢ ཚེས་༡༨ ཉིན་གྷོ་ཝ་ཁུལ་སྡོད་རང་རིགས་མི་མང་གྲངས་༢༢༣ དང་།  ཕྱི་རྒྱལ་བ་མི་གྲངས་ ༥༣ བཅས་ལ་སྩལ་པ་ལས་བཏུས།)   

བར་སྐབས་འཛམ་བུའི་གླིང་འདིར་ཚན་རིག་གི་ཤེས་ཡོན་ལ་ཡར་རྒྱས་ཆེན་པོ་ཕྱིན་ཏེ་མིའི་འཚོ་བའི་གནས་སྟངས་དང་།   ཕྱི་དངོས་པོའི་འཛུགས་སྐྲུན་ཐད་བཟང་ཕྱོགས་ཀྱི་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད་པ་ནི་བསྔགས་པར་འོས་པ་ཞིག་ཡིན། འོན་ཀྱང་ཕྱི་དངོས་པོ་ཡར་རྒྱས་སུ་ཕྱིན་པ་ལྟར་ནང་བསམ་བློར་དེ་ལྟ་བུའི་ཡར་རྒྱས་མ་བྱུང་བར་བརྟེན་ནས་དེང་སྐབས་དཀའ་ངལ་གསར་པ་ཧ་ཅང་མང་པོ་ཞིག་ལ་གདོང་ལེན་བྱ་དགོས་ཀྱི་ཡོད། འཛམ་བུའི་གླིང་འདི་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཏུ་འགྱུར་ཐབས་བྱ་རྒྱུ་ང་ཚོའི་འོས་འགན་ཡིན་ཞིང་། དེ་ལྟར་ཡོང་བར་ཕྱི་དངོས་པོའི་ཡར་རྒྱས་དང་ནང་བསམ་བློའི་ཡར་རྒྱས་གཉིས་ཟུང་དུ་སྦྲེལ་དགོས། ནང་བསམ་བློའི་ཡར་རྒྱས་ཞེས་པ་ནི་དོན་དུ་སེམས་རྒྱུད་ཇེ་བཟང་དུ་གཏང་རྒྱུ་དེ་ཡིན། སེམས་རྒྱུད་ཇེ་བཟང་དུ་གཏོང་བའི་ཐབས་ལམ་བཟང་ཤོས་ནི་ཆོས་ལུགས་ཀྱི་བསླབ་བྱ་ཁག་ཡིན་སྟབས། འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་སེམས་རྒྱུད་ཡར་རྒྱས་སུ་གཏོང་བར་ཆོས་ཕྱོགས་ལ་འགན་འཁྲི་ཧ་ཅང་ཆེན་པོ་ཡོད། འགན་འཁྲི་འདི་ཉིད་ལག་ལེན་དོན་འཁྱོལ་ཡོང་བར་ཁྱེད་ཅག་ཚོགས་འདུར་ཕེབས་མཁན་རྣམས་ཀྱིས་དོན་སྙིང་ལྡན་པའི་གྲོས་བསྡུར་ལྷུག་པོ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། 

 (ཕྱི་ལོ་ ༢༠༠༢ ཟླ་བ་ ༡༢ ཚེས་ ༡༧ ཉིན་རྒྱབ་ཏུ་ས་ལར་ཇུང་ Salar Jung འགྲེམས་སྟོན་ཁང་ནས་གོ་སྒྲིག་བྱས་ཏེ་ཉིན་གསུམ་གྱི་རིང་ནང་པའི་ལྟ་གྲུབ་སྐོར་མཁས་པའི་བགྲོ་གླེང་གི་ལྷན་ཚོགས་ཤིག་གནང་རྒྱུའི་ཚོགས་འདུ་དབུ་འབྱེད་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ། ལྷན་ཚོགས་སུ་ཕེབས་པའི་མངའ་སྡེའི་སྲིད་སྐྱོང་དང༌། རྒྱ་གར་དབུས་གཞུང་གི་རིག་གཞུང་དང༌ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་དྲུང་ཆེ་སོགས་སྐུ་མགྲོན་ཁག ཚོགས་ཞུགས་ནང་ཆོས་མཁས་དབང་དང༌ཞིབ་འཇུག་པ་སོགས་ལ་སྩལ་པ་ལས་བཏུས།) 

ས་གནས་འདི་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་གནས་དང་ཐག་ཉེ་ཡིན་པ་དང་ངོས་རང་དཔལ་མགོན་ཀླུ་སྒྲུབ་ཀྱི་རྗེས་འཇུག་སློབ་མ་ཞིག་ཡིན་སྟབས། རྣམ་ཀུན་འདི་ཁུལ་བཅར་སྐབས་སེམས་ནང་ཚོར་སྣང་མི་འདྲ་བ་ཞིག་ཡོང་གི་འདུག ངོས་ལ་འཕགས་ཡུལ་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས་མགྲོན་འབོད་བྱུང་བ་ལྟར། ཕྱི་ལོ་༡༩༥༦ ལོར་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ནས་ལོ་༢༥༠༠ འཁོར་བའི་དུས་དྲན་ལ་བཅར་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་ཞིང་། སྐབས་དེར་ཀླུ་སྒྲུབ་ཀྱི་གནས་རྩ་ཆེན་འདི་མཇལ་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་མྱོང་།   འཛམ་གླིང་འདིར་ཆོས་ལུགས་སྤྱི་དང་ལྷག་པར་ནང་ཆོས་ལ་དམིགས་བསལ་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་པའི་དུས་སྐབས་བཟང་པོ་འདིར། ང་ཚོ་ནང་པ་རང་ཉིད་ཀྱིས་ནང་པའི་གཞུང་ནས་གསུངས་པའི་ལྟ་གྲུབ་ལ་དད་པ་དང་ཡིད་ཆེས་ཡོད་པ་གཅིག་པུས་མི་འགྲིག་པར་ནང་ཆོས་ཀྱི་དོན་སྙིང་ཇི་ཡིན་ངོ་འཕྲོད་པར་བྱས་ཏེ་ཤེས་ནས་དད་པ་ཐོབ་པ་ཞིག་དང༌། གང་ཤེས་པ་རྣམས་སེམས་རྒྱུད་ལ་སྦྱར་ནས་ཉིན་རེའི་མི་ཚེའི་ནང་གྲུབ་འབྲས་མིག་གིས་མཐོང་ཐུབ་པ་ཞིག་ཡོང་བར་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ནང་ཆོས་དང་དེང་རབས་ཚན་རིག་གི་དབར་མཐུན་པའི་ཆ་མང་པོ་ཡོད་ཅིང་། ཇི་ཙམ་ནང་ཆོས་ལ་སློབ་སྦྱོང་དང༌བརྟག་དཔྱད། ཉམས་ལེན་བྱས་པ་དེའི་ཚོད་ཀྱི་སེམས་ནང་བྲོ་བ་མི་འདྲ་བ་ཞིག་རྙེད་རྒྱུ་ཡོད་པ་ཧ་ཅང་གསལ་པོ་ཡིན། ཚན་རིག་པ་མང་པོས་ཀྱང་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད། 

 (ཕྱི་ལོ་ ༢༠༠༢ ཟླ་བ་ ༡༢ ཚེས་ ༡༧ ཉིན་རྒྱབ་ཏུ་ས་ལར་ཇུང་ Salar Jung འགྲེམས་སྟོན་ཁང་ནས་གོ་སྒྲིག་བྱས་ཏེ་ཉིན་གསུམ་གྱི་རིང་ནང་པའི་ལྟ་གྲུབ་སྐོར་མཁས་པའི་བགྲོ་གླེང་གི་ལྷན་ཚོགས་ཤིག་གནང་རྒྱུའི་ཚོགས་འདུ་དབུ་འབྱེད་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ཏེ། ལྷན་ཚོགས་སུ་ཕེབས་པའི་མངའ་སྡེའི་སྲིད་སྐྱོང་དང༌། རྒྱ་གར་དབུས་གཞུང་གི་རིག་གཞུང་དང༌ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་ཀྱི་དྲུང་ཆེ་སོགས་སྐུ་མགྲོན་ཁག ཚོགས་ཞུགས་ནང་ཆོས་མཁས་དབང་དང༌ཞིབ་འཇུག་པ་སོགས་ལ་སྩལ་པ་ལས་བཏུས།) 

རྒྱུན་དུ་བརྗོད་བཞིན་པ་ལྟར་བོད་ཀྱི་མ་འོངས་པའི་གནས་ཚུལ་ཅིར་འགྱུར་དོན་གྱི་བདག་པོ་བོད་རྒྱ་ཆེའི་མི་མང་གིས་ཐག་གཅོད་བྱ་རྒྱུ་རེད། འོན་ཀྱང་ངོས་ཀྱིས་བོད་རང་བཙན་གཙང་མ་རྩོད་ལེན་མི་བྱེད་པར་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་མིང་དོན་མཚུངས་པའི་རང་སྐྱོང་གཙང་མ་ཞིག་ཡོང་ཐབས་ཀྱི་དགོས་འདུན་བཏོན་ཏེ།   སྐབས་འཕྲལ་བོད་ཀྱི་ཛ་དྲག་གི་དཀའ་ངལ་སེལ་ཐབས་བྱེད་ཀྱི་ཡོད་ཅིང་། དེའི་ཐོག་འཛམ་གླིང་སྤྱི་ལ་ཕན་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང༌རིག་གཞུང་སྲུང་སྐྱོབ་ཆེད་འབད་བརྩོན་བྱེད་ཀྱི་ཡོད། རང་སྐྱོང་ཡོང་ཐབས་ཀྱི་ཐབས་ལམ་ཡང་འཚེ་མེད་ཞི་བར་བརྟེན་པ་ཞིག་ཡིན། རྒྱ་ཕྱོགས་ནས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པར་ཁས་ལེན་དགོས་པའི་ཆ་རྐྱེན་འདོན་བཞིན་ཡོད་མོད། འོན་ཀྱང་འདས་པའི་ལོ་རྒྱུས་ནི་ལོ་རྒྱུས་ཀྱི་ངོ་བོ་རང་ལ་གནས་རྒྱུ་ལས་ཆབ་སྲིད་ཀྱི་དགོས་མཁོར་བརྟེན་ནས་བཟོ་བཅོས་རྒྱག་ཐབས་མེད། ལོ་རྒྱུས་སུ་གང་བྱུང་བ་དེ་ལོ་རྒྱུས་ལས་གསལ་པོར་མཐོང་ངེས་རེད། ང་ཚོས་དྲང་བདེན་དང༌འཚེ་བ་མེད་པའི་ལྟ་གྲུབ་ལ་བརྟེན་ནས་རང་དབང་རྩོད་ལེན་བྱེད་ཀྱི་ཡོད་སྟབས། ཤེས་བྱ་ཡོན་ཏན་དང་ལྡན་པ་ཞིག་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཤེས་ཡོན་མེད་ན་རྩ་དོན་འགྲུབ་ཐབས་མེད་པས་རང་རེའི་ན་གཞོན་རྣམས་ཀྱིས་རྒྱུན་དུ་དེང་དུས་ཀྱི་ཤེས་བྱ་ཡོན་ཏན་ལ་དོ་སྣང་སྦྱང་བརྩོན་བྱ་རྒྱུ་ཤིན་ཏུ་གལ་ཆེ་ཞིང་། དེའི་ཐོག་གནའ་རབས་ནས་དར་བའི་རང་རེའི་ཐུན་མོང་མ་ཡིན་པའི་བཟང་པོའི་ཤེས་ཡོན་དེ་དག་ཀྱང་ཚད་དང་ལྡན་པ་ཞིག་ཤེས་པར་བྱས་ཏེ། མདོར་ན།  གནའ་དེང་ཤེས་ཡོན་གཉིས་ལྡན་ཞིག་ཡོང་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། གང་ཤེས་པའི་ཡོན་ཏན་དེ་དག་ཚིག་ཙམ་དུ་མ་སོང་བར་སེམས་རྒྱུད་ལ་སྦྱར་ཐུབ་པ་ཞིག་དང་ལག་ལེན་ལ་བསྟར་ཐུབ་པ་ཞིག་བྱུང་ན་སྤྱི་སྒེར་ཀུན་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན།  

 (ཕྱི་ལོ་༢༠༠༢ ཕྱི་ཟླ་༡༢ ཚེས་༡༧ ཉིན་ཨན་དྷ་ར་པྲ་དེ་ཤི་ Andhara Pradesh གྲོང་ཁྱེར་གྱི་ཧེདྲབྷཌ་ Hydrabhad མགྲོན་ཁང་དུ་ཉེ་འཁོར་ནས་འདུ་འཛོམས་བྱུང་བའི་སློབ་ཕྲུག་དང་སུད་ཚོང་བ་སོགས་རང་རིགས་མི་མང་བཞི་བརྒྱ་ལྷག་ཙམ་ལ་སྩལ་པ་ལས་བཏུས། )
 

བོད་རང་དབང་ཤོར་བ་སོགས་བོད་ནང་བསམ་ཡུལ་ལས་འདས་པའི་དུས་འགྱུར་བྱུང་སྟེ།  ད་ཆ་མི་ལོ་༤༣ ལ་ཉེ་བ་འགྲོ་བཞིན་ཡོད་ཀྱང་། བོད་དོན་རང་དབང་འཐབ་རྩོད་འདི་དྲང་བདེན་ལ་གཞི་བཅོལ་བ་ཞིག་ཡིན་པ་དང༌། རྩ་དོན་སྒྲུབ་བྱེད་ཀྱི་ཐབས་ལམ་ཡང་འཚེ་བ་མེད་པའི་ལམ་ལ་འགྲོ་བཞིན་ཡོད་སྟབས། བོད་པའི་གནད་དོན་རྒྱ་གཞུང་གིས་ནག་བསུབ་ཏུ་གཏོང་མ་ཐུབ་པ་མ་ཟད། དེང་སྐབས་འཛམ་གླིང་ནང་བོད་དོན་ལ་དོ་སྣང་དང༌རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། བོད་ནང་ལ་མཚོན་ན་གཞིས་ལུས་རྒྱ་ཆེའི་མི་མང་གིས་ད་ལྟའི་བར་དུ་ལྷག་བསམ་འགྱུར་བ་མེད་པའི་སྒོ་ནས་རང་ཚུགས་བརྟན་པོར་བཟུང་སྟེ་རྩ་དོན་ལངས་ཕྱོགས་མཐའ་འཁྱོངས་བྱས་ཡོད་ལ། ཐ་ན་རྒྱ་གཞུང་གི་ལས་བྱེད་ཡིན་པའི་བོད་རིགས་དེ་དག་གིས་ཀྱང་ཕྱིའི་སྣང་ཚུལ་ལ་རྒྱ་གཞུང་གི་གླ་ཕོགས་ལེན་པ་སོགས་རྒྱ་མིའི་ལས་ཀ་བྱེད་བཞིན་ཡོད་ཀྱང་ནང་དོན་བོད་མི་རིགས་ཀྱི་ལ་རྒྱ་དང༌། བརྩེ་ཞེན་སོགས་འགྱུར་བ་མེད་པར་གནས་ཡོད། འདི་ག་རང་དབང་ལུང་པར་གནས་པའི་བོད་མི་དེ་དག་གིས་ཀྱང་ད་ལྟ་ཕན་ཆད་ལ་ཧུར་ཐག་བྱས་ཡོད་ལ། ད་དུང་ཡང་རང་དབང་བསྐྱར་གསོའི་ལས་དོན་སྒྲུབ་པར་སྔར་བས་རིག་པ་བསྒྲིམ་རྒྱུ་ཤིན་ཏུ་གལ་ཆེ། 

(ཕྱི་ལོ་༢༠༠༢ ཕྱི་ཟླ་༡༢ ཚེས་༡༧ ཉིན་ཨན་དྷ་ར་པྲ་དེ་ཤི་ Andhara Pradesh གྲོང་ཁྱེར་གྱི་ཧེདྲབྷཌ་ Hydrabhad མགྲོན་ཁང་དུ་ཉེ་འཁོར་ནས་འདུ་འཛོམས་བྱུང་བའི་སློབ་ཕྲུག་དང་སུད་ཚོང་བ་སོགས་རང་རིགས་མི་མང་བཞི་བརྒྱ་ལྷག་ཙམ་ལ་སྩལ་པ་ལས་བཏུས། )
 

རྩེ་ལེ་སྣ་ཚོགས་རང་གྲོལ་གྱི་གསུང་གི་ནང་དུ་ཁོང་གིས་ཤ་མི་བཞེས་པ་དང་། ཆོས་བཤད་ནས་འབུལ་བ་མི་ལེན་པ། ཞོན་པ་མི་ཞོན་པ་དང་གསུམ་གྱི་དམ་བཅའ་བཞག་འདུག་པས་ངའི་སེམས་ལ་ཧ་ཅང་ཕན་ཐོགས་བྱུང་། ངས་དེ་དག་གི་ནང་ནས་ང་ཕར་ཚུར་འགྲོ་བའི་སྐབས་རླངས་འཁོར་དང་གནམ་གྲུའི་ནང་ཡིན་པས་ཞོན་པ་ནི་དམིགས་བསལ་སྤོང་དགོས་པ་མི་འདུག སྤྱི་ཚོགས་ཀྱི་ནང་དུ་གང་ཐུབ་ཀྱིས་དཀར་ཟས་ལ་དང་དོད་བྱེད་པ་དང་། དམར་ཟས་ཉུང་དུ་གཏོང་དགོས་པའི་སྐོར་ངས་རྟག་པར་འབོད་བསྐུལ་བྱེད་བཞིན་ཡོད། རྒྱ་གར་ནང་གི་བོད་པའི་དགོན་པ་ཆེ་ཁག་གི་སྤྱིའི་ཐབ་ཚང་ནས་དམར་ཟས་གཏན་ནས་གཏོང་གི་མེད་པར་དཀར་སྐྱོང་བྱེད་བཞིན་ཡོད། ངས་ཐུབ་པའམ་ང་དང་འབྲེལ་བ་ཡོད་པ་ནི། ཆོས་འབྲེལ་ག་དུས་བྱས་ཀྱང་འབུལ་བ་ལེན་གྱི་མེད། འབུལ་བ་བླངས་ན་ཚོང་བརྒྱབ་པ་དང་གཅིག་པ་རེད། ངས་ཕར་ཆོས་བཤད་ཁུལ་བྱས། ཚུར་འབུལ་བ་བླངས་ན་ཚོང་བརྒྱབ་པ་རང་རེད། རྩེ་ལེ་སྣ་ཚོགས་རང་གྲོལ་གྱིས་ཀྱང་ཆོས་ཀྱིས་ཚོང་བྱེད་པ་འདི་ཡག་པོ་གཏན་ནས་མི་འདུག་ཅེས་གསུངས་འདུག ལོ་ཤས་སྔོན་ནས་ཕྱི་རྒྱལ་སོགས་སུ་ངས་སྐད་ཆ་བཤད་སྐབས་འཛིན་བྱང་བཙོངས་པའི་ནང་ནས་ངས་སྒོར་རྡོག་གཅིག་ཀྱང་བླངས་མེད། བླ་མའི་མིང་ཞིག་ཁྱེར། ཆོས་འདྲ་ཞིག་བཤད་ཁུལ་བྱས་ཏེ་འབུལ་བ་ལེན་པ་དེ་སྔོན་ཆུ་བཟང་རིན་པོ་ཆེས།    དབང་བསྐུར་ཆོས་བཤད་བྱེད་དུས་རྣམ་དཔྱོད་འདྲ་ཞིག་འདུག་སྟེ། །འབུལ་བར་ཨང་ཉན་བྱེད་དུས་སེམས་པ་གཏིང་ནས་སྐྱོ་བྱུང་། །

ཞེས་ཆོས་བཤད་དུས་འབུལ་བ་ལ་འདོད་རྔམ་བྱེད་པ་འདི་སེམས་གཏིང་ནས་སྐྱོ་བྱེད་རེད་ཅེས་གསུངས་འདུག གང་ལྟར་ངས་འབུལ་བ་གཏན་ནས་ལེན་གྱི་མེད་པས་ཁྱེད་ཚོས་འབུལ་བ་ཁྱེར་ཡོད་པ་རྣམས་རང་འཇགས་སློག་ས་ཡོད་ན་དེ་ཀ་དང་། མེད་ན་དེ་གའི་སྤྱི་ཚོགས་ལ་ཕན་པའི་ཆེད་བེད་སྤྱོད་བྱོས། ཁྱེད་ཅག་གིས་གོ་མྱོང་ཡོད་རྒྱུ་རེད། སྔོན་མ་ང་ ༡༩༧༩ ལོར་ Moscow མའོ་སི་ཁའོ་བརྒྱུད་ནས་སོག་ཡུལ་ལ་སླེབས་པ་རེད། སོག་ཡུལ་དུ་འགྲེམས་སྟོན་ཁང་ཞིག་གི་ནང་དུ་ཁ་ཆེས་ཆེར་གདངས་པའི་གྲྭ་ཆས་ཅན་ཞིག་གི་ཁའི་ནང་དུ་མི་སེར་ཚང་མ་འགྲོ་བཞིན་པའི་རི་མོ་ཞིག་འདུག དེ་ནི་གྲྭ་པ་རྣམས་མི་མང་ལ་བཤུ་གཞོག་གཏོང་མཁན་རེད་ཟེར་བའི་མཚོན་དོན་རེད། སྣེ་ཤན་པ་དེས་དེ་སྐོར་ང་ལ་འགྲེལ་བཤད་བྱེད་པར་འཚེར་སྣང་བྱེད་ཀྱི་འདུག་པས་ངས་ཁྱོད་འཚེར་མི་དགོས། ང་ཚོ་གྲྭ་པ་དང་བླ་མས་མི་མང་ལ་བཤུ་གཞོག་བཏང་བ་རི་མོར་བྲིས་པ་རེད། དེ་བདེན་པ་རེད་ཅེས་བརྗོད་པ་ཡིན། 

                         ཕྱི་ལོ་༢༠༡༦ཟླ་ ༨ ཚེས་༡༨ ཉིན་ལ་དྭགས་ཞི་བའི་ཚལ་དུ་གནང་བ་ལས་བཏུས།
 

འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་ལ་ཆ་བཞག་ནའང་།  སྣོད་བཅུད་ཐམས་ཅད་ཁོང་གིས་བཟོས་ཤིང་ཁོང་གི་ཕྱག་ཏུ་ཡོད་པ་རེད་ཅེས་བརྗོད་ཡོང་དུས།  ཁོང་གི་རྗེས་སུ་འབྲང་མཁན་རྣམས་བྱམས་བརྩེ་ཉམས་ལེན་ཁ་ཞེ་གཉིས་མེད་བྱ་རྒྱུར་ཕན་ཐོགས་ཡོང་གི་ཡོད།   ཡི་ཤུ་དང་། ཁ་ཆེ། ཧིན་རྡུ་དང་། འཇིའུ་ཆོས་པ་སོགས་ཆོས་པ་མང་པོ་ཞིག་གིས་བསམ་པ་རྣམ་དག་གི་ཐོག་ནས་མི་ལ་ཞབས་འདེགས་སྒྲུབ་ཀྱི་ཡོད།  དཔེར་ན།  ཡི་ཤུའི་ཆོས་པ་ལ་མཚོན་ན་རྒྱ་གར་གྱི་གྲོང་གསེབ་སྐྱོ་པོ་དེ་འདྲའི་ནང་ཕྱིན་ནས་སློབ་སྦྱོང་སྤྲོད་པ་དང་།  སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་བ་སོགས་མང་པོ་མཐོང་རྒྱུ་འདུག  ཁོང་ཚོས་དཀའ་ངལ་མང་པོ་ཁྱད་དུ་བསད་ནས་བྱེད་པ་དེ་སོ་སོའི་ཆོས་དད་ཀྱི་ཐོག་ནས་བྱུང་བ་རེད། དེར་བརྟེན།  རིགས་འགའ་ཤས་ལ་འཇིག་རྟེན་བཀོད་པ་པོའི་ལྟ་གྲུབ་ཀྱིས་ཕན་གྱི་ཡོད།   
 འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ནི་གྲངས་ཅན་པ་དང་། གཅེར་བུ་བ། སངས་རྒྱས་པ་གསུམ་རེད། ཐམས་ཅད་རྒྱུ་དང་འབྲས་བུའི་ཐོག་ནས་ཡོང་གི་ཡོད་པ་དང་།  དེའི་སྐབས་ཀྱི་རྒྱུ་ཟེར་བ་ནི་བྱ་སྤྱོད་ལ་གསུངས་པ་སྟེ། ཇི་ཙམ་མི་ལ་ཕན་པའི་བྱ་བ་བྱས་ན་བདེ་སྐྱིད་ཡོང་བ་དང་། ཇི་ཙམ་མི་ལ་གནོད་པའི་བྱ་བ་བྱས་ན་རང་ལ་སྡུག་བསྔལ་ཡོང་གི་རེད་ཅེས་བརྗོད་ནས་བྱམས་བརྩེ་གོང་དུ་སྤེལ་བའི་ཐབས་ཤེས་བྱེད་ཀྱི་ཡོད།  འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་གསུམ་གྱི་ནང་ནས།  གྲངས་ཅན་པ་དང་གཅེར་བུ་བས་འཇིག་རྟེན་བཀོད་པ་པོ་རྟག་པ་རང་བྱུང་གི་སྐྱེས་བུ་མི་འདོད་ཀྱང་།  རྟག་གཅིག་རང་དབང་གི་བདག་འདོད་ཀྱི་ཡོད་པ་དང་། ནང་པ་སངས་རྒྱས་པས་སྐྱབས་སུ་འགྲོ་བའི་ཡུལ་རྟག་པ་རང་བྱུང་གི་སྐྱེས་བུར་འདོད་ཀྱི་ཡོད་པ་མ་རེད་ལ།  སྐྱབས་སུ་འགྲོ་མཁན་གང་ཟག་ལའང་རྟག་གཅིག་རང་དབང་བའི་བདག་ཡོད་པ་མ་རེད་ཅེས་གསུངས་ཀྱི་ཡོད།  རྟག་གཅིག་རང་དབང་བའི་བདག་ཡོད་ན།  དེ་འགྱུར་བ་འགྲོ་བ་ལ་རྙོག་དྲ་ཡོད། སངས་རྒྱས་པའི་ཆོས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་འགྱུར་བ་འགྲོ་རྒྱུ་ཡོད་པ་ཞིག་ཏུ་གསུངས་ཏེ།  རྒྱུ་དང་རྐྱེན་ལ་བརྟེན་ནས་འགྱུར་བ་སྣ་ཚོགས་འགྲོ་བའི་གཞི་རྩ་དེའི་སྟེང་གསུངས་ཡོད། འགྱུར་བ་འགྲོ་བའི་གཞི་རྩ་ཡོད་པས་འགྱུར་བ་གཏོང་འདོད་ཀྱི་འདོད་པ་ཡོད་ཅིང་། འགྱུར་བ་བཏང་ནས་འབྲས་བུ་ཐོན་ཐུབ་པ་དང་།  འགྱུར་བ་གཏོང་ཐབས་མེད་པ་ཞིག་ཡིན་ཚེ་འགྱུར་བ་བྱུང་ན་བསམ་པ་ཙམ་ལས་ཁ་ཡོད་ལག་ཡོད་ཀྱི་འགྱུར་བ་འགྲོ་ཐབས་མེད། འཛམ་བུའི་གླིང་འདིར་ལྟ་གྲུབ་ཡོད་པའི་ཆོས་བརྒྱུད་ཚང་མས་མི་ལ་བྱམས་བརྩེ་དགོས་གསུངས་པ་ནི་ཕན་ཐོགས་ཀྱི་ཡོད་པས་རེད། ལྟ་གྲུབ་མི་འདྲ་བ་ཡོད་པ་དེ་དག་ཁམས་དང་མོས་པ་མི་འདྲ་བ་ཡོད་པ་ལ་བརྟེན་ནས་བྱུང་བ་རེད།  དེར་བརྟེན་འདས་པའི་ལོ་སྟོང་ཕྲག་ཁ་ཤས་རིང་ཕན་ཐོགས་བྱུང་ཡོད།  མ་འོངས་པ་ལའང་ཕན་ཐོགས་འབྱུང་ངེས་པས་ཆོས་བརྒྱུད་ཚང་མ་ལ་བརྩི་བཀུར་དང་མཐུན་སྒྲིལ་བྱེད་རྒྱུ་ཧ་ཅང་གལ་ཆེ།
                         ཕྱི་ལོ་༢༠༡༦ཟླ་ ༨ ཚེས་༡༨ ཉིན་ལ་དྭགས་ཞི་བའི་ཚལ་དུ་གནང་བ་ལས་བཏུས།