ལེགས་བཤད་གཅེས་བཏུས།

ང་ཚོའི་སྤྱོད་པའི་འབྲས་བུ་ནི།  ཐད་ཀར་རང་ཉིད་ཁོ་ནར་བརྟེན་ནས་བྱུང་བའི་གནས་སྟངས་ཧ་ཅང་དཀོན་ཏེ། གྲུ་དཔོན་ཞིག་གིས་གྲུ་གཟེངས་ཆར་རླུང་དྲག་པོའི་ཁྲོད་བདེ་འཇགས་ངང་མཚོ་མཐར་སྐྱེལ་ཐུབ་མིན་ཁོ་རང་གི་སྤྱོད་པ་གཅིག་པུར་བརྟེན་པ་ཞིག་མ་རེད། དེ་བས་ནས་ང་ཚོའི་སྤྱོད་པའི་མཇུག་འབྲས་ནི་བྱ་སྤྱོད་ཅིག་དགེ་བ་ཡིན་མིན་ཐག་གཅོད་བྱེད་གཙོ་བོ་མིན། བོད་སྐད་དུ་ཀུན་སློང་ཟེར་བ་དེ་ནི། སྤྱོད་པ་ངེས་ཅན་ཞིག་གི་དགེ་བའི་རིན་ཐང་ཐག་གཅོད་བྱེད་པར་ཤིན་ཏུ་གལ་ཆེན་ཡིན་ཞིང༌། ཐ་སྙད་འདིའི་ངོ་གདོང་གི་དོན་ནི། ཀུན་ཟེར་བ་ཡོངས་སམ་གཏིང་ནས་ཞེས་པའི་དོན་ལ་འཇུག་ཅིང༌། སློང་ཞེས་པ་ཅི་ཞིག་འབྱུང་བར་སྐུལ་བ་དང༌། ཡང་ན་གང་ཞིག་སྐྱེ་བའམ་ལང་དུ་འཇུག་པར་གོ་ཆོག །འོན་ཀྱང༌། སྐབས་བབ་ཀྱི་དོན་ནི་བསམ་བཞིན་དུ་བྱས་པའི་བྱ་སྤྱོད་དང༌། ཕྱོགས་ངེས་ཅན་ཞིག་ནས་བརྗོད་ན། བསམ་བཞིན་དུ་མ་ཡིན་པའི་བྱ་སྤྱོད་ཐམས་ཅད་སྐུལ་སློང་བྱེད་མཁན་ཞིག་ལ་འཇུག་ཕྱིར། ཐ་སྙད་འདིས་མི་ཞིག་གི་བློའི་ངང་ཚུལ་གྱི་སྤྱིའི་རྣམ་པ་ཞིག་མཚོན་ཐུབ་ཅིང༌། ཀུན་སློང་དགེ་བ་ཡིན་དུས་ང་ཚོའི་སྤྱོད་པའང་བླང་དོར་གྱི་རྣམ་གཞག་གི་ངོས་ནས་དགེ་བར་འགྱུར་གྱི་ཡོད།
 
སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས། 
 

ཆོས་ལུགས་ལ་དད་པ་མེད་མཁན་རེ་ཟུང་མ་རབས་ཡིན་པ་རྒྱུ་མཚན་དུ་བྱས་ཏེ། ང་ཚོས་མི་འདིའི་རིགས་ཐམས་ཅད་ལ་ལེགས་ཉེས་ཀྱི་འདུ་ཤེས་མེད་པར་བསམ་མི་རུང་བ་ཇི་བཞིན། ཆོས་ལུགས་ལ་དད་པ་ནི་དགེ་སྤྱོད་དྲང་བདེན་གྱི་གན་རྒྱ་ཞིག་ཏུའང་འཛིན་མི་རུང༌། ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་ལ་ལྟ་སྐབས། དྲག་སྤྱོད་དང་གདུག་རྩུབ། གཏོར་བཤིག་སོགས་མི་མང་ལ་མྱོང་དུ་འཇུག་མཁན་ཚོའི་ཁྲོད་དུ་ཆོས་ལུགས་ཀྱི་མི་སྣ་ཡང་མང་པོ་ཞིག་ཡོད་པ་མཐོང་ཐུབ། ཆོས་ལུགས་ཀྱིས་ང་ཚོར་གཞི་རྩའི་བླང་དོར་གྱི་རྩ་འཛིན་རྣམས་གཏན་འབེབས་བྱེད་པར་རམ་འདེགས་བྱེད་ནའང༌། ང་ཚོས་ཆོས་ལུགས་ལ་སྐྱབས་མ་བཅོལ་བར་བླང་དོར་དང་དགེ་སྤྱོད་ཀྱི་སྐོར་གླེང་ཐུབ་ཀྱི་ཡོད། 

སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།
 

ཉེ་འབྲེལ་ཞིག་དང་ཁ་རྩོད་ཤོར་བའི་གནས་སྟངས་ནང་ང་ཚོ་ལྷུང་བར་མཚོན་ན། འདི་ལ་གདོང་ལེན་ཇི་ལྟར་བྱེད་མིན་ང་ཚོའི་ཀུན་སློང་ལ་གཙོ་བོ་རག་ལས་ཡོད། ཐ་ན་ཕ་རོལ་པོ་ལ་དུང་སེམས་ཆེན་པོ་ཞིག་བཅངས་ཡོད་ཀྱང༌། ང་ཚོའི་བློ་ཅི་ཙམ་མ་ཞི་བ་དེ་ཙམ་གྱིས་ང་ཚོས་ཕར་ལ་ཁ་རྡུང་གཏོང་བར་མ་ཟད། ཕྱིས་སུ་འགྱོད་པ་སྐྱེ་དགོས་པའི་བྱ་བའང་བྱེད་སྲིད།

ད་དུང་གོམ་པ་སྤོ་བཞིན་མི་ཞིག་ལ་གདོང་ཐུག་བྱས་པ་དང༌། མི་དེས་རང་ལ་སྐད་ལོག་བརྒྱབ་པའི་གནས་སྟངས་ལྟ་བུར་མཚོན་ན། ང་ཚོའི་ཡིད་ཞི་ཞིང་བློ་ལ་སྙིང་རྗེ་ལྡན་པ་དང་ཀུན་སློང་གཙང་མ་ཞིག་ཡོད་ཚེ། ང་ཚོས་མི་དེར་ཕར་རྒོལ་བྱེད་ཀྱི་མ་རེད་མོད། མི་དགེ་བའི་མྱོང་ཚོར་གྱི་ཤུགས་རྐྱེན་འོག་ཏུ་ཡོད་ན། ང་ཚོས་ཕར་རྒོལ་བྱེད་ངེས་རེད། ང་ཚོའི་བྱ་སྤྱོད་ཀྱི་ཀུན་སློང་དགེ་བ་ཡིན་སྐབས། བྱ་སྤྱོད་དེས་གཞན་གྱི་བདེ་བར་རང་ཤུགས་ཀྱིས་ཕན་ཐོགས་པ་དང༌། འདི་ལྟར་ང་ཚོའི་བྱ་སྤྱོད་དེ་ནི་རང་བཞིན་གྱིས་བཟང་སྤྱོད་ཅིག་ཡིན། ད་དུང་ང་ཚོ་སྤྱོད་པ་འདིའི་རིགས་ལ་གོམས་འདྲིས་ཆེ་ན། ཕྱིའི་དཀྲོག་རྐྱེན་བྱུང་ཡང་ང་ཚོའི་བློ་ནི་དེའི་དབང་ཤུགས་ཀྱི་འོག་ཏུ་འཚུད་མི་དགོས་ཏེ། ཐ་ན་ང་ཚོ་ཁོང་ཁྲོ་ལངས་ནས་ཁ་རྡུང་བྱས་ཀྱང༌། སྡང་སེམས་དང་འཁོན་སེམས་སོགས་རང་གི་སེམས་གཏིང་དུ་མེད། ཆོས་དང་བླང་དོར་གྱི་དགོས་དམིགས་ནི། མི་སྒེར་སོ་སོའི་ཀུན་སློང་སྦྱངས་ནས་གཙང་མར་བསྒྱུར་རྒྱུ་འདི་ཡིན་ཞིང༌། འདི་ལྟར་ང་ཚོ་ནི་མི་ཇེ་བཟང་ཞིག་ཏུ་འགྱུར་ཆོག །

སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས། 
 

བདག་གཞན་ནི་འབྲེལ་བ་ཁོ་ནའི་ངོས་ནས་རྟོགས་རྒྱུ་ཞིག་ཡིན་སྟབས། རང་གཞན་གྱི་བདེ་སྡུག་གི་བར་ལ་ལྟོས་བཅས་ཀྱི་འབྲེལ་བ་ཟབ་མོ་ཞིག་ཡོད། དངོས་ཡོད་གནས་ལུགས་ནི་རྟེན་འབྲེལ་གྱི་རང་བཞིན་ཡིན་པར་གཞིགས་ཚེ། གཞན་གྱི་བདེ་སྡུག་དང་གཏན་ནས་མ་འབྲེལ་བའི་བདག་གི་བདེ་སྡུག་ཅིག་མེད་པ་དང༌། དངོས་ཡོད་གནས་ལུགས་ཀྱི་གཞི་རུ་ཡོད་པའི་རྩ་བའི་རྟེན་འབྲེལ་གྱི་རང་བཞིན་འདི་ལ་བརྟེན་ནས་ཁྱེད་ཀྱི་བདེ་སྡུག་ནི་ང་ཡི་བདེ་སྡུག་ཀྱང་ཡིན་ལ། འདུ་ཤེས་ཟབ་མོ་ཞིག་གི་ངོས་ནས་བརྗོད་ན། རང་གཞན་གྱི་བདེ་སྡུག་ནི་གཅིག་ཏུ་འདྲེས་ཡོད།


སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།

ང་རང་ཉིད་ལ་མཚོན་ན། དགེ་སློང་ཞིག་ཡིན་པའི་བདག་གི་འཛིན་པ་དང༌། བོད་པ་ཞིག་ཡིན་པའི་བདག་གི་འཛིན་པ། ད་དུང་བོད་ཀྱི་ས་ཁུལ་ཨ་མདོ་ནས་ཡོང་བའི་བདག་གི་འཛིན་པ་སོགས་ཡོད། བདག་འདི་ཚོ་ཁག་ཅིག་གཞན་ལ་ལྟོས་ན་སྔ་ཞིང༌། བོད་པ་ཞིག་ཡིན་པའི་བདག་གི་འཛིན་པ་ནི་གྲྭ་པ་ཞིག་ཡིན་པའི་འདུ་ཤེས་ལས་སྔ་བ་སྟེ། ངོས་རང་རབ་ཏུ་བྱུང་སྐབས་ལོ་བདུན་ལ་སོན་ཡོད། སྐྱབས་བཅོལ་བ་ཞིག་ཡིན་པའི་བདག་གི་འཛིན་པ་ནི། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་གྲུབ་འགོ་ཚུགས་པ་ཞིག་ཡིན། ཚིག་གཞན་ཞིག་གིས་བརྗོད་ན། རྟེན་གཞི་གཅིག་ལའང་བྱེ་བྲག་ཏུ་འབྱེད་རུང་བའི་མཚོན་རྟགས་མང་པོ་ཡོད་པ་དང༌། བདག་འདི་ཚོ་ཚང་མ་བོད་པ་ཞིག་ཏུ་འཛིན་པའི་བདག་གི་ཁོངས་སུ་གཏོགས་ཤིང༌། བདག་དེ་ནི་ངོས་རང་སྐྱེས་དུས་ནས་གྲུབ་ཡོད། 

འོན་ཀྱང༌། འདི་དག་ནི་མིང་བརྡ་ཙམ་གྱི་ཁྱད་པར་ཡིན་ཞིང༌། ངོ་བོ་གཅིག་གིས་ངོས་རང་གི་མཐར་ཐུག་གི་བདག་དེ་གྲུབ་ཡོད་ཅེས་ང་ཚོས་བརྗོད་མི་ཐུབ། དེ་བཞིན་བདག་གི་འདུ་ཤེས་འདི་ཚོ་ཚོགས་ནས་ངོས་ཀྱི་མཐར་ཐུག་གི་བདག་དེ་གྲུབ་ཡོད་པའང་བརྗོད་མི་ཐུབ། ཐ་ན་ངོས་ཀྱིས་བདག་གི་འཛིན་པ་དེ་ཚོ་ཁ་ཤས་དོར་བར་ཆ་བཞག་ནའང༌། ངའོ་སྙམ་པའི་འདུ་ཤེས་དེ་བསྟུད་མར་གནས་ངེས་ཡིན་ཞིང༌། ངོས་རང་ལ་མཚོན་ན། འདི་ནི་རང་བཞིན་གྱིས་གྲུབ་པའི་བདག་ཅིག་ཡོད་པར་ཐེ་ཚོམ་ཟ་དགོས་པའི་རྒྱུ་མཚན་འཕར་མ་ཞིག་ཡིན།

སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།

ཁྱད་མཚར་བའི་གནས་སྟངས་ཤིག་ནི། ཡར་རྒྱས་ཕྱིན་ཟིན་པའི་རྒྱབ་ཁབ་ཏུ་ཕྱིའི་དངོས་པོའི་བཟོ་ལས་ཀྱི་མཐུན་རྐྱེན་ཚད་མཐོ་བོ་ཞིག་ཡོད་ནའང༌། མི་ཚོར་ཡིད་ཚིམ་ཞིང་སེམས་སྐྱིད་པའི་ཚོར་བ་ཉུང་ཞིང༌། ཆེས་ཡར་རྒྱས་མ་སོང་བའི་རྒྱལ་ཁབ་ཀྱི་མི་ཚོར་ལྟོས་ནའང་ཚད་གཞི་ངེས་ཅན་ཞིག་ནས་སྡུག་བསྔལ་མང་པོ་མྱོང་གི་ཡོད་པར་སྣང༌། ང་ཚོས་ཕྱུག་པོ་དང་དབུལ་བོ་བསྡུར་ཚེ། དབུལ་བོ་ཚོར་ལུས་པོའི་ཐད་ནས་དཀའ་སྡུག་གིས་མནར་ནའང༌། ཁོ་ཚོར་འབྱོར་ལྡན་ཅན་ལ་ལྟོས་ན་དངངས་སྐྲག་དང་སེམས་འཚབ་ཉུང་ཞིང༌། ཕྱུག་པོ་ཚོར་མཚོན་ན། མཆོར་ཆས་ཀྱིས་རྒྱུ་ནོར་ཟད་དུ་འཇུག་པ་དང༌། འགའ་ཤས་ཤིག་གིས་མ་གཏོགས་རང་གི་རྒྱུ་ནོར་དེ་དཀའ་ངལ་དུ་ལྷུང་བའི་མི་ཚོ་དང་མཉམ་སྤྱོད་བྱེད་ཀྱི་མེད། ཁོ་ཚོ་ནི་དཔལ་འབྱོར་འཚོལ་སྡུད་ཀྱིས་བཟི་ནས་རང་ཉིད་ཀྱི་འཚོ་བའི་ནང་དུ་གཞན་གང་ལའང་བསམ་བློ་གཏོང་ལོང་མེད་པ་ལྟ་བུར་གྱུར་ཡོད། འདི་འདྲའི་མྱོས་སྤྱོད་ཀྱི་ཀློང་ན་བདེ་བ་འདོད་པའི་རེ་བའང་བོར་ནས་འབྱོར་ཕྱུག་གིས་འདོད་སྲེད་སྐོང་ཐུབ་ཀྱི་མེད། དེར་བརྟེན་ཁོ་ཚོ་ནི་ཅི་ཞིག་འབྱུང་བར་དོགས་ནས་འཇིགས་སྣང་དང༌། ད་དུང་མ་འདང་བའི་དཀའ་ངལ་གྱིས་རྒྱུན་དུ་མནར་ཞིང༌། ཕྱིའི་སྣང་ངོ་ལ་ཁོ་ཚོའི་འཚོ་བ་ཕུན་སུམ་ཚོགས་པ་ཡིན་རུང༌། དོན་དངོས་སུ་སེམས་ཁམས་དང་མྱོང་ཚོར་གྱི་དཀའ་སྡུག་གྲིབ་མ་ཇི་བཞིན་ཁོ་ཚོ་དང་ཁ་འབྲལ་གྱི་མེད། གནས་སྟངས་འདི་ནི་ཕྱི་དངོས་པོའི་ཐད་ནས་ཡར་རྒྱས་ཕྱིན་ཟིན་པའི་སྤྱི་ཚོགས་ཀྱི་ནང་དུ་སེམས་ཁྲལ་དང༌། བློ་ཕམ། ཡིད་མ་ཚིམས་པ། སེམས་མ་བདེ་བ་དང་སྐྱོ་ཞུམ་ལྟ་བུའི་སེམས་ཀྱི་སྡུག་བསྔལ་ཁྱབ་གདལ་ཆེ་ཞིང༌། སེམས་ཁྲལ་སློང་བའི་ཚད་གཞི་ཞིག་ལ་སླེབས་ཡོད་པ་དེས་མཚོན་ཐུབ། ད་དུང་ནང་སེམས་ཀྱི་སྡུག་བསྔལ་འདི་ཚོ་ནི། དགེ་སྤྱོད་ཀྱི་ངོ་བོ་ཅི་ཞིག་གིས་གྲུབ་ཡོད་མེད་དང༌། དེའི་རྟེན་གཞི་ཅི་ཞིག་ཡིན་མིན་གྱི་ཐད་ལ་མགོ་རྙོག་མང་དུ་འགྲོ་བཞིན་པ་དང་ཡང་འབྲེལ་བ་ཡོད་པ་གསལ་པོ་རེད།ཕྱི་ནང་མི་མཐུན་པའི་གནས་སྟངས་འདི་ནི། ངོས་རང་ཕྱི་རྒྱལ་ལ་འགྲོ་དུས་ཕལ་ཆེར་རྒྱུན་དུ་མཐོང་གི་ཡོད། ངོས་རང་རྒྱལ་ཁབ་གསར་པ་ཞིག་གི་ནང་དུ་འབྱོར་སྐབས། ཐོག་མའི་སྣང་བ་ཚང་མ་མིག་ལ་མཛེས་ཤིང་ཞི་བག་ལྡན་པ་ཞིག་རེད། ངོས་རང་ཐུག་པའི་མི་ཚང་མ་ཞི་དུལ་ལྡན་ཞིང༌། ཁོ་ཚོའི་འཚོ་བའི་ནང་དུ་འཁང་ར་བྱེད་དགོས་པ་ཅི་ཡང་མེད་པ་འདྲ། འོན་ཀྱང༌། ངོས་ཀྱིས་རིམ་པས་རྣ་བ་གཏོད་དུས་ཁོ་ཚོའི་རྙོག་དྲ་དང་སེམས་ཁྲལ་སོགས་གོ་རྒྱུ་མང་པོ་འདུག ཕྱིའི་རྣམ་པ་དང་ལྡོག་ནས་ཁོ་ཚོའི་འཚོ་བའི་ནང་དུ་ཡིད་མ་ཚིམས་པ་དང་དངངས་སྐྲག་གིས་ཁེངས་ཤིང༌། རང་ཉིད་ཁེར་རྐྱང་དུ་ལྷག་པའི་ཚོར་བ་ཤུགས་དྲག་ནས་སྐྱོ་ཞུམ་གྱིས་གདུང་བ་དང༌། འདི་འདྲའི་ཡི་མུག་པའི་རྣམ་པ་ནི་ཡར་རྒྱས་ཕྱིན་ཟིན་པའི་སྤྱི་ཚོགས་ཀྱི་ཁྱད་ཆོས་ཤིག་ཏུ་གྲུབ་ཡོད། 

སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས། 
 

ངོས་ཀྱི་ལྟ་ཚུལ་ལ། ཆོས་ལུགས་དང་ཆོས་གཉིས་ཀྱི་བར་ལ་ཁྱད་པར་གལ་ཆེན་ཞིག་འབྱེད་ཆོག ཆོས་ལུགས་ཞེས་པ་ནི། སྲོལ་རྒྱུན་གང་རུང་ཞིག་གིས་བཞག་པའི་མཐར་ཐུག་གི་གོ་འཕང་ལ་དད་པ་བྱེད་པ་དང༌། མངོན་སུམ་ཡིན་པའི་འཇིག་རྟེན་གྱི་དངོས་ཡོད་གནས་ལུགས་ལས་འདས་པའི་ཡུལ་ཏེ། གཅིག་བྱས་ན་བཀོད་པ་པོའི་ཞིང་ཁམས་སམ་མྱང་འདས་ལྟ་བུའི་དོན་སྤྱི་སོགས་ཀྱང་དད་པ་དེའི་ཆ་ཤས་སུ་ཁས་ལེན་བྱེད་པའི་སྒྲིག་གཞི་ཞིག་ཡིན་ཞིང༌། གསུང་རབ་དང་བཀའ་ལུང༌། ཆོ་ག་དང་ཞལ་འདོན་སོགས་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་ཅིག་ཡིན། འོན་ཀྱང༌། ཆོས་ནི་རང་གཞན་གཉིས་ཀར་བདེ་བ་བསྐྲུན་པའི་འགྲོ་བ་མིའི་བློ་དང་འབྲེལ་བའི་ཡོན་ཏན་ཏེ། བརྩེ་བ་དང་སྙིང་རྗེ། བཟོད་པ་དང་དགོངས་ཡངས། ཆོག་ཤེས་དང་གཞན་སེམས། མཐུན་འབྲེལ་གྱི་འདུ་ཤེས་སོགས་ལ་གཙོ་བོར་འབྲེལ་ཡོད། ཆོ་ག་དང་ཞལ་འདོན། མྱང་འདས་དང་དག་ཞིང་ལྟ་བུའི་གནད་དོན་ཆོས་ལུགས་དང་ཐད་ཀར་འབྲེལ་ཡོད་རུང༌། བློའི་ཡོན་ཏན་འདི་རྣམས་ནི་ཆོས་ལུགས་དང་ཐད་ཀར་འབྲེལ་བ་ཡོད་དགོས་ངེས་ཤིག་མིན། དེ་བས་ན་ང་ཚོས་ཆོས་ལུགས་སམ་མངོན་སུམ་གྱི་མྱོང་བྱ་མ་ཡིན་པའི་ཡིད་ཆེས་ཀྱི་སྒྲིག་གཞི་ཞིག་ལ་སྐྱབས་མ་བཅོལ་བར། བློའི་ཡོན་ཏན་དེ་རྣམས་ཚད་གཞི་མཐོ་བོ་ཞིག་ལ་གོང་འཕེལ་དུ་མི་གཏོང་བའི་རྒྱུ་མཚན་མེད་པ་དང༌། འདི་ནི་སྐབས་འགར་ངོས་ཀྱིས་ཆོས་ལུགས་མེད་རུང་ཡང༌། བློའི་གཞི་རྩའི་ཡོན་ཏན་རྣམས་མེད་དུ་མི་རུང་བར་བརྗོད་པའི་རྒྱུ་མཚན་གཙོ་བོ་ཞིག་ཡིན།

སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས། 
 

ཉིན་རེར་རང་ཉིད་རྗེས་སུ་འཇུག་པའི་ཆོས་ལུགས་ཀྱི་ལྟ་བ་དང་སྡོམ་ཁྲིམས་རྣམས་བློ་སེམས་རྩེ་གཅིག་གིས་དང་དུ་ལེན་མཁན་ནི། འཛམ་གླིང་ཡོངས་སུ་དུང་ཕྱུར་བཅུ་ཙམ་ལོན་མིན་ཡང་ཐེ་ཚོམ་ཡིན་ཞིང༌། གཞི་འདི་འདྲ་ཞིག་ལ་སྦྱར་ནས་བཤད་ན། ལྷག་མའི་མི་དུང་ཕྱུར་ལྔ་བཅུ་ཐམ་པ་ནི་ཆོས་ལུགས་ཉམས་ལེན་བྱེད་མཁན་མིན་པ་དང༌། ཆོས་ལུགས་ཉམས་ལེན་བྱེད་མཁན་དེ་ཚོ་ཡང་ཆོས་ལུགས་འདྲ་མིན་ཞིག་གི་རྗེས་སུ་འབྲང་གི་ཡོད། མིའི་སྤྱི་ཚོགས་ཀྱི་གོམས་སྲོལ་སྣ་ཚོགས་ལ་གཞིགས་ཚེ། ཆོས་ལུགས་གཅིག་གིས་ང་ཚོའི་འདོད་དོན་ཐམས་ཅད་ཤིན་ཏུ་སྒྲུབ་དཀའ་ཞིང༌། ད་དུང་འགྲོ་བ་མི་རྣམས་ཆོས་ལུགས་ལ་སྐྱབས་མ་བཅོལ་བར་ལེགས་པར་འཚོ་ཐུབ་པའི་མཇུག་སྡོམ་ཡང་ང་ཚོས་འཇོག་ཆོག །

སྐད་ཆ་འདི་དག་ནི་ཆོས་ལུགས་ཀྱི་མི་སྣ་ཞིག་གིས་བཤད་པའི་ཆ་ནས་རྒྱུན་ལྡན་མ་ཡིན་པ་ཞིག་ཏུ་མཐོང་སྲིད། འོན་ཀྱང༌། ངོས་ནི་ཏཱ་ལའི་བླ་མ་ཡིན་པར་བོད་པ་ཞིག་ཡིན་དགོས་པ་དང༌། བོད་པ་ཞིག་ཡིན་པར་འགྲོ་བ་མི་ཞིག་ཡིན་དགོས། དེས་ན་ཏཱ་ལའི་བླ་མ་ཡིན་པའི་ཆ་ནས་ངོས་ཀྱིས་བོད་མི་ཚོར་དམིགས་བསལ་གྱི་འགན་ཞིག་འཁུར་དགོས་ཤིང༌། གྲྭ་པ་ཞིག་ཡིན་པའི་ཆ་ནས་ཆོས་ལུགས་ཁག་གི་བར་ལ་མཐུན་འགྲིག་སྤེལ་བའི་འགན་དང༌། ལྷག་ཏུ་མི་ཞིག་ཡིན་པའི་ཆ་ནས་འགྲོ་བ་མིའི་ཁྱིམ་གཞི་ཆེན་པོ་འདི་ལ་འགན་ཆེན་པོ་ཞིག་འཁུར་དགོས་ལ། འགན་འདི་ནི་ང་ཚོ་ཚང་མར་ཡོད་པ་ཞིག་ཡིན། མི་མང་ཆེ་བས་ཆོས་ལུགས་ཉམས་ལེན་བྱེད་ཀྱི་མེད་སྟབས། ངོས་ཀྱི་དམིགས་ཡུལ་ནི་ཆོས་ལུགས་ལ་སྐྱབས་མ་བཅོལ་བར་འགྲོ་བ་མི་སྤྱི་ལ་ཞབས་ཕྱི་སྒྲུབ་ཐབས་ཤིག་འཚོལ་རྒྱུ་དེ་ཡིན།

སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།
 

ལོངས་སྤྱོད་ལས་བྱུང་བའི་བདེ་བ་ནི་དབང་པོའི་ཤེས་ཚོར་གྱི་གནས་རིམ་ལས་བརྒལ་མེད་པ་དང༌། ཅི་སྟེ་ང་ཚོ་ནི་དུད་འགྲོ་དང་གཅིག་པ་ཡིན་ན་དེ་ཡིས་ཆོག་མོད། འགྲོ་བ་མི་ནི་རྙོག་འཛིང་གི་རང་བཞིན་ཅན་ཡིན་ཞིང༌། ལྷག་ཏུ་ང་ཚོར་བསམ་བློ་དང་མྱོང་ཚོར། འཆར་སྣང་དང་རིག་སྟོབས་སོགས་ཡོད་སྟབས། ང་ཚོའི་འདོད་པ་ནི་དབང་ཤེས་ཀྱི་མྱོང་བ་ནས་ཕ་རོལ་ཏུ་བརྒལ་ཡོད་ལ། འཚོ་བའི་མཐུན་རྐྱེན་ཚང་ནའང་མི་ཚོས་དངངས་སྐྲག་དང་སེམས་ངལ། མགོ་རྙོག་དང་སྐྱོ་ཞུམ་མྱོང་བཞིན་པ་ནི་དེའི་མཚོན་རྟགས་གསལ་པོ་ཞིག་ཡིན།  རྩ་བ་སྣང་མེད་དུ་བཏང་བའི་གནད་དོན་འདི་ཐག་གཅོད་མ་བྱས་པར། ང་ཚོའི་དཀའ་ངལ་རྣམས་ཏེ། ཕྱི་ནས་མྱོང་བའི་དམག་འཁྲུག་དང༌། འཆལ་སྤྱོད། དྲག་སྤྱོད་སོགས་དང༌། ནང་ནས་མྱོང་བའི་ང་ཚོའི་སེམས་ཁམས་དང་མྱོང་ཚོར་གྱི་སྡུག་བསྔལ་རྣམས་སེལ་ཐབས་མེད་པ་ཡིན། དེར་བརྟེན་ལོ་བརྒྱ་ཕྲག་ལྷག་གི་ལས་འགུལ་ཏེ། མང་གཙོ་དང༌། སྒེར་དོན་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱིས་ང་ཚོའི་བསམ་བློ་མཐོར་འདེགས་བྱས་ཡོད་ཀྱང༌། ཐོག་མའི་དམིགས་ཡུལ་ཇི་བཞིན་ང་ཚོར་སྤྱི་ཁྱབ་ཀྱི་བདེ་སྐྱིད་ཅིག་བསྐྲུན་མེད། ང་ཚོར་གསར་བརྗེ་ཞིག་དགོས་པ་ནི་མངོན་གསལ་ཡིན་ནའང༌། དེ་ནི་ཆབ་སྲིད་དང༌། དཔལ་འབྱོར། འཕྲུལ་ལས་སོགས་ཀྱི་གསར་བརྗེ་ཞིག་མིན་ཞིང༌། ཕྱི་ལ་ཕྱོགས་པའི་ལས་འགུལ་ཞིག་གིས་མི་འགྲིག་པ་འདས་པའི་དུས་རབས་འདིའི་ཉམས་མྱོང་གིས་གསལ་པོར་སྟོན་པ་དང༌། ངོས་ཀྱིས་འདིར་གྲོས་གཞི་རུ་འདོན་བཞིན་པ་ནི། ཆོས་ཀྱི་གསར་བརྗེ་ཞིག་ཡིན།

སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།


 

ཚན་རིག་གི་གྲུབ་འབྲས་ལ་བརྟེན་པ་མང་དྲགས་ན་གནོད་སྐྱོན་ཅི་ཞིག་འབྱུང་བ་ང་ཚོས་ངོས་འཛིན་དགོས་པའང་གལ་ཆེན་ཡིན། དཔེར་ན། ཆོས་ལུགས་ཀྱི་ཤན་སྟོབས་ཉམས་པ་དང༌། ཉིན་རེའི་འཚོ་བའི་ནང་དུ་ང་ཚོས་རང་ཉིད་ཀྱི་སྤྱོད་ལམ་ཇི་ལྟར་བཀོད་འདོམས་བྱེད་དགོས་པའི་དཀའ་ངལ་དང་འབྲེལ་ནས་མགོ་རྙོག་མང་པོ་འབྱུང་བཞིན་ཡོད། སྔ་མའི་དུས་སུ་ཆོས་ལུགས་དང་བླང་དོར་གྱི་རྣམ་གཞག་གི་བར་ལ་འབྲེལ་བ་དམ་པོ་མཆིས་ཤིང༌། དེང་དུས་མི་མང་པོ་ཞིག་གིས་ཚན་རིག་གིས་ཆོས་ལུགས‘སུན་ཕྱུང’ཡོད་པའི་ཡིད་ཆེས་བྱེད་པར་མ་ཟད། ཆོས་ལུགས་ཀྱི་དབང་ཚད་ལ་མཐའ་མའི་བདེན་དཔང་མེད་སྟབས། བླང་དོར་ནི་གང་ཟག་སྒེར་སོ་སོའི་གདམ་ཀའི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། སྔོན་མར་ལྟ་གྲུབ་སྨྲ་བ་དང༌། ཚན་རིག་པ་ཚོས་འགྱུར་བ་མེད་པའི་ཆོས་ཉིད་དང་ལྟོས་མེད་ཀྱི་བདེན་པ་གཏན་ལ་འབེབས་པར་རྨང་གཞི་བརྟན་པོ་དགོས་པ་ཆེས་གལ་ཆེན་དུ་བརྩིས་ཡོད་ནའང༌། དེང་དུས་འཚོལ་ཞིབ་དེའི་རིགས་ནི་འབྲས་མེད་དུ་མཐོང་གི་ཡོད། དེར་བརྟེན་ང་ཚོ་རྦད་དེ་ལྡོག་ཕྱོགས་སུ་སོང་ནས་མཐའ་གཞན་དུ་ལྷུང་བཞིན་པ་དང༌། མཐའ་དེར་མཐར་གཏུགས་ན་ཅི་ཡང་གྲུབ་མེད་ཅིང༌། ཐ་ན་དངོས་ཡོད་གནས་ལུགས་དེ་ཉིད་ཀྱང་ཐེ་ཚོམ་གྱི་གནས་ཤིག་ཆགས་ཡོད། འཕེལ་ཕྱོགས་འདིས་ཅི་ཡིན་ཆ་མ་འཚལ་བའི་ཟིང་རྙོག་བསྐྲུན་རྒྱུ་རེད། 

སྟོང་ལོ་གསར་བའི་བླང་དོར་གྱི་རྣམ་གཞག་ཅེས་པ་ལས་བཏུས།
 

དེ་རིང་ང་ཚོས་སོ་སོའི་དགྲ་བོར་བརྩི་བའི་མི་རྣམས་གཏན་དུ་དེ་ལྟར་གནས་ངེས་མིན་ལ། དེ་ནི་ང་ཚོའི་གཉེན་གྱི་ཕྱོགས་ལའང་གཅིག་མཚུངས་ཡིན། དེར་མ་ཟད་སྐབས་རེ་གཉེན་གྱི་ཕྱོགས་ལ་ང་ཚོའི་ཚོར་སྣང་གིས། དཔེར་ན་ཆགས་ཞེན་ལྟ་བུས་ང་ཚོར་དཀའ་ངལ་བཟོ་སྲིད། ཆབས་ཅིག་སྐབས་རེ་དགྲ་དང་འབྲེལ་གཏུགས་བྱེད་པས། གཅིག་བྱས་ན་ང་ཚོར་སྟོབས་ཤུགས་སྦྱིན་པ་དང་སྤྱང་གྲུང་ལྡན་པར་གྱུར་ཏེ། ཁེ་ཕན་འཐོབ་སྲིད། དེ་ལྟའི་རྙོག་འཛིངས་ལ་བསམ་ཞིབ་བྱེད་པས། གང་ལྟར་མི་དེ་དག་ཚོ་ཁག་གསུམ་པའམ་དང་པོའི་ཁོངས་མི་གང་ཡིན་ཀྱང་། ཐལ་ཆ་ཆེ་བའི་སྒོ་ནས་གཞན་ལ་འབྲེལ་གཏུགས་བྱེད་པའི་ཕན་མེད་ཀྱི་རང་བཞིན་ཐོག་རང་ལ་བསམ་ཞིབ་ནན་པོ་བྱེད་དུ་འཇུག་གི་ཡོད། ནམ་ཞིག་གཞན་ལ་འབྲེལ་གཏུགས་བྱེད་སྟངས་འདིས་གཞན་ལ་སེམས་ཁུར་བྱ་རྒྱུ་གོང་འཕེལ་གཏོང་བའི་རང་གི་ནུས་པ་ཇེ་ཆུང་དུ་གཏོང་བ་དང་རང་གི་སེམས་ཀྱི་ཞི་བདེར་ཤུགས་རྐྱེན་ངན་པ་ཞིག་ལྡན་པ་རང་གིས་མཐོང་བ་ན། ཐལ་ཆ་ཆེ་བའི་རང་གི་ཚོར་སྣང་ཤུགས་ཆུང་དུ་གཏོང་ཐབས་བྱེད་དགོས། སྐབས་ཤིག་ལ་དམིགས་ཡུལ་ནི། རང་གིས་ཉེ་རིང་གི་སྒོ་ནས་མི་རྣམས་སྡེ་ཚན་དུ་ཕྱེས་པ་བཞིན་དགྲ་དང་གཉེན་གྱི་འདུ་ཤེས་མེད་པར། གཞི་རྩའི་འདྲ་མཉམ་གྱི་ཆ་ནས་སྤུན་ཟླ་མི་རིགས་གཅིག་གྱུར་ཡིན་པ་རང་གིས་ངོས་འཛིན་བྱས་ནས། གཞན་ལ་འབྲེལ་བ་བྱེད་ཐུབ་པ་ཡོང་གི་ཡོད། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།
 

ཉོན་མོངས་ཚང་མར་ཐུན་མོང་དུ་ཡོད་པའི་ཁྱད་ཆོས་གཅིག་ནི་ང་ཚོའི་གནས་ལུགས་ཀྱི་སྣང་བ་ཕྱིན་ཅི་ལོག་ཏུ་སྒྱུར་བའི་འདོད་ཕྱོགས་དེ་ཡིན། དེ་དག་གིས་ང་ཚོའི་ལྟ་ཚུལ་གུ་དོག་པོ་བཟོ་བས། ང་ཚོས་གནས་སྟངས་བྱེ་བྲག་པ་ཞིག་ལ་རྒྱ་ཆེ་ས་ནས་ལྟ་ཐུབ་ཀྱི་མེད། དཔེར་ན། ང་ཚོས་འདོད་ཆགས་དང་། ཆགས་སེམས་སམ་འདོད་རྔམ་ཤུགས་དྲག་པོ་ལྟ་བུའི་ཞེན་པ་ཤུགས་ཆེན་པོ་ཞིག་མྱོང་བཞིན་པའི་སྐབས། རྒྱུན་དུ་ང་ཚོས་སོ་སོའི་འདོད་ཆགས་ཀྱི་ཡུལ་སྟེང་དུ་དངོས་པོའི་གནས་ཚུལ་ལས་བརྒལ་བའི་ཡིད་དུ་འོང་བ་ཞིག་སྒྲོ་འདོགས་ཀྱི་ཡོད། དེར་བརྟེན་ཐ་ན་ང་ཚོས་མངོན་གསལ་དོད་པའི་ནོར་འཁྲུལ་དག་ཀྱང་མཐོང་མི་ཐུབ། ང་ཚོར་ཞེན་ཆགས་ཤུགས་ཆེན་པོ་ཡོད་པའི་སྐབས། ང་ཚོས་རང་ཉིད་བརྟན་ཆ་མེད་པ་བཟོ་གི་ཡོད་པ་དེའང་། འདོད་ཆགས་ཀྱི་ཡུལ་དེ་འཐོབ་དགོས་པ་དང་མ་ཐོབ་ན་ཆ་མ་ཚང་བ་ཞིག་ཏུ་ཚོར་གྱི་ཡོད། ཆགས་ཞེན་ཤུགས་དྲག་པོའི་ནང་ད་དུང་སྟངས་འཛིན་བྱེད་པའི་འདོད་ཆགས་ཚུད་ཅིང་། འདོད་ཆགས་དེའི་ཡུལ་གང་ཟག་གཞན་ཞིག་ཡིན་ཚེ། དེས་དཀའ་ངལ་ཆེན་པོ་བཟོ་སྲིད། རྒྱུ་མཚན་དེར་བརྟེན། ཆགས་ཞེན་ཤུགས་དྲག་པོ་ནི་ངོ་བོ་ཉིད་ནས་བརྟན་ཆ་མེད་པ་ཞིག་ཡིན། སྐབས་ཤིག་ལ་ང་ཚོས་གང་ཞིག་གམ་མི་ཞིག་ལ་བརྩེ་བའི་ཚོར་བ་ཤུགས་དྲག་པོ་སླེབ་སྲིད། འོན་ཀྱང་དཔེར་ན། སྟངས་འཛིན་བྱེད་འདོད་པའི་ང་ཚོའི་འདོད་ཆགས་ལ་འགལ་རྐྱེན་འཕྲད་སྐབས། ཚོར་བ་དེའང་ལས་སླ་པོར་འཁོན་འཛིན་ནམ་ཞེ་སྡང་དུ་འགྱུར་གྱི་ཡོད། 

དེ་དང་ཕྱོགས་མཚུངས་ལྟ་སྟངས་མི་མཐུན་པ་ཞིག་གིས། ཁོང་ཁྲོ་དང་། ཞེ་སྡང་། ཁྱད་གསོད་དམ་འཁོན་འགྲས་ལྟ་བུའི་ཞེན་ལོག་གི་སེམས་ཚོར་དྲག་པོ་མཚོན་གྱི་ཡོད། དཔེར་ན། སེམས་མ་འཁྲུགས་པར་ཡོད་པའི་སྐབས་སུ་མིའམ་དངོས་པོ་ཞིག་ལ་ཡིད་སྨོན་སྐྱེ་འོས་པའི་ཁྱད་ཆོས་མང་པོ་ལྡན་པ་ང་ཚོས་ངོས་འཛིན་བྱེད་ཐུབ་ནའང་། ཁོང་ཁྲོ་དྲག་པོ་ལང་པའི་སྐབས། ཁོང་ཁྲོའི་ཡུལ་དུ་གྱུར་པའི་དངོས་པོ་དེ་ཉིད་རྟག་ཏུ་བརྒྱ་ཆ་བརྒྱ་ཐམ་པ་ཡིད་དུ་མི་འོང་བ་ཞིག་ཏུ་སྣང་གི་ཡོད། ཧ་ཅང་ཤུགས་ཆེ་བའི་སེམས་ཚོར་གྱིས་ང་ཚོའི་རྣམ་དཔྱོད་ཀྱི་ནུས་པ་ཉམས་དམས་པར་བྱེད་ཅིང་། ང་ཚོས་སོ་སོའི་བྱ་སྤྱོད་ཀྱི་འཕྲལ་ཕུགས་གཉིས་ཀྱི་ལག་རྗེས་མཐོང་ཐུབ་ཀྱི་མེད་པ་དང་། དེའི་ཉེར་འབྲས་སུ། ང་ཚོས་འགྲིགས་པ་དང་ནོར་བའི་དབར་ཁྱད་པར་འབྱེད་ཐུབ་ཀྱི་མེད། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།



འཛམ་གླིང་ནང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་གཏིང་ཟབ་ཡོད་པའི་དུས་སྐབས་འདིར།   དམག་འཁྲུག་ནི་དུས་ཚོད་ཡོལ་ཟིན་ཞིང་རྒྱུ་མཚན་དང་མི་ལྡན་པ་ཞིག་ཡིན། གནའ་བོའི་དུས་སུ་སྡེ་ཚན་གཉིས་ཀྱི་ཁེ་ཕན་ཕྱོགས་ཡོངས་ནས་ཐ་དད་དུ་ཡོད་སྐབས། དྲག་སྤྱོད་ནི་མཐའ་མའི་ཐབས་ལམ་ཞིག་ཏུ་བེད་སྤྱོད་བྱེད་པར་རྒྱུ་མཚན་ཞིག་ཡོད་ཤས་ཆེ། འོན་ཀྱང་དེང་སྐབས་གནད་དོན་དེ་ལྟར་མ་ཡིན། ཁོར་ཡུག་དང་། དཔལ་འབྱོར། ཆབ་སྲིད་བཅས་ཀྱི་ཐོག་ནས་ས་ཁུལ་དང་མི་ཚང་མ་ཕན་ཚུན་འབྲེལ་ནས་ཡོད། ས་ཁུལ་གཅིག་ནང་དམག་འཁྲུག་དང་། བཙན་གནོན། ཡང་ན་མི་སེར་འཁྲུག་ཟིང་བྱུང་བས་བཟློག་ཏུ་མེད་པར་འཛམ་གླིང་གི་ས་ཁུལ་གཞན་ནང་གི་མི་རྣམས་ལའང་ཤུགས་རྐྱེན་ཐེབས་ངེས་ཡིན། དྲག་སྤྱོད་རིང་ལུགས་ཀྱི་དཀའ་ངལ་ནི་ཚབས་ཆེ་བའི་དཔེ་མཚོན་ཞིག་ཡིན། མི་རྣམས་ལ་གཏོར་བཤིག་གཏོང་བར་ཀུན་སློང་སྤེལ་ཚེ། ཉེན་རྟོག་སྐོར་སྲུང་ངམ་བདེ་འཇགས་ཀྱི་ལམ་ལུགས་གང་གིས་ཀྱང་ནམ་ཡང་བཀག་འགོག་མི་ཐུབ།

གཞན་ཡང་དྲག་སྤྱོད་ནི་དཀའ་རྙོག་སེལ་བར་དོན་དངོས་དང་མི་མཐུན་པའི་ཐབས་ལམ་ཞིག་ཏུ་སྟོན་མཁན་གྱི་རྐྱེན་ཞིག་ནི་དེའི་སྔོན་དཔག་མི་ཐུབ་པའི་མཇུག་འབྲས་ཡིན། ཉེ་བའི་ཨི་རག་གི་དམག་འཁྲུག་ནི་དེའི་དཔེ་མཚོན་འཁྲུལ་མེད་ཅིག་ཡིན། མ་གཞི་ཐོག་མའི་དམིགས་དོན་ཡང་ཚད་གཞི་ངེས་ཅན་གྱི་ལས་འགུལ་ཞིག་བཀོད་འདོམས་བྱ་ཕྱིར་ཡིན་ཀྱང་། དེའི་མཇུག་འབྲས་ཡུན་རིང་པོར་གནས་པ་དང། ད་དུང་ཐག་གཅོད་མི་ཐུབ་པའི་དཀའ་རྙོག་དེས་ནག་ཉེས་མེད་པའི་མི་ས་ཡ་མང་པོའི་ཚེ་སྲོག་ཕྲོགས། 

དུས་རབས་ཉི་ཤུ་རྩ་གཅིག་པའི་འབྱུང་འགྱུར་གྱི་ལོ་ངོ་དེ་དག་ནང་། འདས་པའི་ནོར་འཁྲུལ་རྣམས་བསྐྱར་ཟློས་མི་ཡོང་བར་ང་ཚོས་ངེས་པར་དུ་ཏན་ཏན་ཏིག་ཏིག་བྱེད་དགོས། ངེད་ཅག་གི་འཛམ་གླིང་ནང་དྲག་སྤྱོད་ཀྱི་གནས་སྟངས་ཉུང་དུ་གཏོང་བའི་ཐབས་ལམ་གཅིག་པུ་དེ་ནི་གོ་ལའི་སྟེང་གི་མི་ག་ཚོད་མང་མང་གིས་ཆེད་དུ་མངགས་ནས་གོ་མཚོན་བཀག་སྡོམ་བྱེད་པའི་ལངས་ཕྱོགས་ཤིག་འགོ་འཛུགས་བྱེད་དགོས། གོ་མཚོན་བཀག་སྡོམ་བྱེད་པ་ནི་ལག་ལེན་དངོས་ཀྱི་ནང་སྙིང་རྗེའི་རང་བཞིན་ཆགས་ཡོད། དེར་བརྟེན་གང་དགོས་པ་ནི། སྒེར་གྱི་རིམ་པའི་ཐོག་ནས་ཞེ་སྡང་དང་། ཕྱོགས་ལྷུང་། མི་བཟོད་པ་བཅས་མེད་པའི་ནང་སེམས་ཀྱི་གོ་མཚོན་བཀག་སྡོམ་དང་། རྒྱལ་ཁབ་དང་མངའ་སྡེའི་རིམ་པའི་ཐོག་ནས་ཕྱིའི་གོ་མཚོན་བཀག་སྡོམ་སྟེ་གཉིས་ཀ་བྱེད་དགོས་པ་ཡིན། ང་ཚོས་མི་རབས་སྔོན་མ་ནས་བརྒྱུད་པའི་རྨ་ཁ་དེའི་སྟེང་ཚྭ་བླུག་རྒྱུའི་ཚབ་ལ་གྲོས་མོལ་དང་། མཉམ་ལས། བསམ་ཤེས་བཅས་ལ་བློ་གཏད་དེ་ང་ཚོའི་འགལ་ཟླ་རྣམས་ངེས་པར་དུ་སེལ་འགོ་འཛུགས་དགོས། གོ་ལའི་མི་འབོར་མུ་མཐུད་འཕེལ་རྒྱས་འགྲོ་བ་དང་། རྒྱ་ནག་དང། རྒྱ་གར། བི་ར་ཛེལ་ལ་སོགས་པའི་རྒྱལ་ཁབ་ཆེ་ཁག་རྣམས་ཀྱི་དཔལ་འབྱོར་རྒྱ་སྐྱེད་མྱུར་པོར་མདུན་སྐྱོད་བྱེད་པ་དང་དུས་མཚུངས། རྗེས་ཤུལ་འགྱུར་རྡོའི་བུད་རྫས་ཙམ་མིན་པར་གཞི་རྩའི་དགོས་མཁོ་ཆུ་དང་། བཟའ་ཆས། ས་ཆ་ཐེ་བའི་རང་བྱུང་ཐོན་ཁུངས་ཆེད་གོ་ལ་ཡོངས་ཀྱི་འགྲན་སྡུར་ནི་འགོག་ཐབས་མེད་པར་ཛ་དྲག་ཏུ་འགྲོ་རྒྱུ་རེད། དེར་བརྟེན་ང་ཚོའི་མི་རབས་གཞོན་པ་རྣམས་དང་ང་ཚོའི་མ་འོངས་པའི་ལྟ་སྐྱོང་བྱེད་པོ་རྣམས་ཀྱིས་དམག་འཁྲུག་གི་ཕན་མེད་རང་བཞིན་ལ་གོ་རྟོགས་བརྟན་པོ་ཞིག་རྙེད་པ་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། འཚེ་མེད་ཞི་བ་ནི་དྲང་བདེན་མེད་པ་ཐག་གཅོད་བྱ་རྒྱུར་ཕུགས་འཕེར་ཐུབ་པའི་ཐབས་ལམ་ལེགས་ཤོས་དེ་ཡིན་པ་ང་ཚོས་བདག་ཉིད་ཆེན་པོ་གཱན་དྷཱི་དང་མར་ཊིན་ལུ་ཐར་ཀིང་གི་རླབས་ཆེ་བའི་མཛད་འཕྲིན་ལས་སློབ་སྦྱོང་བྱེད་ཐུབ། དུས་རབས་ཉི་ཤུ་པ་དེ་འཚེ་བའི་དུས་རབས་ཤིག་ཏུ་གྱུར་ནའང་། དུས་རབས་ཉི་ཤུ་རྩ་གཅིག་པ་དེ་ང་ཚོས་གྲོས་མོལ་གྱི་དུས་རབས་ཤིག་ཏུ་འགྱུར་ཐུབ་པ་བྱེད་དགོས། 



ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།
 

ཕྲག་དོག་ནི་གང་ལ་གང་འཚམ་རྙོག་འཛིངས་ཆེ་བའི་ཉོན་མོངས་ཀྱི་སྡེ་ཚན་ཞིག་ཡིན། གང་ཡིན་ཞེ་ན། དེའི་རྩ་བ་ཆགས་ཞེན་དང་ཡིད་འཕྲོག་པའི་ནང་དུ་ཚུགས་ཤིང་། དེ་ལ་ད་དུང་ཁོང་ཁྲོ་དང་། སྡང་འཛིན། མི་དགའ་བའི་སེམས་བཅས་ཀྱི་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། བདེ་སྐྱིད་ཐོག་ཉེ་དུས་ཚན་རིག་གི་ཉམས་ཞིབ་བྱས་པས། དེང་དུས་ཀྱི་འཛམ་གླིང་དང་ལྷག་པར་དུ་འབྱོར་ལྡན་གྱི་སྤྱི་ཚོགས་ཁྲོད་ཆོག་མི་ཤེས་པའི་གཞི་རྩའི་འབྱུང་ཁུངས་གཅིག་ནི། ང་ཚོའི་ཉེ་འཁོར་དུ་ཡོད་པ་རྣམས་དང་རང་ཉིད་འགྲན་བསྡུར་བྱེད་པའི་འགྲོ་བ་མིའི་འདོད་ཕྱོགས་དེ་ཡིན་པ་ཤེས་རྟོགས་བྱུང་ཡོད། གཞི་རྩའི་ཆ་ནས་དེས་ཕྲག་དོག་ལས་བྱུང་བའི་དཀའ་ངལ་གྱི་རྐྱེན་རྩ་བྱེད་ཀྱི་ཡོད། 

ཆོས་ལུགས་ཀྱི་མཚམ་སལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།
 

དུས་རབས་ཉི་ཤུ་པ་ནི་སྔོན་ཆད་བྱུང་མྱོང་མེད་པའི་འགྲོ་བ་མིའི་འཁྲུག་རྩོད་ཀྱི་ཁེངས་པའི་དུས་སྐབས་ཤིག་ཡིན། དམག་འཁྲུག་དང་། གསར་བརྗེ། མི་རིགས་སྡེབ་གསོད་སྐབས་མི་ས་ཡ་བརྒྱ་ཕྲག་གཉིས་ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད། ནཱ་ཛི་ (Nazi) ཡིས་མི་རིགས་རྩ་མེད་ཤུགས་ཆེ་བཏང་བའི་བྱ་སྤྱོད་ནས་སི་ཏཱ་ལིན་ (Stalin) དང་མའོ་”ཁོ་རང་གི་མི་ཚེའི་སྨད་དུ་”ལྟ་བུའི་བཙན་ཤེད་ཆེ་བའི་དབང་འཛིན་པ་རྣམས་ཀྱིས་མི་གསོད་ཁྲག་སྦྱོར་ཤུགས་ཆེ་བཏང་བའི་བར་དང་། ཀི་མེར་ རོ་ཇིས་ (Khmer Rouge) མི་གསོད་ཁྲག་སྦྱོར་བྱ་ཡུལ་ནས་བལ་ཀན་ (Balkans) ནང་མི་རིགས་རྩ་མེད་གཏོང་ཐབས་བྱས་པ་དང་རཱ་ལྦན་ཌའི་ (Rwanda) ནང་མི་རིགས་སྡེབ་གསོད་གཏོང་བའི་བར་གྱི་འགྲོ་བ་མིའི་རིགས་ལ་མནར་དུ་བཅུག་པའི་སྡུག་བསྔལ་ནི་དོན་དམ་དུ་བཟོད་གླགས་བྲལ་བ་ཞིག་ཡིན། འགྲོ་བ་མིའི་ལོ་རྒྱུས་ཁྲོད་རྟག་ཏུ་དམག་འཁྲུག་གིས་བར་ཆད་བཏང་ཡོད་པ་བརྗོད་མི་དགོས། འགྲོ་བ་མི་གནས་པ་དེ་སྲིད་དུ། ངོས་ཀྱི་བསམ་པར་དཀའ་རྙོག་ནི་དུས་རྟག་ཏུ་ཡོང་བར་ངེས། འོན་ཀྱང་འདས་པའི་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་བཏང་བའི་གཏོར་བཤིག་ནི་སྔོན་ཆད་བྱུང་མྱོང་མེད་པ་ཞིག་ཆགས་ཡོད། ཐ་ན་ཞི་བདེའི་དུས་སྐབས་སུའང་། གཏོར་སྐྱོན་ཆེ་བའི་འགྲོ་བ་མིའི་བཟོ་ལས་རིག་རྩལ་རྒྱུན་མ་ཆད་པར་ཡར་རྒྱས་དང་འཕེལ་རྒྱས་ཕྱིན་ཏེ་ཉོ་ཚོང་བྱས་ཡོད། དེང་སྐབས་འཛམ་གླིང་ནང་མཚོན་ཆ་དེ་དག་གི་གཏོར་སྐྱོན་ལ་བརྟེན་ནས་དངངས་སྐྲག་མ་བསླངས་པའི་ས་ཆ་མེད། འཛམ་གླིང་ནང་དྲག་སྤྱོད་ཀྱི་དཀའ་ངལ་ལ་གདོང་ལེན་བྱེད་བཞིན་པ་དང་འབྱུང་འགྱུར་མི་རབས་རྣམས་ཀྱི་ཆེད་ང་ཚོས་ཉེན་ཁ་མེད་པའི་འཛམ་གླིང་ཞིག་ཇི་ལྟར་སྐྲུན་ཕྱོགས་ཐད་བསམ་བློ་གཏོང་སྐབས། ཆབ་སྲིད་པ་དང་ཁོང་ཚོའི་ཁ་གཏད་པ་ཚོར་སྡོམ་སེམས་ལག་བསྟར་དགོས་པར་རེ་སྐུལ་ཙམ་ཞུ་བ་ལས་ལྷག་པ་ཞིག་ང་ཚོས་ངེས་པར་དུ་བྱེད་དགོས། གཞན་ཡང་ང་ཚོས་བཟོད་བསྲན་བྱེད་བཞིན་པའི་འཇིགས་སྣང་དག་གོ་མཚོན་བཟོ་ལས་དང་ཚོང་སྒྱུར་བྱེད་པ་ཉིད་ལས་བྱུང་བ་དང་། རྒྱུན་དུ་བརྒྱུད་ལམ་གྱིས་རྒྱུན་བསྲིང་བྱས་པའི་དྲག་སྤྱོད་ཀྱི་སྤྱི་སྲོལ་ལས། ངོ་ཐོག་ཏུ་དྲག་སྤྱོད་ནི་འགྲོ་བ་མིའི་དཀའ་རྙོག་སེལ་བར་ལག་བསྟར་རུང་བའི་ཐབས་ལམ་ཞིག་ཏུ་ལྟ་བའི་འཁྲུལ་སྣང་སྤེལ་བར་བྱེད་ཀྱི་ཡོད། དོན་དམ་དུ་ང་ཚོར་ག་རེ་དགོས་ཤེ་ན། འགྲོ་བ་མིའི་གོ་རྟོགས་ཐད་གཞི་རྩའི་འགྱུར་བ་ཞིག་གཏོང་དགོས། དམིགས་བསལ་གྱི་གནས་སྐབས་སུ་མ་གཏོགས་སྐབས་ཚང་མར། དྲག་སྤྱོད་ཀྱིས་དྲག་སྤྱོད་འཕར་མ་འབའ་ཞིག་སློང་བར་བྱེད། དེར་བརྟེན་ང་ཚོས་དྲག་སྤྱོད་བརྒྱུད་ཞི་བདེ་སྐྲུན་ཐུབ་ཅེས་པར་ཆ་འཇོག་བྱེད་པ་ནི་ཕྱོགས་ཡོངས་ནས་ལམ་ཕྱིན་ཅི་ལོག་བསྟན་པ་ཞིག་ཡིན། 



ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།