ལེགས་བཤད་གཅེས་བཏུས།

དྲང་བདེན་ལག་བསྟར་བྱེད་པའི་གཞི་རྟེན་དུ་སྙིང་རྗེའི་རྩ་འཛིན་ཐད་གལ་ཆེ་བའི་གནད་དོན་ཞིག་ནི། ལས་ལ་མཛུབ་མོ་བཙུགས་རྐྱང་མ་བྱས་པར་ལས་བྱེད་པོར་འཛུགས་དགོས་པ་དེ་ཡིན། ང་ཚོས་ལས་ནོར་བ་ལ་ཉེས་འཛུགས་དང་དགོས་ངེས་ཀྱི་ཐབས་ལམ་ཡོད་དོ་ཅོག་བེད་སྤྱད་དེ་ཁ་གཏད་གཅོག་དགོས་པ་དང་། ཆབས་ཅིག་ལས་དེ་དག་གསོག་མཁན་གྱི་ནག་ཉེས་ཅན་ལ་དགོངས་ཡངས་དང་སེམས་པ་བཟང་བའི་ཀུན་སྤྱོད་རྒྱུན་འཛིན་དགོས་པ་སྙིང་རྗེས་སྟོན་གྱི་ཡོད། འཇིག་རྟེན་བཀོད་པ་པོ་འདོད་པའི་རྣམ་གཞག་ནང་། དཀོན་མཆོག་གིས་སྡིག་ལས་འགོག་ཅིང་སྡིག་པ་གསོག་མཁན་ལ་བརྩེ་བ་སྤྲོད་ཀྱི་ཡོད་པ་ལྟར། ང་ཚོས་ཀྱང་ནོར་འཁྲུལ་ལ་སྟོབས་ཤུགས་ཆེན་པོས་འགོག་རྒོལ་བྱེད་པ་དང་མཉམ་དུ་ནོར་འཁྲུལ་བྱེད་མཁན་ལ་སེམས་ཁུར་བྱེད་དགོས། དེ་ལྟར་བྱེད་པ་ནི་ཡང་དག་པ་ཞིག་ཡིན། གང་ཡིན་ཞེ་ན། བསྐྱར་དུ་བརྗོད་རྒྱུར། འགྲོ་བ་མི་ཐམས་ཅད་ལ་འགྱུར་བ་འགྲོ་བའི་ནུས་པ་ཡོད། ངོས་ཀྱི་བསམ་པར། དེ་ནི་ང་ཚོ་རང་གི་ཉམས་མྱོང་ཐོག་ནས་ཚང་མས་ཤེས་ཀྱི་ཡོད། གང་ལྟར་ན་གཞོན་ནས་འགན་ཁུར་ཐུབ་མཁན་ཞིག་ཆགས་པའི་བར་མི་ཚེ་སྣང་མེད་དུ་སྐྱེལ་མཁན་དང་ན་ཚོད་སྨིན་ཞིང་ཉམས་མྱོང་ཐོབ་སྟེ་ལྟ་སྐྱོང་བྱེད་མཁན་གཉིས་ལ་མི་གཅིག་པ་མེད། ལོ་རྒྱུས་ནང་དུའང་། མི་ཚེའི་འགོ་སྟོད་དུ་ཀུན་སྤྱོད་ཀྱི་ཆ་ནས་ཧ་ཅང་སྡུག་ཅག་ཡོད་ཀྱང་ཕྱིས་སུ་གཞན་ལ་ཕན་ཐོགས་རྒྱ་ཆེན་པོ་སྐྲུན་མཁན་གྱི་མི་དེ་འདྲའི་དཔེ་མཚོན་ཧ་ཅང་མང་པོ་ཡོད། དཔེར་ན། ཆོས་རྒྱལ་མྱ་ངན་མེད་དང་སེན་ཊེ་པོལ་ (Saint Paul) ཡང་ན་དེ་མིན་གྱི་དཔེ་མང་པོར་ང་ཚོས་བསམ་བློ་གཏོང་དགོས།

ཆོས་ལུགས་ཀྱི་མཚམས་ལས་འདས་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས། 
 

སྙིང་རྗེས་བྱས་ཉེས་སམ་དྲང་བདེན་མིན་པའི་གནས་སྟངས་དང་ཕྲད་སྐབས་མགོ་སྒུར་དགོས་པའི་དོན་རྩ་བ་ནས་སྟོན་གྱི་མེད། དཔེར་ན། མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་སྲིད་ཇུས་ཀྱི་གནད་དོན་ཁྲོད་ལྟར། དྲང་བདེན་མ་ཡིན་པའི་གནས་སྟངས་ཤིག་ལ་ཡ་ལན་ཤུགས་ཆེན་པོ་ཞིག་བྱེད་སྐབས། སྙིང་རྗེས་ང་ཚོར་དྲང་བདེན་མ་ཡིན་པ་ཁས་ལེན་དགོས་སྐོར་མ་བརྗོད་པར། ང་ཚོས་དེར་ཁ་གཏད་གཅོག་དགོས་སྐོར་བརྗོད་པ་དང། དེ་ལྟ་བུའི་རྒོལ་ལན་དེ་ངེས་པར་དུ་འཚེ་མེད་ཞི་བ་ཡིན་དགོས་པ་ཤུགས་ཀྱིས་སྟོན་གྱི་ཡོད། འོན་ཀྱང་འཚེ་མེད་ཞི་བ་ནི་ནུས་སྟོབས་དབེན་པའི་རྟགས་མཚན་ཞིག་མ་ཡིན་པར། རང་གིས་རང་ལ་གདེང་སྤོབས་དང་བློ་སྟོབས་ཡོད་པའི་དན་རྟགས་ཤིག་ཡིན། སྤྱིར་བཏང་མི་རྣམས་རྩོད་གླེང་ཤོར་བའི་སྐབས། རྒྱུ་མཚན་ཟད་པའི་སྐབས་འབའ་ཞིག་གི་ཚེ། ཁོང་ཁྲོ་ལང་བ་དང་། སྐད་ཅོར་རྒྱག་པ། ཐ་ན་དྲག་སྤྱོད་ལ་ཞུགས་པའང་ཡོང་གི་ཡོད། འོན་ཀྱང་ཁ་མཆུ་ཐུག་པའི་ཚོགས་པ་དེར། བདེན་པ་སོ་སོའི་ཕྱོགས་ལ་ཡོད་པའི་གདེང་ཚོད་རྙེད་ན། རྒྱུན་དུ་ཞི་འཇམ་པོར་གནས་ཏེ་སོ་སོའི་གནད་དོན་ཐོག་མུ་མཐུད་རྩོད་པ་རྒྱག་གི་ཡོད། དེར་བརྟེན་དེས་བདེན་པ་དང་དྲང་བདེན་ཡོད་ན། དེ་ལས་གདེང་སྤོབས་ཇི་ལྟར་ཡོང་མིན་ར་སྤྲོད་བྱེད་པ་ཡིན་པས། ཞི་འཇམ་དང་འཚེ་བ་མེད་པའི་བསམ་བློའི་འཁྱེར་སོ་རྒྱུན་སྲིང་བྱེད་པ་ནི་ངོ་ཐོག་ཏུ་སྟོབས་ཤུགས་ཀྱི་མཚོན་དོན་ཞིག་ཡིན། 

ཆོས་ལུགས་ཀྱི་མཚམ་སལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།  

 ཕྱོགས་ལྷུང་གི་ཚོར་བའི་གྲུབ་ཆ་གཙོ་བོ་ཞིག་ནི་ང་ཚོས་ཞེན་ཆགས་རེད་ཅེས་བརྗོད་ན་ཆོག །ཐེངས་གཅིག་ཨར་ཇན་ཊི་ནར་ (Argentina) ཚན་རིག་གི་ཚོགས་འདུ་ཞིག་ཚོགས་པའི་སྐབས། ངོས་ཀྱི་སློབ་སྟོན་པ་དང་གྲོགས་པོ་ཕ་རན་སི་སེ་ཁོ་ ལྦ་རི་ལ་ (Francisco Varela) ལགས་ཀྱིས། ཚན་རིག་པ་ཞིག་ཡིན་པའི་ཆ་ནས། ཁོ་རང་གིས་སོ་སོའི་ཉམས་ཞིབ་བྱ་ཡུལ་གཅིག་པུར་ཧ་ཅང་ཆགས་ནས་སྡོད་ཀྱི་མེད། གང་ཡིན་ཞེ་ན། དེས་བདེན་དཔང་ཇི་མ་ཇི་བཞིན་འཚོལ་ཞིབ་བྱེད་པའི་ཁོ་རང་གི་ནུས་པར་འགོག་རྐྱེན་བྱེད་སྲིད་ཅེས་གསུངས་བྱུང། སྐད་ཆ་དེ་དག་ཐོས་མ་ཐག་ངའི་སེམས་ནང་། ཆོས་ལུགས་ཀྱི་ཁྱབ་ཁོངས་ནང་དུའང་ཁོང་ཚོས་ངེས་པར་དུ་དེ་བཞིན་ལག་བསྟར་བྱེད་དགོས་ཀྱི་འདུག་ཅེས་པའི་བསམ་བློ་འཁོར་བྱུང་། དཔེར་ན། ནང་པ་ཞིག་ཡིན་པའི་ཆ་ནས། ངས་ནང་ཆོས་ལ་ཞེན་ཆགས་ཆེན་པོ་ཡོང་སླད་འབད་བརྩོན་ནམ་ཡང་བསྟེན་རྒྱུ་མེད། དེ་ལྟར་བྱས་ན། ཆོས་ལུགས་གཞན་གྱི་རིན་ཐང་མཐོང་བའི་ངའི་ནུས་པར་འགོག་རྐྱེན་བཟོ་སྲིད། དེར་མ་ཟད་ཞེན་ཆགས་ཀྱི་གྲུབ་ཆ་ཡོད་པའི་སྐབས། ང་ཚོས་གཞན་ལ་བརྩེ་བ་དང་སེམས་ཁུར་བྱ་རྒྱུ་དེ་རྒྱུན་དུ་གཞན་གྱིས་ང་ཚོར་ཚུར་འབྲེལ་བ་བྱེད་སྟངས་ལ་རག་ལས་ཏེ། སུས་ང་ཚོར་ལྟ་སྐྱོང་དང་ཡག་པོ་བྱེད་པ་དེ་ལ་ང་ཚོས་ཕར་སེམས་ཁུར་གྱི་ཚོར་བ་སླེབས་ཀྱི་ཡོད། འོན་ཀྱང་ང་ཚོས་གཞན་སྟེང་དུ་དམིགས་པའི་བརྩེ་བ་དེ་སོ་སོ་རང་ཉིད་ཀྱི་དམིགས་ཡུལ་དང་རེ་བ་འགྲུབ་མིན་ལ་རག་ལས་པའི་དབང་གིས། དེ་རྟག་ཏུ་སྐྱོན་ཅན་ཞིག་ཏུ་འགྱུར་གྱི་རེད། གཞན་གྱིས་ང་ཚོའི་རེ་བ་སྒྲུབ་པ་དེ་སྲིད་དུ། ཚང་མ་བཀྲ་ཤིས་ལོ་ལེགས་ངང་འགྲོ་གི་ཡོད། འོན་ཀྱང་དེ་ལྟར་མ་སྒྲུབ་ཚེ། ང་ཚོའི་བརྩེ་བའི་སེམས་པ་དེ་འཁོན་འཛིན་དང་ཐ་ན་ཞེ་སྡང་དུ་ལས་སླ་པོར་འགྱུར་སྲིད། འོན་ཏེ་རྒྱ་བསྐྱེད་ནས་ཡོད་པའི་ཀུན་ཁྱབ་སྙིང་རྗེ་དེ་རང་གཅེས་འཛིན་གྱི་གྲུབ་ཆ་གང་གིས་ཀྱང་རྩ་བ་བྱས་མེད་ཅིང་། འགྲོ་བ་མི་གཞན་ཚང་མའང་རང་དང་འདྲ་བར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤེས་པའི་ཐོག་ལ་གཞི་རྩ་བྱས་ནས་ཡོད། དེ་ལྟ་བུའི་སྙིང་རྗེའི་ཐོག་ནས། ང་ཚོས་གཞན་ལ་སེམས་ཁུར་བྱེད་པ་དེ་ཕྱོགས་ཡོངས་ནས་བརྟན་པོ་ཞིག་དང་གཞན་གྱིས་ང་ཚོར་རྣམ་འགྱུར་གང་བསྟན་པ་དེས་ཤུགས་རྐྱེན་ཐེབས་ཀྱི་མེད། ཐ་ན་གཞན་གྱིས་ང་ཚོར་སྡིགས་ར་བསྐུལ་བའམ་ཁ་ངན་ཚིག་རྩུབ་སྨྲས་ཀྱང་། ང་ཚོས་ཁོང་ཚོར་བཅངས་པའི་སྙིང་རྗེ་དང་ཁོང་ཚོའི་བདེ་དོན་ཆེད་སེམས་ཁུར་བྱེད་པ་རང་སོར་གནས་རྒྱུ་རེད། དེས་ན། བཅོས་མིན་གྱི་སྙིང་རྗེས་མིའི་སྤྱོད་ལམ་ལ་མ་དམིགས་པར་མི་དེ་ཉིད་ལ་དམིགས་ཀྱི་ཡོད། འཁོན་འཛིན་དང་། ཁོང་ཁྲོ། སྡང་སེམས་ཀྱིས་ང་ཚོར་ཁེ་ཕན་གང་ཡང་སྐྲུན་གྱི་མེད་སྟབས། དེ་ལྟའི་ལྷད་མེད་ཅིང་ཆ་རྐྱེན་མེད་པ་དང་ཕྱོགས་ལྷུང་བྲལ་བའི་སྙིང་རྗེའི་ཐོག་ནས་ང་ཚོས་གཞན་ཀུན་ལ་རོགས་རམ་བྱ་རྒྱུ་ནི་ང་ཚོ་རང་ཉིད་ཀྱི་ཁེ་ཕན་ཡིན་པ་གསལ་པོ་རེད། དེ་ལྟར་བྱེད་པས་ཏན་ཏན་ང་ཚོར་ཁེ་ཕན་ཡོང་རྒྱུ་རེད།

ངོས་ཀྱི་གྲོགས་པོ་རྙིང་པ་སེམས་ཚོར་ཚན་རིག་གསར་གཏོད་བྱེད་པོ་སློབ་དཔོན་པོལ་ཨིག་མན་ (Paul Ekman) ལགས་ཀྱིས་ཐེངས་གཅིག་ང་ལ། ཐ་ན་དེང་དུས་ཀྱི་འཕེལ་འགྱུར་རྣམ་གཞག་སྲོལ་འབྱེད་ཆར་ལི་སི་ཌར་ལྦིན་ (Charles Darwin) ལགས་ཀྱིས་ཀྱང་། འཚོ་བཞིན་པའི་ལུས་ཅན་ཀུན་ལ་བརྩེ་བ་སྤྲོད་པ་ནི་ཆེས་ཁྱད་དུ་འཕགས་པའི་མིའི་ཡོན་ཏན་ཡིན་པར་ཆ་འཇོག་གནང་གི་ཡོད་ཅེས་གསུང་གི་འདུག །ཕྱི་ལོ་ ༢༠༠༤ ཟླ་ ༡༢ ནང་ཨེ་ཤི་ཡའི་ནང་མཚོ་ལོག་བྱུང་བའི་སྐབས་དེར་འཛམ་གླིང་རྒྱ་ཁྱབ་ནས་ཡ་ལན་བྱུང་བ་ངས་གསལ་པོར་དྲན་གྱི་འདུག །བྱུས་ཉེས་དེའི་རྗེས་མི་མང་ལ་སེམས་ཚོར་དྲག་པོ་བྱུང་བ་དེས་ང་ཚོ་འགྲོ་བ་མི་རྣམས་ཁྱིམ་ཚང་གཅིག་པ་ཡིན་པའི་ཆ་ནས་གཅིག་སྒྲིལ་གྱི་དཔེ་མཚོན་སྟོབས་ཆེན་ཞིག་ངའི་བློ་ལ་ཤར་བྱུང་། དེ་ནི་ཁེར་རྐྱང་དུ་ལུས་པའི་གནད་དོན་ཞིག་ཆགས་མེད། དེ་ག་ནང་བཞིན་ཉེ་དུས་ཀྱི་ཡིད་སྐྱོའི་གནས་ཚུལ་དེ་དག་གི་རྗེས་འཛམ་གླིང་ཡོངས་ཁྱབ་ནས་ལྟ་སྐྱོང་དང་སེམས་ཁུར་བྱུང་བ་དང་། སྐབས་ཤིག་རིང་། འཛམ་གླིང་ནང་གསར་འགྱུར་ཧ་ཅང་མགྱོགས་པོ་ཁྱབ་དུས། ང་ཚོ་དང་རྒྱང་རིང་དུ་གནས་པ་རྣམས་ལ་ང་ཚོའི་སྤྱི་ཚོགས་ཀྱི་ཚོར་བ་དང་སེམས་ཁུར་ཤུགས་ཧ་ཅང་ཆེ་རུ་ཕྱིན་ཡོད། དུས་རབས་ཉི་ཤུ་པའི་འགོ་སྟོད་དུ། མི་རིགས་རིང་ལུགས་ཀྱི་ཚོར་བ་ཧ་ཅང་ཤུགས་ཆེན་པོ་ཡོད་པ་དང་ཆབས་ཅིག་འགྲོ་བ་མི་རིགས་ཡོངས་རྫོགས་ཐད་ལ་ང་ཚོའི་གོ་རྟོགས་ཅུང་སྐྱོ་པོ་ཡོད། སྐབས་དེ་དུས་མི་རྣམས་ཀྱིས་ས་ཁུལ་གཞན་དུའམ་གླིང་གཞན་དུ་གནས་ཚུལ་ག་རེ་འབྱུང་གི་ཡོད་མེད་ཕྲན་བུ་ལས་ཤེས་ཀྱི་མེད། འོན་ཀྱང་ད་ཆ་གོ་ལ་ཡོངས་ཀྱི་གསར་འགྱུར་ཁྱབ་སྤེལ་གཏོང་བའི་བརྒྱུད་ལམ་ཁག་གིས་མྱུར་ཚད་དེ་དང་བསྟུན་ནས། ས་ཕྱོགས་གང་སར་མི་རྣམས་ཀྱི་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བའི་ཐད་ང་ཚོར་གོ་རྟོགས་གཏིང་ཟབ་རྙེད་ཡོད། འདི་དང་མཉམ་དུ་འགྲོ་བ་མི་རིགས་ཁྱོན་ཡོངས་ལ་མི་རྣམས་ཀྱི་སེམས་ཁུར་དང། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ཐད་ཁོང་ཚོའི་ངོས་འཛིན་ཡང་གཏིང་ཟབ་ཏུ་ཕྱིན་ཡོད་པར་སྣང་། ངས་འཕེལ་ཕྱོགས་འདི་ནི་མ་འོངས་པར་རེ་བཟང་ཕུགས་བཅོལ་ཆེན་པོ་བྱེད་པའི་འབྱུང་ཁུངས་ཤིག་ཡིན་པར་བསམ་གྱི་ཡོད། 

རང་ཅག་གི་སྤུན་ཟླ་མི་རིགས་རྣམས་ལ་དེ་ལྟ་བུའི་སེམས་ཁུར་ཡོང་བར་ང་ཚོ་དམིགས་བསལ་གྱི་གང་ཟག་གམ་སྐྱེས་བུ་དམ་པ་གང་ཡང་ཡིན་མི་དགོས། ཀུན་ཁྱབ་སྙིང་རྗེ་དེ་ནི་ང་ཚོ་མི་རེ་ངོ་རེའི་ཤེས་ཚད་ཁྲོད་གནས་ཡོད། ན་ཛི་ (Nazi) ཡི་སྲིད་དབང་སྒེར་འཛིན་ལམ་ལུགས་སྐབས་སུ། ཇར་མེ་ནིའི་ཡུལ་མི་ཁ་ཤས་ཀྱིས་རང་གི་ཚེ་སྲོག་འབེན་ལ་བཙུགས་ཏེ་འཇེའུ་ (Jews) མི་རིགས་སྐྱོབ་རྒྱུ་དང་སྲུང་སྐྱོབ་ཆེད་ཧུར་ཐག་འབད་ཐག་བྱས། ཁོང་ཚོར་རྒྱུ་མཚན་ཅིའི་ཕྱིར་དེ་ལྟར་བྱས་སམ་ཞེས་སྐད་ཆ་དྲིས་སྐབས། ཁོང་ཚོ་མང་ཆེ་བས་དབང་མེད་དུ་བྱས་པ་དང་། མི་སུ་འདྲ་ཞིག་ཡིན་རུང་རང་གི་གནས་སྟངས་དེ་འདྲའི་སྐབས་གཅིག་མཚུངས་བྱས་ཡོད་ངེས་རེད་ཅེས་ལན་བཏབ། འོན་ཀྱང་ཁོང་ཚོ་ནི་ཁྱེད་དང་ང་ནང་བཞིན་མི་དཀྱུས་མ་རང་ཡིན། སྙིང་རྗེ་སྟེ། སྤུན་ཟླ་མི་རིགས་རྣམས་ལ་སེམས་ཁུར་ཞིག་དང་མཉམ་དུ་། དེ་དང་ཕྱོགས་མཚུངས་པའི་དཔའ་མཛངས་ལྡན་པའི་བྱ་སྤྱོད་སྤེལ་བར་མི་ཚང་མར་ནུས་པ་ལྡན་ཡོད། 

ད་དུང་ཀློག་པ་པོ་འགའ་ཞིག་གིས་གཅིག་བྱས་ན་ཀུན་ཁྱབ་སྙིང་རྗེའི་བསམ་ཚུལ་འདི་ལ་ཁས་ལེན་བྱེད་འདོད་ཡོད་ཀྱི་མ་རེད། བསམ་ཚུལ་འདི་ཁས་ལེན་བྱེད་པའི་གཞན་གྱི་ལྟ་ཚུལ་ལ་ཁོང་ཚོས་ཡིད་སྨོན་བྱེད་ཀྱང་། ཁོང་ཚོ་རང་ཉིད་ལ་མཚོན་ན༑ དེ་ནི་འཛམ་གླིང་གི་སྡུག་བསྔལ་དང་ལེན་བྱེད་པ་ལྟ་བུ་མཐོང་བ་དང་། སོ་སོ་གཅིག་པུའི་དཀའ་ངལ་ལ་བསམ་ནས་བསྡད་ཡོད་པས་གཞན་གྱི་སྡུག་བསྔལ་ཁས་ལེན་བྱ་ཐབས་མེད་པར་ཚོར་སྲིད། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་བལྟས་ན༑ གཞན་ལ་སེམས་ཁུར་བྱེད་པའི་ནང་ང་ཚོ་རང་ཉིད་ཀྱི་མ་ཡིན་པའི་དཀའ་སྡུག་མཉམ་སྤྱོད་བྱེད་པ་ཚུད་ཡོད་པ་ནི་བདེན་པ་རེད། དེ་ལྟར་ནའང་གཞན་གྱི་དཀའ་སྡུག་མཉམ་སྤྱོད་བྱས་པ་ལས་བྱུང་བའི་མི་བདེ་བ་རྣམས་ང་ཚོ་རང་གི་སྡུག་བསྔལ་ཐད་ཀར་མྱོང་བ་དང་འདྲ་གི་མེད། སྡུག་བསྔལ་གྱི་ནང་ལྷུང་བའི་མི་ཞིག་གི་མྱོང་ཚོར་ཤེས་རྟོགས་བྱུང་སྐབས། རང་ཉིད་ཀྱི་སེམས་ནང་ཐོག་མར་མི་བདེ་བ་ཚོར་སྲིད།  འོན་ཀྱང་སོ་སོ་རང་ངོས་ནས་དང་དུ་བླངས་ཏེ་དཀའ་ངལ་དེ་དག་ལ་གྲ་སྒྲིག་བྱ་རྒྱུར་བློ་ཐག་བཅད་ན། གཞན་ལ་བློ་སྟོབས་སྤེལ་བ་དང་། བློ་སྟོབས་ལས་གདེང་ཚོད་རྙེད་ཀྱི་ཡོད། དེ་ལས་ལྡོག་སྟེ། དཀའ་སྡུག་དེ་སོ་སོའི་ཡིན་ན། སོ་སོར་དེ་ལྟའི་རང་དབང་ངམ་འདམ་ག་མེད་པས་དེ་དག་གི་ཁྱད་པར་ནི་གསལ་པོ་རེད། 

དེར་མ་ཟད་སྙིང་རྗེ་ནི་གཞན་ཚོར་སོགས་རྟོགས་ཐུབ་པའི་ནུས་པ་ལས་མངོན་དུ་འགྱུར་ནའང་། འདི་གཉིས་གཅིག་པ་མ་ཡིན། གཞན་ཚོར་རྟོགས་པ་ནི་སེམས་ཚོར་ཞིག་གིས་སྐུལ་འདེད་བྱས་པ་སྟེ་གང་ཟག་གཞན་ལ་དུང་སེམས་ཀྱི་ཁྱད་ཆོས་ལྡན་ཡོད། སྙིང་རྗེ་ནི་གཞན་དང་མཉམ་དུ་མྱོང་བ་བརྗེ་ལེན་བྱེད་པ་ཙམ་མིན་པར། དེ་དག་སོ་སོའི་སྡུག་བསྔལ་ལས་ཀྱང་ཐར་འདོད་ཆེ། སྙིང་རྗེ་ཅན་ཞིག་བྱེད་པའི་དོན་ཡང་ཚོར་བའི་རིམ་པ་ཞིག་རང་ལ་ཟེར་གྱི་མེད། དེ་ནི་ངལ་དུབ་ཅན་དུ་འགྱུར་སྲིད། དཔེར་ན། སྙིང་རྗེ་ཅན་གྱི་སྨན་པ་རྣམས་ཀྱིས་རྒྱུན་དུ་སོ་སོའི་ཕ་མའི་སྡུག་བསྔལ་བརྗེ་ལེན་བྱ་རྒྱུར་རྦད་དེ་བློ་གཏད་ནས་བསྡད་ན། ཧ་ཅང་གནད་ལ་སྨིན་པོ་ཡོང་ངེས་མ་ཡིན། སྙིང་རྗེ་ཟེར་དུས་གཞན་གྱི་དཀའ་སྡུག་སེལ་བར་གང་ཡང་རུང་བ་ཞིག་བྱེད་འདོད་པ་ཞིག་དང་། རོགས་རམ་བྱ་རྒྱུའི་འདོད་པ་འདིས། ང་ཚོ་སྡུག་ལ་མི་སྦྱོར་བར།  དོན་དངོས་ཐོག་ང་ཚོར་ནུས་ཤུགས་སྦྱིན་ཞིང་དམིགས་ཡུལ་ལྡན་པ་དང་ཁ་ཕྱོགས་སྟོན་གྱི་ཡོད། ཀུན་སློང་འདིའི་ཐོག་ནས་ང་ཚོས་ལས་དོན་སྒྲུབ་སྐབས། ང་ཚོ་དང་ཉེ་འཁོར་གྱི་མི་རྣམས་ལའང་ཁེ་ཕན་ཆེ་བ་ཡོང་གི་ཡོད། 

ཡིན་ནའང་། ཀུན་ཁྱབ་སྙིང་རྗེའི་ནང་རང་ཉིད་ཀྱི་སེམས་ཁུར་བྱ་ཡུལ་མཐར་འགྲོ་བ་མི་ཚང་མར་མ་བསྙབས་བར་ག་ལེར་རྒྱ་སྐྱེད་གཏོང་དགོས་པར་བརྟེན། རྒྱུན་ཆད་མེད་པར་གོམས་འདྲིས་བསྟེན་དགོས། ང་ཚོའི་རྣམ་དཔྱོད་དང་སྙིང་རྗེའི་དགོས་མཁོ་དང་རིན་ཐང་ལ་ཡིད་ཆེས་ཡོད་པ་བེད་སྤྱད་དེ། ང་ཚོས་རིམ་གྱིས་སོ་སོའི་སེམས་ཁུར་རྒྱ་སྐྱེད་གཏོང་ཐབས་བྱེད་དགོས། དེ་ཡང་དང་པོ་ང་ཚོའི་གཉེན་ཉེ་དུ་དང་། དེ་རྗེས་ང་ཚོ་དང་འབྲེལ་བ་ཡོད་པ་ཀུན་ལ་དང་ལྷག་པར་དུ་ང་ཚོའི་དགྲ་བོ། དེ་ནས་འགྲོ་བ་མི་རིགས་ཚང་མ་དང་ཐ་ན་སེམས་ཅན་ཐམས་ཅད་ལ་སྙོབ་པ་བྱེད་དགོས། 


ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།



སྤྱིར་བཏང་ངོས་ཀྱིས་སྙིང་རྗེ་ལ་རིམ་པ་གཉིས་འབྱེད་ཀྱི་ཡོད། དང་པོ་དེ་ཨ་མ་ཞིག་གིས་རང་གི་ཕྲུ་གུར་བཅངས་པའི་བརྩེ་དུང་དཔེ་ལ་བཀོད་དེ་གོང་དུ་འགྲེལ་བརྗོད་བྱས་པ་བཞིན་ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་ཡོང་བའི་རིམ་པ་གཅིག་དང། གཉིས་པ་དེ་རྒྱ་བསྐྱེད་པའི་རིམ་པ་སྟེ་ཆེད་དུ་མངགས་ནས་སྐྱེད་དགོས་པའི་རིམ་པ་ཞིག་ཡིན། ཨ་མས་རང་གི་བུ་ཕྲུག་ལ་བཅངས་པའི་བརྩེ་དུང་བཞིན། ལུས་པོའི་གྲུབ་སྟངས་ཀྱི་ཆ་ནས་ཡོང་བའི་སྙིང་རྗེ་དེ་ཆ་རྐྱེན་མེད་པ་ཞིག་ཡིན་པ་མ་ཟད་དེ་ནི་ད་དུང་ཕྱོགས་ལྷུང་ཅན་ཞིག་དང་དམིགས་ཡུལ་ཚད་ཅན་ཞིག་ཡིན། དེ་ལྟར་ནའང། དེ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཡོད། གང་ཡིན་ཞེ་ན། དེ་ནི་ཕྱོགས་ལྷུང་བྲལ་བའི་སྙིང་རྗེ་སྐྱེ་ཐུབ་པའི་ས་བོན་ཡིན། ང་ཚོས་སེམས་བཟང་པོ་བྱ་ཕྱིར་སོ་སོའི་ལྷན་སྐྱེས་ཀྱི་ནུས་པ་དེ་བེད་སྤྱོད་གཏོང་ཐུབ་པ་དང་། རང་གི་བློ་གྲོས་དང་ཡིད་ཆེས་བེད་སྤྱད་ནས་དེ་རྒྱ་སྐྱེད་གཏོང་དགོས། སྤྱིར་བཏང་ནས་བཤད་ན། ང་ཚོས་སོ་སོའི་གཉེན་ཉེ་རྣམས་ལ་སེམས་ཁུར་བྱ་རྒྱུའི་འདོད་ཕྱོགས་ཤུགས་ཆེན་པོ་ཞིག་ཟུར་འཇོག་བྱས་ཡོད། དེ་རྗེས་ང་ཚོས་སྤྱི་ཚོགས་གང་རྒྱ་ཆེ་ས་སྟེ། དཔེར་ན། སྐད་ཡིག་དང་། ས་གནས། ཡང་ན་ཆོས་ལུགས་གཅིག་གྱུར་ཡོད་པ་རྣམས་ལ་རྒྱ་སྐྱེད་གཏོང་གི་ཡོད། དེ་ནི་རྦད་དེ་རང་བཞིན་ལྷན་སྐྱེས་དང་སྟོབས་ཤུགས་ཆེན་པོ་ཡིན། གནད་དོན་གཅིག་གི་ཐོག་ལ་དམིགས་པའམ་ཡང་ན་སྡེ་ཚན་བྱེ་བྲག་པ་ཞིག་ལ་ཉེ་བའི་ཚོར་བ་སླེབས་ཏེ་མི་རྣམས་ལ་ཀུན་སློང་ཤུགས་ཆེན་པོ་བྱེད་སྐབས། བྱ་བ་རླབས་ཆེན་བསྒྲུབ་པའི་ནུས་པ་ལྡན་ཡོད། དེ་ལྟ་བུའི་ཚོར་བས་མི་རྣམས་ཀྱི་དབར་མཛའ་མཐུན་སྐྲུན་སྲིད་པ་དང་ཁོང་ཚོར་རང་ཉིད་ཀྱི་གུ་དོག་པའི་རང་ཁེ་དོན་གཉེར་གྱི་ལྟ་བ་ལས་འདའ་བར་རོགས་རམ་བྱེད། གནད་དོན་དེའི་ཐོག་ནས་བལྟས་ན་ཚོར་བ་དེ་དག་ཕན་ཐོགས་ཆེན་པོ་ཡོད། འོན་ཀྱང་སྟབས་མི་ལེགས་པ་ཞིག་ལ་དེ་ལྟའི་མཛའ་འབྲེལ་དེ། ཁྱིམ་ཚང་དང་། སྤྱི་ཚོགས། རྒྱལ་ཁབ། སྐད་ཡིག ཡང་ན་ཆོས་ལུགས་བཅས་གང་ལའང་གཞི་བཞག་ཀྱང་། རྒྱུན་དུ་ང་ཚོ་དང་ཁོང་ཚོ་ཞེས་དབྱེ་འབྱེད་ཀྱི་གནས་སྟངས་ཤུགས་ཆེན་པོ་ཞིག་དང་མཉམ་དུ་གནས། དཀའ་ངལ་ནི་ང་ཚོས་སྡེ་ཚན་འདི་དང་དེ་ཞེས་པ་གཅིག་པུའི་ཐོག་ནས་སོ་སོར་ལྟ་བའི་སྐབས། རྒྱ་ཆེ་ས་ནས་འགྲོ་བ་མི་ཡིན་པའི་ང་ཚོའི་ངོ་བོ་དེ་དྲན་པ་བརྗེད་ཉེན་ཆེ།
 


ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས། 

ངོས་ཀྱིས་དགོས་འདུན་ག་རེ་འདོན་གྱི་ཡོད་ཅེ་ན། ང་ཚོས་སྡེ་ཚན་འདིའམ་དེ་ཡང་ན་བྱེ་བྲག་པ་ཞིག་ལ་ཉེ་པོ་ཚོར་བའི་ཚད་ཅན་ནམ་ཕྱོགས་རིས་ཀྱི་ལྟ་ཚུལ་དེ་ལས་བརྒལ་ཏེ། དེའི་ཚབ་ཏུ་འགྲོ་བ་མིའི་རིགས་ཚང་མར་ཉེ་བའི་ཚོར་བ་ཞིག་སླེབས་པ་བྱེད་དགོས། ང་ཚོ་ལ་དང་ཁོང་ཚོ་ལ་ཞེས་པའི་སྤྱོད་ཚུལ་གྱིས་རྒྱུན་དུ་དཀའ་རྙོག་ཡོང་རྐྱེན་བྱེད་ཅིང་ཐ་ན་དམག་འཁྲུག་ཀྱང་སློང་གི་ཡོད། དེ་ལས་ལེགས་པ་དང་། དོན་དངོས་དང་མཐུན་པ་ཞིག་ལ་ང་ཚོ་ཞེས་པའི་ཐ་སྙད་བེད་སྤྱོད་བྱེད་དགོས། འགའ་ཞིག་ལ་ཀུན་ཁྱབ་སྙིང་རྗེའི་བསམ་ཚུལ་འདི་གཅིག་བྱས་ན་ཆེས་སེམས་གཙོ་སྨྲ་བ་དང་ཐ་ན་ཆོས་ལུགས་ཀྱི་ཡིན་པ་ལྟ་བུར་མངོན་སྲིད། ངོས་ནས་དེ་ཆེས་སེམས་གཙོ་སྨྲ་བ་རེད་བསམ་གྱི་མི་འདུག །མང་པོ་ཞིག་ད་ལྟ་ང་ཚོས་ཡིན་ཤག་ཤག་བྱེད་ཀྱི་ཡོད། དཔེར་ན། ཀུན་ཁྱབ་ཤེས་ཡོན་ཞེས་པའི་བསམ་ཚུལ་དེ་ཡང་སྔར་ཆེས་སེམས་གཙོ་སྨྲ་བ་ལྟ་བུར་སྣང་ཡོད་ཤས་ཆེ། འོན་ཀྱང་ད་ལྟ་བསམ་ཚུལ་དེ་དག་ཕྱོགས་ཡོངས་ནས་ཁ་ཡོད་ལག་ཡོད་དང་དངོས་གནས་དགོས་གལ་ཆེན་པོ་ཆགས་ཡོད། ཀུན་ཁྱབ་སྙིང་རྗེ་དེ་ཆོས་ལུགས་ཀྱི་ཡིན་པའི་བསམ་ཚུལ་དེར། ངོས་ནས་མོས་མཐུན་བྱེད་ཀྱི་མེད། མི་འགའ་ཞིག་ལ་རང་ཤེད་མེད་པ་དང་གཞན་ལ་སྲི་ཞུ་སྒྲུབ་པ་དེ་ཁོང་ཚོའི་ཆོས་ལུགས་ཀྱི་དད་པས་རྨང་གཞི་བྱས་ནས་ཡོང་བ་བརྗོད་མི་དགོས། དཔེར་ན། དཀོན་མཆོག་ལ་བསྙེན་བཀུར་ཞུ་བ་ལྟ་བུ། འོན་ཀྱང་དེ་དང་ཆབས་ཅིག དེང་སང་འཛམ་གླིང་ནང་འགྲོ་བ་མི་ཚང་མར་སེམས་ཁུར་བྱེད་མཁན་གཞན་གྲངས་ལས་འདས་པ་ཡོད་ཀྱང་། ཁོང་ཚོར་ཆོས་ལུགས་མེད། རྡ་ཕར་ (Darfur) དང་ཧེ་ཊེ་ (Haiti) ཡང་ན་དཀའ་རྙོག་དང་རང་བྱུང་གོད་ཆག་གང་དུ་བྱུང་ཡང་། ས་ཁུལ་དེ་དག་ནང་དང་བླངས་སྨན་པ་དང་རོགས་པ་བྱེད་མཁན་ཚང་མར་བསམ་བློ་གཏོང་དུས། ཕལ་ཆེར་ཁོང་ཚོ་འགའ་ཤས་ཆོས་ལ་དད་པ་ཡོད་མཁན་ཡིན་ཀྱང་མང་པོ་ཞིག་ཆོས་ལ་དད་པ་མེད། ཁོང་ཚོའི་སེམས་ཁུར་ནི་སྡེ་ཚན་འདིའམ་དེ་ལ་མིན་པར་འགྲོ་བ་མི་རང་ལ་བྱེད་ཀྱི་ཡོད། ཁོང་ཚོར་གང་ཞིག་གིས་སྐུལ་འདེད་བྱས་ཡོད་དམ་ཞེ་ན། གཞན་གྱི་སྡུག་བསྔལ་གྱི་འཁུར་བཟོད་ཡང་དུ་གཏོང་རྒྱུའི་ཆོད་སེམས་ཏེ་བཅོས་མིན་གྱི་སྙིང་རྗེའི་དབང་གིས་ཡིན། དེར་བརྟེན་ཀུན་ཁྱབ་སྙིང་རྗེ་ནི་རྩ་བ་ནས་ཆོས་ལུགས་ལ་མ་བརྟེན་པའི་སྒྲོམ་གཞི་ཞིག་གི་ནང་རྒྱུན་གནས་ཐུབ་པར་ངོས་ལ་ཐེ་ཚོམ་མེད། 



ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།
 

ཆོས་ལ་དད་པ་ཡོད་མཁན་ཚོར་སྙིང་རྗེ་གོང་སྤེལ་གཏོང་བའི་མཐུན་རྐྱེན་འཛོམས་པོ་ཡོད་ལ། ཆོས་ལུགས་ཀྱི་ཐབས་ལམ་ནི་འགྲོ་བ་མི་སྤྱི་ཡོངས་ལ་རླབས་ཆེ་བའི་འབྱུང་ཁུངས་ཤིག་ཀྱང་ཆགས་ཐུབ། འོན་ཀྱང་སྙིང་རྗེ་རྒྱུད་ལ་སྦྱོང་བར་ཆོས་ལུགས་དགོས་ངེས་ཅན་མ་ཡིན། མདོར་ན། སྙིང་རྗེ་སྦྱོང་བརྡར་བྱེད་པར་ཆོས་ལུགས་ལ་མ་བརྟེན་པའི་ཐབས་ཚུལ་སྔ་ས་ནས་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། ཐ་ན་དེ་དག་གི་ཕན་ནུས་ཀྱང་ཚན་རིག་གི་ཐོག་ནས་ར་སྤྲོད་བྱུང་། ནང་གི་རིན་ཐང་ཡར་རྒྱས་གཏོང་བ་ནི་ལུས་ཀྱི་སྦྱོང་བརྡར་དང་ཧ་ཅང་འདྲ་པོར་སྣང་། ང་ཚོས་སོ་སོའི་ནུས་པར་སྦྱོང་བརྡར་ཇི་ཙམ་སྤྲད་པ་དེའི་ཚོད་ཀྱིས་སྟོབས་ཤུགས་ཆེ་རུ་འགྲོ་གི་ཡོད། དཔེར་ན། ངོས་ཀྱི་གྲོགས་པོ་རྙིང་པ་སློབ་དཔོན་ཆེན་པོ་རི་ཆར་ཌེ་ཌེ་ལྦི་ཌེ་སན་ (Richard Davidson) ལགས་ཀྱིས་དབང་རྩའི་ཚན་རིག་ཐོག་ནས་ཉམས་ཞིབ་ཅིག་གནང་བ་བརྒྱུད། ཐ་ན་གཟའ་འཁོར་གཉིས་ལྟ་བུ་དུས་ཡུན་ཐུང་ཐུང་ཅིག་གི་རིང་སྙིང་རྗེ་སྦྱོང་བརྡར་བྱས་པས། ཀླད་པའི་འགྲོས་རིམ་ནང་མངོན་གསལ་དོད་པའི་འགྱུར་བ་འགྲོ་བ་དང་། དེ་བཞིན་ཉམ་ཐག་ལ་སྦྱིན་པ་གཏོང་བའི་འདུན་པ་སྐྱེད་པར་རྐྱེན་བྱེད་ཐུབ་སྐོར་དངོས་སུ་ར་སྤྲོད་གནང་ཡོད། དེ་ལྟའི་ཉམས་ཞིབ་ཐོག་ནས་སློབ་གྲྭ་ཁག་ནང་སྙིང་རྗེ་ངོ་སྤྲོད་བྱ་རྒྱུར་བློ་སྟོབས་སྤེལ་བར་ངོས་ནས་རེ་བ་ཆེན་པོ་བྱེད་ཅིང་། དེ་ནི་ཧ་ཅང་དགེ་མཚན་ཆེན་པོ་ཞིག་ཏུ་འགྱུར་ངེས་ཡིན། དེང་དུས་ཀྱི་ཤེས་ཡོན་ནི་ཤུགས་ཆེན་པོས་དངོས་གཙོ་སྨྲ་བའི་རིན་ཐང་ཐོག་གཞི་བཞག་ཡོད། འོན་ཀྱང་ངོས་ནས་རྒྱུན་དུ་བརྗོད་པ་བཞིན། ང་ཚོས་སོ་སོའི་བུ་ཕྲུག་ཚོའི་ཀླད་པར་སློབ་སྦྱོང་སྤྲོད་སྐབས་ཁོང་ཚོའི་སེམས་ལ་སློབ་སྦྱོང་སྤྲོད་རྒྱུར་སྣང་ཆུང་བྱ་མི་ཉན། ཁོང་ཚོའི་སེམས་ལ་སློབ་སྦྱོང་སྤྲོད་པའི་རྐྱེན་གཙོ་བོ་དེ་ནི་ཁོང་ཚོའི་སྙིང་རྗེའི་རང་བཞིན་དེ་གསོ་སྐྱོང་བྱེད་དགོས། འདི་ནི་ངོས་ནས་བསྐྱར་གླེང་བྱ་རྒྱུའི་བརྗོད་གཞི་ཞིག་ཡིན།



ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་ལས་བཏུས།

ང་ཚོའི་བདེ་ཐབས་ནི།  ཕྱོགས་ཡོངས་ནས་ང་ཚོ་རང་གིས་གང་ཡང་མ་བྱས་པར་གཞན་གྱིས་ང་ཚོར་ཚུར་ལྟ་སྐྱོང་བྱེད་པ་ཉག་གཅིག་ལ་བརྟེན་པ་ཡིན་ཞེས་ངས་བརྗོད་ཀྱི་མེད། ང་ཚོར་ཚུར་བྱམས་པ་དང་བརྩེ་བ་ཐོབ་པ་དེ་ལས་ང་ཚོས་ཕར་བྱམས་པ་དང་བརྩེ་སྤྲོད་པ་དེ་གལ་ཆེ་བ་ཡིན།  དེ་ནི་གཞན་ལ་བཅོས་མིན་གྱི་སེམས་ཁུར་བྱེད་པ་བརྒྱུད་བྱམས་པ་དང་བརྩེ་བ་སྤྲོད་པ་ལས་ཡོང་ཐུབ།  ཕྱོགས་གཞན་ཞིག་ནས་བརྗོད་ན།   སྙིང་རྗེའི་ཐོག་ནས་ང་ཚོར་ཁ་ཡོད་ལག་ཡོད་ཀྱི་བདེ་སྐྱིད་བསྐྲུན་པའི་ཆ་རྐྱེན་ཞིག་ཐོབ་ཀྱི་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཕར་བརྩེ་བ་བྱེད་པ་ནི། ཚུར་བརྩེ་བ་བྱེད་པ་ལས་རྦད་དེ་གལ་འགངས་ཆེ་བ་ཡིན། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པ་ལས་བཏུས། 

ང་ཚོ་ན་བའི་ཚེ་སྨན་པ་བསྟེན་པར་འགྲོ་བཞིན་ཡོད།  ང་ཚོའི་མི་ཚེ་མགོ་ནས་མཇུག་བར།  འགྲོ་བ་མིའི་བརྩེ་བ་དང་མཛའ་མཐུན་གྱིས་ཐ་ན་ང་ཚོའི་ལུས་ཀྱི་འཕྲོད་སྟེན་ལའང་ཕན་འདོགས་ཤིང་།  དྲག་སྐྱེད་ནི་སྨན་བཅོས་ལེགས་པོ་ཞིག་ཐོབ་པའམ་ང་ཚོའི་ཁྲག་རྒྱུན་ནང་སྨན་རྫས་ཏག་ཏག་ཅིག་བླུགས་ཡོད་མེད་ཀྱི་གནད་དོན་གཅིག་པུ་མ་ཡིན་པར། ང་ཚོར་ད་དུང་བྱམས་སྐྱོང་ཇི་ཙམ་ཐོབ་མིན་ལའང་རག་ལས་ཡོད། གནད་དོན་དེ་ནི་ཉེ་ཆར་ངོས་ཀྱི་མཁྲིས་སྣོད་གཤག་བཅོས་ཆེད་ལྡི་ལིར་བསྐྱོད་སྐབས་གསལ་དུ་ཕྱིན་སོང་། སྤྱིར་བཏང་གཤག་བཅོས་ཆུང་ཆུང་ཞིག་ཡིན་ཀྱང་། རྙོག་འཛིངས་ཕྲན་བུ་བྱུང་སོང་། དུས་ཡུན་སྐར་མ་ཉི་ཤུ་འགོར་རྒྱུའི་བརྒྱུད་རིམ་ལ་ཆུ་ཚོད་བཞི་འགོར་བ་དང་། དྲག་སྐྱེད་ཡོང་ཆེད་ཉིན་ཤས་རིང་ང་རང་སྨན་ཁང་ནང་སྡོད་དགོས་བྱུང་། སྟབས་ལེགས་པ་ཞིག་ལ། དེར་སྨན་པ་དང་སྨན་ཞབས་རྣམས་སེམས་པ་བཟང་ཞིང་ང་རང་ལ་ཐུགས་ཁུར་གནང་བར་བརྟེན། དགའ་ཚོར་དང་བཅས་དགོད་སྒྲས་ཁེངས་པ་དྲན་གྱི་འདུག །ཁོང་ཚོས་འགྲོ་བ་མིའི་བྱམས་སྐྱོང་དང་བདེ་སྐྱིད་ལྡན་པའི་ཁོར་ཡུག་གཅིག་སྐྲུན་རོགས་བྱས་པ་དེས་ང་རང་གི་ནད་གཞི་མྱུར་དུ་དྲག་སྐྱེད་ཕྱིན་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་པར་ཐེ་ཚོམ་མེད། མི་ཚེ་མཐའ་མཇུག་ཏུ་སླེབས་སྐབས། ང་ཚོས་ད་དུང་གཞན་གྱི་བརྩེ་སེམས་དང་བཀའ་དྲིན་ལ་ཤུགས་ཆེན་པོ་བརྟེན་དགོས་ཀྱི་ཡོད། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པ་ལས་བཏུས།

ང་ཚོས་གཞན་ལ་ཕན་ཐོགས་བྱ་རྒྱུར་ལམ་ལྷོང་འབྱུང་མིན་གང་ལྟར་ཡང་། སྙིང་རྗེའི་ཁེ་ཕན་དང་པོ་དེ་རྟག་ཏུ་རང་ཉིད་ལ་ཡོང་གི་ཡོད། ང་ཚོའི་སེམས་ནང་སྙིང་རྗེའམ་སེམས་པ་བཟང་པོ་མངོན་དུ་འགྱུར་བའི་ཚེ།  རང་གི་བློ་སྒོ་ཕྱེས་པ་ལྟར།  ང་ཚོའི་དོ་སྣང་དེ་གུ་དོག་པོའི་རང་དོན་དོན་གཉེར་གྱི་བསམ་པ་ལས་ཟློག་པར་བྱེད་པ་དང་། སྙིང་རྗེས་ང་ཚོའི་འཇིགས་སྣང་ཉུང་དུ་གཏོང་བ། དོགས་འཆར་ཉུང་དུ་བཏང་བ་ལ་བརྟེན་ནས་གཞན་དང་མཉམ་དུ་བློ་རྒྱ་གསང་པོ་ཆགས་པ་དང་། ཁོང་ཚོ་དང་ལྷན་དུ་ཉེ་འབྲེལ་གྱི་ཚོར་བ་སྦྱིན་པ། མི་ཚེའི་ནང་དམིགས་ཡུལ་དང་དོན་སྙིང་ལྡན་པའི་ཚོར་བ་བཅས་ཡོང་གི་ཡོད། སྙིང་རྗེས་རང་ཉིད་དཀའ་ཚེགས་ཆེ་བའི་སྐབས་ངལ་གསོ་སྦྱིན་གྱི་ཡོད།


ཆོས་ལུགས་ཀྱི་མཚམས་ལས་འདས་པའི་བཟང་སྤྱོད་ཅེས་པ་ལས་བཏུས།

ཉེ་སྔོན་རྒྱ་གར་ནང་གི་གལ་ཆེའི་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་གནས་སྐོར་ལ་བསྐྱོད་སྐབས། ངོས་ལ་ཕོ་རྒྱུའི་གཉན་ནད་ཚབས་ཆེན་ཞིག་ཕོག་བྱུང་།  ན་ཟུག་ཧ་ཅང་ཆེ་བའི་རྐྱེན་གྱིས། དེ་གར་གཏན་ཁེལ་བྱས་པའི་བཀའ་ཆོས་ཀྱི་རིམ་པ་ཁག་ཆ་ཚང་མེད་པ་བཟོ་དགོས་བྱུང་།  སྐབས་དེར་མི་མང་སྟོང་ཕྲག་མང་པོ་བཀའ་ཆོས་ལ་ཕེབས་པ་དང་།  ས་ཐག་རིང་པོ་ནས་ཡོང་བའི་མི་མང་པོར་བློ་ཕམ་ཧ་ཅང་ཆེན་པོ་བཟོས་པར་ངོས་ནས་དགོངས་སེལ་ཞུ་དགོས་བྱུང་། གང་ལགས་ཤེ་ན། ངོས་རང་ཛ་དྲག་ངང་སྨན་ཁང་ཞིག་ལ་བསྐྱོད་དགོས་བྱུང་བ་དང་། དེ་ཡང་རྒྱ་གར་གྱི་གྲོང་གསེབ་ས་ཁུལ་སྐྱོ་ཤོས་མང་པོ་བརྒྱུད་འགྲུལ་བཞུད་བྱེད་དགོས་བྱུང་།  ངོས་ཀྱི་ཁོག་སྨད་ནང་མི་བདེ་བའི་ཚོར་བ་ཧ་ཅང་ཤུགས་ཆེ་ཞིང་།  ལམ་ཁར་ས་རོ་རྡོ་རོའི་འབར་འབུར་ཕྲད་དེ་མོ་ཊ་འཕར་སྐབས།  ན་ཟུག་གིས་ལུས་པོ་ཡོངས་རྫོགས་མནན་པ་ལྟ་བུ་ཆགས་ཀྱི་འདུག །མོ་ཊའི་སྒེའུ་ཁུང་ནས་ཕྱིར་བལྟས་པ་དང་།  ཡུལ་མི་ཉམ་ཐག་རྒྱ་ཁྱབ་ཏུ་ཡོད་པའི་མཐོང་སྣང་བྱུང་།  ལྟོ་ཆག་ཤོར་བའི་ཕྲུ་གུ་དམར་ཧྲེང་གད་སྙིགས་ཁྲོད་ཕར་ཚུར་རྒྱུག་པ་དང་། ལམ་ཟུར་དུ་ཉལ་ཁྲི་ཞིག་གི་སྟེང་རྒས་པོ་གཅིག་ཉལ་བསྡད་ཡོད་པ་མཐོང་བས།  ཁོང་ནི་ཁེར་རྐྱང་ཡིན་ཞིང་ལྟ་རྟོག་བྱེད་མཁན་སུ་གཅིག་ཀྱང་ཡོད་བཟོ་མི་འདུག །མོ་ཊའི་མུ་མཐུད་ནས་འགྲོ་བའི་ཚེ། ཉམ་ཐག་ཡིད་སྐྱོའི་གནས་སྟངས་དང་མིའི་སྡུག་བསྔལ་ཐད་ངོས་ནས་བསམ་བློ་གཏོང་མཚམས་འཇོག་ཐུབ་མ་བྱུང་།  ཕྱིས་སུ་ངས་དོ་སྣང་བྱུང་བ་ནི། རང་གི་བསམ་བློ་སོ་སོའི་སྡུག་བསྔལ་ལས་ཁ་སྤོས་ཏེ་གཞན་གྱི་དཀའ་སྡུག་གི་ཐད་ལ་བསམ་བློ་བཏང་བ་དང་། ན་ཟུག་ཆུང་དུ་ཕྱིན་འདུག །ང་ཚོས་གཞན་ལ་སེམས་ཁུར་བྱེད་པ་དེས་སོ་སོའི་བདེ་ཐབས་ལ་མཐུན་སྦྱོར་བྱེད་སྐོར་ཞིབ་རྟོག་བྱུང་བ་ཚན་རིག་གིས་ཀྱང་ཉམས་ཞིབ་ཐོག་ར་སྤྲོད་བྱས་ཡོད།  བརྩེ་བ་དང་། སེམས་པ་བཟང་པོ། ཡིད་ཆེས་སོགས་ལས་སེམས་ཁམས་ཀྱི་ཁེ་ཕན་ཙམ་མ་ཡིན་པར་ཕྱིའི་ལུས་ཀྱི་འཕྲོད་བསྟེན་ལའང་མངོན་གསལ་དོད་པོའི་ཁེ་ཕན་ཡོད་སྐོར་ད་ལྟའི་ཆར་ཚན་རིག་གི་སྒྲུབ་བྱེད་མང་པོ་ཡོད། ཉེ་དུས་ཞིབ་འཇུག་པ་ཞིག་གིས། བསམ་བཞིན་དུ་བརྩེ་བ་དང་སྙིང་རྗེ་སྐྱེད་པར་བྱེད་པས།  ཐ་ན་ང་ཚོའི་རིགས་རྫས་ཀྱི་གཞི་རྐྱེན་ཊི་ཨེན་ཨེ་(DNA) ལ་ཤུགས་རྐྱེན་སྦྱིན་སྐོར་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད། ཤུགས་རྐྱེན་ཞིག་ང་ཚོའི་རིགས་རྫས་ཀྱི་གཞི་རྐྱེན་དེའི་ཆ་ཤས་ཚོས་ཕུང་གི་སྣེའི་(telomeres) སྟེང་ནས་ཤེས་རྟོགས་བྱུང་།  དེ་དག་ནི་གསོ་བ་རིག་པའི་ཁྲོད་ལོ་ན་རྒ་བའི་བརྒྱུད་རིམ་དང་འབྲེལ་ནས་ཡོད་པར་བཤད། དེ་བཞིན་དུ་སེམས་ཁྲལ་དང་ཁོང་ཁྲོ། འཁོན་འཛིན་སོགས་མི་དགེ་བའི་བློས་འགོས་ནད་ལ་སོགས་པའི་ན་ཚར་ཁ་གཏད་གཅོག་པའི་ང་ཚོའི་ནུས་པ་སྟོབས་ཆུང་དུ་གཏོང་གི་ཡོད་པར་ར་སྤྲོད་བྱུང་ཡོད། ཉེ་ཆར་ངོས་ཀྱི་གྲོགས་པོ་ཚན་རིག་པ་ཞིག་གིས་དེ་ལྟ་བུའི་མི་དགེ་བའི་བློ་ཡུན་རིང་གནས་པ་ན་ང་ཚོའི་ནད་འགོག་མ་ལག་ལ་གནོད་སྐྱོན་གཏོང་གི་རེད་ཅེས་བརྗོད་བྱུང་། ལོ་ཤས་གོང་། ང་རང་ནེའུ་ཡོག་ཏུ་གཏམ་བཤད་ཅིག་ལ་བཅར་སྐབས། དཔེར་ན། ང་། ང་ལ། ངའི་ཞེས་པའི་གང་ཟག་དང་པོའི་མིང་ཚབ་ཚད་ལས་བརྒལ་བ་ཡང་ནས་ཡང་དུ་བེད་སྤྱོད་བྱེད་མཁན་གྱི་མི་རྣམས་དེ་ལྟར་མི་བྱེད་མཁན་རྣམས་ལས་སྙིང་ཁྲག་འགག་པའི་ནད་གཞི་འཕོག་ཉེན་ཆེ་བ་ཡོད་སྐོར་གསོ་བ་རིག་པའི་ཚན་རིག་པ་ཞིག་གིས་དགོངས་ཚུལ་གསུངས་སོང་། 

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པ་ལས་བཏུས།

གལ་སྲིད་སེམས་ཀྱི་ཞི་བདེ་དེ་ང་ཚོ་དཀའ་ཚེགས་དང་སྡུག་བསྔལ་ལས་སྐྱོབ་པར་བྱེད་མཁན་ཨང་དང་པོ་དེ་ཡིན་ན།   ང་ཚོའི་བཅོས་མ་མ་ཡིན་པའི་བདེ་སྐྱིད་དང་སྤྲོ་སེམས་ཀྱི་གནས་སྟངས་ལ་རླབས་ཆེ་བའི་མཐུན་རྐྱེན་སྦྱིན་མཁན་གྱི་གལ་ཆེའི་རྒྱུ་རྐྱེན་གཞན་ཡང་ཡོད། ཉེ་དུས་ཚན་རིག་པ་ཞིག་གིས་ཞིབ་འཇུག་གིས། དེ་དག་གི་ནང་ནས་གཙོ་བོ་ནི། གུ་དོག་པའི་རང་ཁེ་དོན་གཉེར་གྱི་རྒྱ་ལས་གྲོལ་ཞིང་དམིགས་ཡུལ་དང་ལྡན་པ། གཞན་དང་མཉམ་དུ་འབྲེལ་ནས་ཡོད་པའི་སྤྱི་ཚོགས་ཤིག་གི་ཁོངས་མི་ཡིན་པའི་ཚོར་བ་བཅས་ཡིན་པར་ཁུངས་སྐྱེལ་བྱས་ཡོད། དེ་གཉིས་ཀའི་རྩ་བ་ནི། སྙིང་རྗེའམ་བྱམས་པ་ཡིན།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པ་ལས་བཏུས། 

ང་ཚོས་མི་རྣམས་རྐྱེན་ངན་ལས་ཐར་བ་དངོས་སུ་མཐོང་སྐབས། གཞན་གྱི་མྱོང་ཚོར་ལ་སྐྱིད་སྡུག་མཉམ་མྱོང་བྱེད་ཐུབ་པའི་ང་ཚོའི་ལྷན་སྐྱེས་ཀྱི་ནུས་པས་ཁོང་ཚོའི་དགའ་ཚོར་མཉམ་མྱོང་བྱེད་ཐུབ་ཀྱི་ཡོད། ངོས་ཀྱི་བསམ་པར་ང་ཚོ་མང་པོ་ཞིག་གིས་གློག་བརྙན་དང་། རྩེད་རིགས་འགྲན་སྡུར། འཁྲབ་སྟོན་བཅས་ལ་ལྟ་རྒྱུ་དང་། དེབ་སྙན་པོ་དེ་འདྲ་ཀློག་རྒྱུ་སོགས་ལ་དགའ་བོ་བྱེད་པའི་རྒྱུ་མཚན་ཕྱོགས་གཅིག་ནི། དེ་དག་གིས་སྤྲོ་སེམས་སྤེལ་བའི་ཁར། གཞན་གྱི་དགའ་ཚོར་དང་སེམས་སྡུག་རྣམས་སོ་སོ་རང་གི་ཡིན་པ་ལྟ་བུར་མྱོང་བའི་གོ་སྐབས་ཤིག་སྤྲོད་ཀྱི་ཡོད་པས་ཡིན། ང་ཚོས་སྐྱིད་སྡུག་མཉམ་མྱོང་གི་ཉམས་མྱོང་ལ་རང་བཞིན་གྱིས་དགའ་བོ་ཡོད་ཅིང་། རྒྱུན་དུ་དེ་སོ་སོའི་མི་ཚེའི་ཁྲོད་ནས་རྙེད་ཐབས་བྱེད་ཀྱི་ཡོད། དཔེ་མཚོན་ཞིག་ནི། ང་ཚོས་ཕྲུ་གུ་ཆུང་ཆུང་ལ་དགའ་བོ་བྱེད་པ་དེ་ཡིན། ང་ཚོས་ཁོང་ཚོར་འཛུམ་དམུལ་དམུལ་བྱེད་པ་དང་། རྔན་པ་སྦྱིན་པ། ཡང་ན་སྒྲུང་ཤོད་སྐབས་ཁོང་ཚོའི་ངོ་གདོང་ནས་འཛུམ་མདངས་ཐོན་པ་ང་ཚོས་མཐོང་འདོད་ཡོད། ཕྱོགས་མཚུངས། ང་ཚོའི་སྙིང་དུ་སྡུག་པའི་མི་རྣམས་ལ་བདེ་སྐྱིད་བྱུང་དུས་དེར་རང་བཞིན་གྱིས་དགའ་བོ་བྱེད་ཅིང་། མི་ཚང་མའི་དགའ་མོས་བྱ་ཡུལ་དེ་གཞན་གྱི་འཛུམ་མདངས་ཡིན་པ་ལས་མི་འདོད་པའི་རྣམ་འགྱུར་མ་ཡིན། ང་ཚོ་ནི་རང་གི་འཚོ་གནས་དང་དར་འཕེལ་སྡེ་ཚན་ནམ་མིའི་སྤྱི་ཚོགས་ཀྱི་ཆ་ཤས་ལ་བརྟེན་དགོས་པའི་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཡིན་པར་སོང་། ང་ཚོས་བདེ་སྐྱིད་དང་བདེ་ཐབས་འཚོལ་སྒྲུབ་བྱེད་པར་སྐྱིད་སྡུག་མཉམ་མྱོང་ཐུབ་པ་དེ་ནི་ཕན་ནུས་ཟབ་མོ་ཡོད་པ་ཞིག་ཡིན། 


ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པ་ལས་བཏུས།

ཕྱི་དངོས་པོའི་དཔལ་འབྱོར་ནི་བདེ་སྐྱིད་ལ་ཁག་ཐེག་ཐུབ་མཁན་ཞིག་མིན།  མདོར་ན།  ངོས་རང་ཡང་ཧ་ཅང་འབྱོར་ལྡན་དང་ཐ་ན་ཐེར་འབུམ་གྱི་བདག་པོ་ཡིན་མཁན་མི་སྣ་ཉུང་ཤས་དང་ཐུག་འཕྲད་བྱུང་།  ཁོང་ཚོ་སྒེར་གྱི་ཐོག་ནས་རང་ཉིད་ཀྱི་མི་ཚེའི་ནང་འདོད་པ་མི་ཁེངས་པ་དང་སྐྱིད་པོ་མི་འདུག་ཅེས་ངོས་ལ་སྦ་གསང་མེད་པར་རྗོད་ཀྱི་འདུག།རྒྱུ་ནོར་གྱིས་མི་རྣམས་ཀྱི་མཐའ་སྐོར་དུ་བཅོས་མའི་བཙན་ས་ལྟ་བུ་བསྐྲུན་ཏེ།  དེ་ལས་ཡང་ནས་ཡང་དུ་ཁེར་རྐྱང་གི་ཚོར་བ་སྦྱིན་གྱི་ཡོད།  ཀུན་དགའ་དོན་གྲུབ་ནི།  སྡུག་བསྔལ་ཕོན་ཆེན་སྐྲུན་མཁན་གྱི་ཡིད་རྟོན་མི་རུང་བའི་གྲོགས་ཤིག་ཡིན། ཕྱི་དངོས་པོའི་རྒྱུ་ནོར་གྱིས་གནོན་ཤུགས་དང་སྡུག་བསྔལ་མང་པོ་ཞིག་གི་འབྱུང་ཁུངས་བྱེད་སྲིད་ཀྱང་། བརྩེ་བ་དང་སྙིང་རྗེ་ལ་གཞི་ལ་བཞག་པའི་ནང་སེམས་ཀྱི་རྒྱུ་ནོར་གྱིས་དེ་ལྟར་མི་བྱེད། དེར་བརྟེན་རྒྱུ་ནོར་གང་ཞིག་ང་ཚོས་དངོས་གནས་འཚོལ་སྒྲུབ་བྱེད་དགོས་པ་གསལ་པོ་ཡིན།

ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པ་ལས་བཏུས། 

མིའི་སྤྱི་ཚོགས་ནང་དངུལ་དང་། སྤྱི་ཚོགས་ཀྱི་གོ་གནས། ཕྱིའི་སྣང་ཚུལ་བཅས་ལ་བརྟེན་ནས་དོ་སྣང་ཤུགས་ཆེན་པོ་ཞིག་སླེབས་ཀྱི་ཡོད་པར་ཐེ་ཚོམ་མེད། འོན་ཀྱང་དོ་སྣང་དེའི་ཡུལ་ངོ་མ་དེ་གང་ཡིན་ནམ། མི་དེ་དག་ང་ཚོའི་བློས་ཐུབ་ཀྱི་གྲོགས་པོ་མ་ཡིན་པར། དེ་ལས་ལྡོག་སྟེ། ང་ཚོའི་དངུལ་དང་གནས་བབ་། ཡང་ན་ཕྱིའི་རྣམ་པ་བཅས་ཀྱི་གྲོགས་པོ་ཡིན་སྲིད། དེས་ན། ནམ་ཞིག་ང་ཚོའི་རྒྱུ་ནོར་ཉམས་རྒུད་དུ་ཕྱིན་པ་ན་གང་ཡོང་གི་རེད་དམ། གལ་སྲིད་ང་ཚོའི་ཕྱིའི་རྣམ་པ་ཉམས་པའམ་ང་ཚོའི་དངུལ་བརླག་སྟོར་ཤོར་ན་གང་ཡོང་གི་རེད་དམ། ང་ཚོར་དགོས་མཁོ་ཆེ་བའི་སྐབས་དེར་གྲོགས་པོ་དེ་དག་ད་དུང་རང་འཇགས་གནས་ཀྱི་རེད་དམ་ཡང་ན་ཡལ་འགྲོ་གི་རེད། ཉེན་ཁ་ནི་གྲོགས་པོ་དེ་རིགས་མྱུར་དུ་མི་སྣང་བར་འགྱུར་ངེས།   ལྷད་མེད་པའི་མཛའ་འབྲེལ་ནི་ཡིད་ཆེས་དང་བརྩེ་བ་རྨང་གཞིར་བྱས་ནས་ཡོང་ཐུབ་པའི་གནད་དོན་གསལ་པོ་ཞིག་ཡིན་ཞིང་།  ཕན་ཚུན་གཉིས་མོས་ཀྱི་སེམས་ཁུར་དང་གུས་བརྩིའི་ཚོར་བ་ཞིག་ཡོད་པའི་སྐབས་འབའ་ཞིག་ལ་མངོན་དུ་འགྱུར་ཐུབ།   དེར་བརྟེན་གཅིག་པུའམ་ཁེར་རྐྱང་གི་ཚོར་བ་ལ་གཉེན་པོ་བྱེད་མཁན་ཡིད་ཆེས་དང་བྱམས་སེམས་ཀྱི་ཚོར་བ་རྣམས་ཕྱི་རོལ་གྱི་རྐྱེན་གཞན་འབའ་ཞིག་ལས་ཡོང་གི་མེད་ལ།  མཛའ་འབྲེལ་གྱི་ཕྱིའི་རྣམ་པ་ལ་བརྟེན་ནས་ཀྱང་ཡོང་གི་མེད།   འོན་ཀྱང་གཞན་སེམས་ཅན་ལ་དམིགས་པའི་སོ་སོའི་སེམས་ཁུར་དང་གུས་བརྩིའི་སྤྱོད་ཚུལ་ལ་བརྟེན་ནས་ཡོང་གི་ཡོད། དེ་ཚོའི་མཐར་ཐུག་གི་འབྱུང་ཁུངས་ནི་ང་ཚོའི་སེམས་རྒྱུད་ལ་ཡོད། 


ཆོས་ལུགས་ཀྱི་མཚམས་ལས་འདས་པའི་སྤྱི་སྨན་གྱི་བཟང་སྤྱོད་ཅེས་པ་ལས་བཏུས།