ལེགས་བཤད་གཅེས་བཏུས།


ཚན་རིག་པ་དང་ཐུག་སྟེ་སྐད་ཆ་བཤད་པ་ཡིན་ན་ནུབ་ཕྱོགས་པའི་སེམས་ཁམས་རིག་པ་ཧ་ཅང་ཚད་དམའ་བོ་རེད།  དེར་བརྟེན་ལོ་ངོ་སྟོང་ཕྲག་རིང་མཁན་ཆེན་ཞི་བ་འཚོ་ཡབ་སྲས་ཀྱིས་ང་ཚོར་ཞེ་ས་མ་ཞུས་ན་ཐུགས་བློས་འགེལ་གནང་བ་དེ་ང་ཚོ་བོད་པས་ཀོ་ཐག་རྩ་བ་ནས་གློད་མེད། འདི་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་ཡིན།  བོད་མི་རིགས་གཅིག་གྱུར་ཡོང་བ་དེ་ཡང་འདིའི་ཐོག་ནས་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་ཡོད།  ཆོལ་ཁ་གསུམ་ཡོངས་རྫོགས་ཆབ་སྲིད་ཐོག་ཁ་བྲལ་དུམ་བུར་ཕྱིན་ཡོད་ཀྱང་།  ཆོས་དང་རིག་གཞུང་སྐད་ཡིག་བཅས་ཀྱི་ཐོག་གཅིག་གྱུར་བྱས་ནས་བསྡད་པ་རེད།  མ་འོངས་པར་ཡང་སངས་རྒྱས་ཀྱི་ཆོས་ལ་ཆོས་ཕྱོགས་ཀྱི་དད་པ་དང་སྨོན་ལམ་བརྒྱབ་པ་ཙམ་མ་ཡིན་པར་ལྟ་གྲུབ་རིག་པ་དང་།  སེམས་ཁམས་རིག་པ།  ཚད་མ་རིག་པ་དེ་དག་འཛམ་གླིང་གི་ཚད་མཐོའི་ཤེས་ཡོན་གྱི་ནང་དུ་འགྲོ་ཐུབ་པ་ཞིག་ཏན་ཏན་ཆགས་ཡོད།  ལྷག་པར་རྒྱ་གར་ནང་དེ་བས་ཀྱང་ཡིན།  དེར་བརྟེན་བོད་ཀྱི་ཆོས་དང་རིག་གཞུང་མུ་མཐུད་གནས་ཀྱི་རེད།  རྒྱ་རིགས་ནང་དུའང་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་།  ཇི་སྲིད་བོད་ཀྱི་ཆོས་དང་རིག་གཞུང་གི་མཚན་མཐོང་གོང་ནས་གོང་དུ་འཕེལ་བ་དེའི་ཚོད་ཀྱིས་བོད་མི་རིགས་ཀྱི་སྤོབས་པ་ཆེ་རུ་འགྲོ་རྒྱུ་རེད།  བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང་གི་སེམས་ནང་སྤོབས་པ་སླེབས་པ་ཞིག་ཡོང་རྒྱུ་རེད།  



ཕྱི་ལོ་༢༠༡༨ ཟླ་༥ ཚེས་༢ ཉིན་བཞུགས་སྒར་ཕོ་བྲང་དུ་སྲི་ཞུའི་ལས་བྱེད་བགྲེས་ཡོལ་དུ་ཕེབས་མཁན་དང་བཀའ་བློན་ལས་ཟུར་སོགས་ལ་སྩལ་པ་ལས་བཏུས།



བོད་པ་མང་པོ་ཞིག་གིས་ངོས་སྤྱན་རས་གཟིགས་སྐུ་ཤ་རློན་པ་རེད་ཟེར་གྱི་ཡོད།  དེ་འདྲ་རང་ཡིན་མིན་གང་ཤེས།  དམིགས་བསལ་བོད་ནས་ཡོང་བའི་བོད་མི་ཚོས་༸རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་ཀྱི་སྐུ་གསོན་པོར་རྩི་བཞིན་ཡོད།  སྔོན་མ་མོན་གྷོར་གཞིས་ཆགས་ཐོག་མར་ཚུགས་སྐབས་བལ་ཡུལ་ནས་རྒྱ་གར་ལ་ཐད་ཀར་ཡོང་བའི་གྲོང་གསེབ་པ་ཁག་ཅིག་ཡོད་པ་ངོས་རང་གཞིས་ཆགས་དེར་སླེབས་སྐབས་ཁོང་ཚོ་ཁ་ཤས་ཀྱིས་ཨ་ཙི་སྤྱན་རས་གཟིགས་གོམ་པ་བསྐྱོན་ནས་ཕེབས་ཀྱི་འདུག་ཅེས་ཤོད་ཀྱི་ཡོད།  (བཞད་མོ་བཞད།)  སྤྱན་རས་གཟིགས་ཞུ་བ་མཆོད་བཤོམས་ནང་བཞུགས་མཁན་གྱི་བསམ་བློ་འཁོར་གྱི་ཡོད་པ་རེད།  གང་ལྟར་ངོས་སྤྱན་རས་གཟིགས་ཡིན་མིན་མི་ཤེས་ཏེ།  འཕགས་པ་སྤྱན་རས་གཟིགས་དང་འབྲེལ་བ་ཤུགས་ཆེན་པོ་ཞིག་ཡོད།  དེ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་།  ལྷག་པར་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་ངོས་དང་དམིགས་བསལ་འབྲེལ་བ་ཡོད་པའི་ཚོར་བ་ཤུགས་ཆེན་པོ་ཞིག་ཡོང་གི་འདུག །ལོ་ཤས་གོང་མཚོ་པདྨར་སླེབས་སྐབས་ཚོར་བ་ཧ་ཅང་ཤུགས་ཆེན་པོ་ཞིག་བྱུང་།  སློབ་དཔོན་རིན་པོ་ཆེ་དང་། ཁྲི་སྲོང་ལྡེའུ་བཙན།  མཁན་ཆེན་བྷོ་དྷི་སཏྭ་བཅས་མཁན་སློབ་ཆོས་གསུམ་དང་འབྲེལ་བ་ཐུན་མོང་མིན་པ་ཞིག་ཡོད་པ་ཧ་ཅང་གསལ་པོ་རེད།  སྐབས་དེར་ངོས་རང་ཚོར་བ་ཤུགས་ཆེ་སྐྱེས་ནས་མིག་ཆུ་ཤོར་བྱུང་། 


ཕྱི་ལོ་༢༠༡༨ ཟླ་༥ ཚེས་༢ ཉིན་བཞུགས་སྒར་ཕོ་བྲང་དུ་སྲི་ཞུའི་ལས་བྱེད་བགྲེས་ཡོལ་དུ་ཕེབས་མཁན་དང་བཀའ་བློན་ལས་ཟུར་སོགས་ལ་སྩལ་པ་ལས་བཏུས།  
 


སྔར་འཛམ་གླིང་གི་ཚན་རིག་པས་ཕྱི་དངོས་པོ་ཁོ་ནའི་སྟེང་དུ་བརྟག་དཔྱད་དང་འགྲེལ་བཤད་བྱས་པ་དང་། དེ་གཅིག་པུའི་སྟེང་ནས་འགྲེལ་བཤད་རྒྱག་ཐུབ་པར་ཡིད་ཆེས་བྱས་ཏེ་བཙལ་ནས་བསྡད་པ་རེད།  བདེན་རྫུན་ཕྱི་རུ་བཙལ་ནས་བསྡད་ཀྱང་དེང་སང་ཕྲ་མོ་ཕྲ་མོའི་སྟེང་དུ་དཔྱད་སྐབས་སེམས་ཀྱིས་འདོགས་སྟངས་སམ་སེམས་ཀྱི་ཐ་སྙད་སྦྱོར་སྟངས་ལ་ཧ་ཅང་ལྟོས་ཚབས་ཆེན་པོ་འདུག་ཅེས་འཆད་བཞིན་ཡོད། དཔེར་ན།  དེང་གི་སྨན་གཞུང་རིག་པའི་ནང་དུའང་སེམས་ཀྱིས་འཕེན་པ་གཏོང་ཕྱོགས་ལས་ནད་གསོ་བ་དང་ནད་ཉུང་བ་སོགས་ལ་ཁྱད་པར་འདུག་ཅེས་སེམས་ལ་དོ་སྣང་ཆེ་རུ་འགྲོ་བཞིན་འདུག  །དེང་སྐབས་ཚན་རིག་གི་དཔྱད་པ་ཇེ་ཟབ་ཏུ་ཕྱིན་ཏེ་ལུས་ཀྱི་རྡུལ་ཕྲན་སོགས་གཟུགས་ཅན་འབའ་ཞིག་ལ་དཔྱད་པ་ཙམ་མ་ཡིན་པར་ནང་གི་སེམས་དེ་གནས་སྐབས་གང་ཡིན་ཀྱང་གལ་ཆེན་པོ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།  
                           

 (༡༩༩༧ ཟླ་༡༢  པའི་ནང་སེར་བྱེས་སུ་སྟོང་ཐུན་བཀའ་ཁྲིད་གནང་བ་ལས་བཏུས།  )

སྡུག་ས་ནས་བཤད་ན་མི་ནི་བསམ་རྒྱུ་དྲན་རྒྱུ་མང་བའི་རྐྱེན་གྱིས་རང་གཞན་གཉིས་ཀར་བདེ་སྐྱིད་མེད་པ་བཟོ་མཁན་ཞིག་ཏུ་གྱུར་ཡོད།  དུད་འགྲོ་རྣམས་བློ་སྣ་ཐུང་བའི་རྐྱེན་གྱིས་འཁྲིག་དུས་ལྟ་བུར་ལྷོད་པོ་མེད་ཙམ་ལས་གཞན་གནས་སྐབས་བཀྲེས་སྐོམ་གྱི་སྡུག་བསྔལ་མངོན་གསལ་མེད་ན་ལྷོད་པོར་འདུག་ཅིང་།  མི་ནི་དེ་ལས་ལྡོག་སྟེ།  རེ་དོགས་ལུ་གུ་རྒྱུད་ཀྱིས་བཅིངས་ནས་མི་ཚེ་སྐྱེལ་གྱིན་ཡོད། ཡང་ཕྱོགས་གཞན་ནས་མིའི་རྣམ་དཔྱོད་དེ་ལྷག་བསམ་གྱི་རྒྱབ་རྟེན་ཡོད་པའི་ཐོག་ནས་ལམ་ཡང་དག་པ་ཞིག་ལ་བེད་སྤྱོད་གཏོང་ཐུབ་ན་རང་གཞན་ལ་ཕན་པ་ཆེ།  སྦྲང་རྩི་གསོག་པའི་སྦྲང་མ་ལྟ་བུ་དུད་འགྲོའི་རིགས་དག་ལ་རྩ་ཁྲིམས་དང་ཆོས་མེད་ལ།  ཆེད་དུ་བཟོས་པའི་སྒྲིག་འཛུགས་ཀྱང་མེད་མོད།  དེ་དག་ནི་དུ་མ་ཚོགས་པའི་སྟེང་ནས་འཚོ་དགོས་སྟབས་རང་གི་ངང་གིས་ལུས་ཀྱི་གནས་སྟངས་ཀྱི་དབང་གིས་མཉམ་རུབ་ཀྱི་འདུ་ཤེས་ཤུགས་ཆེན་པོ་ཡོད།  དེའི་ཕྱིར་དུད་འགྲོའི་རིགས་ལ་ཕན་ཚུན་བརྩེ་བ་དང་རོགས་བྱེད་པ་ཡོད་ཀྱང་།  རང་རང་གི་རིགས་མཐུན་ཙམ་ལས་དེ་ལས་རྒྱ་ཆེ་བའི་སེམས་ཅན་ལ་བརྩེ་བའི་བསམ་པ་སྤེལ་པའི་ནུས་པ་མེད།  མི་ལ་ནི་རྣམ་དཔྱོད་ཀྱི་གྲོགས་དང་བཅས་ཏེ་བརྩེ་སེམས་གོམས་པ་མཐའ་མེད་དུ་སྤེལ་བའི་ནུས་པ་ཡོད་པས།  དེ་ནི་མིའི་ཡོན་ཏན་ཐུན་མོང་མ་ཡིན་པ་ཞིག་རེད་སྙམ།  ཚེ་གཅིག་ལ་འཚོ་བ་ཙམ་ནི་དུད་འགྲོས་ཀྱང་བྱེད་ཐུབ་ཅིང་།  ཆོས་ཁས་ལེན་མིན་ཇི་ལྟར་ཡང་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་གྲོག་མ་ཚུན་ཆད་ལ་སྙིང་རྗེའི་བསམ་པའི་བརྩེ་བ་སྐྱེ་ཐུབ་པ་དང་།  སྐྱེས་ནས་དེས་དྲངས་པའི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་གཞན་ལ་ཕན་བདེ་བསྒྲུབ་པ་མི་ལས་གཞན་སུས་ཀྱང་བྱེད་མི་ཐུབ།
           

                     
 (༡༩༩༧ ཟླ་༡༢  པའི་ནང་སེར་བྱེས་སུ་སྟོང་ཐུན་བཀའ་ཁྲིད་གནང་བ་ལས་བཏུས།  )

གྲྭ་ཚང་ཁག་ཏུ་སོ་སོའི་ཡིག་ཆ་ཙམ་མིན་པར་རྗེ་ཡབ་སྲས་ཀྱི་གཞུང་རྣམས་མང་ཙམ་གཟིགས་ཐུབ་པ་དགོས་རྒྱུ་དང་། དེ་བཞིན་རྟོག་གེ་འབར་བ་སོགས་སུ་གསལ་བའི་རྒྱ་གར་གྱི་མུ་སྟེགས་པའི་གྲུབ་མཐའ་ཁག་རང་རེས་གཞུང་གི་ཕྱོགས་སྔར་བླངས་ཏེ་སློབ་གཉེར་བྱེད་ཀྱི་ཡོད་པ་ལྟར།  བོད་དུ་དར་བའི་སྔ་འགྱུར་རྙིང་མ་དང་།གསར་མའི་གྲས་ནས་ས་སྐྱ། བཀའ་བརྒྱུད། ཇོ་ནང་སོགས་ཀྱི་ཆོས་ཚུལ་དུས་དུས་སུ་འབྲེལ་ཡོད་མཁས་དབང་ཁག་གདན་འདྲེན་ཞུས་ཏེ་སོ་སོའི་ཆོས་བརྒྱུད་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་སྐོར་འགྲེལ་བཤད་གནང་རྒྱུའི་གོ་སྐབས་དང་མཐུན་རྐྱེན་བསྐྲུན་ཐུབ་ན་བོད་གངས་ཅན་གྱི་ལྗོངས་སུ་དར་བའི་རིས་མེད་ཀྱི་ཆོས་བརྒྱུད་ཁག་ལ་རྒྱུས་ཡོད་ཆགས་ཐུབ་རྒྱུ་དང་།  དེ་འདྲ་ཞིག་བྱུང་ན་ངོས་སྒེར་གྱི་ཉམས་མྱོང་གི་ཐོག་ནས་བཤད་ཀྱང་དགེ་མཚན་ཆེ་བ་ཡོད།  

ཕྱི་ལོ་༢༠༡༨ ཟླ་༡ ཚེས་༡༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ་གདན་གསུམ་གཙོ་བོར་གྱུར་པའི་ཆོས་སྡེ་ཁག་གི་སློབ་གཉེར་ཡར་རྒྱས་དང་དུས་བསྟུན་ལེགས་བཅོས་ཡོང་ཐབས་ཆེད་སྐོང་ཚོགས་ཞུས་པའི་དགེ་ལྡན་པའི་དམིགས་བསལ་ཚོགས་ཆེན་ཐོག་སྩལ་བ།

མངོན་པ་མཛོད་དང་གསང་འདུས་སོགས་ནས་གསུངས་པའི་རི་རབ་ཀྱི་རྣམ་གཞག་དེ་དག་རང་ཅག་གི་གཞུང་ནས་གསུངས་པ་ལ་ཨུ་ཚུགས་ཀྱིས་འདི་ཁོ་ན་བདེན་གྱི་དེང་གི་ཚན་རིག་པ་དག་གིས་བཤད་པ་ནི་བདེན་པ་མ་རེད་ཅེས་གླེན་པས་ཨུ་ཚུགས་གཏན་ནས་བྱེད་མི་རུང་།  ཚན་རིག་པ་དེ་དག་གིས་ཚད་དང་རྩིས་བརྒྱབ། ཆེ་ཤེལ་གྱིས་ཞིབ་འཇུག་བྱས་ཏེ་དངོས་སུ་མཐོང་བ་མྱོང་གྲུབ་དང་།  དེ་ཡང་མི་རེ་གཉིས་ཙམ་མ་ཡིན་པར་འཛམ་གླིང་འདིར་མི་དུང་ཕྱུར་ལྔ་བཅུ་ལྷག་གིས་མཐུན་སྣང་དུ་གྲུབ་པ་ཞིག་ང་ཚོས་མ་རེད་ཅེས་བཤད་དགོས་བྱུང་ན་རང་ཉིད་བཞད་གད་ཀྱི་ཡུལ་ཙམ་ལས་མ་མཐོང་།  དངོས་ཡོད་གནས་ཚུལ་གང་མཐོང་བ་དེ་ཁས་ལེན་དགོས་པ་ནི་ནང་པ་སྤྱིའི་འགྲོ་སྟངས་ཏེ།  དྲང་ངེས་ལེགས་བཤད་སྙིང་པོ་ལས།  རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར།  གསུངས་པ་ལྟར།  རིགས་པ་དང་འགལ་བའམ་མངོན་སུམ་ལ་བསྙོན་དགོས་པའི་རྣམ་གཞག་ཅིག་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་ཡོང་སྟངས་མེད། 


ཕྱི་ལོ་༡༩༩༧ ཟླ་༡༢ ཚེས་༢༨ ནས་༡༩༩༨ ཟླ་༡ ཚེས་༤ བར་སེར་བྱེས་གྲྭ་ཚང་དུ་སྟོང་ཐུན་བཤད་ལུང་གནང་སྐབས་སྩལ་བའོ། །

བྱམས་བརྩེ་དང་ཡ་རབས་ཀྱི་བསམ་བློ་ཡོད་པའི་ཐོག་ནས་སློབ་སྦྱོང་བྱེད་ཐུབ་པ་ཞིག་བྱུང་ན་གོང་དུ་བཤད་པ་ལྟར་ཤེས་ཡོན་ལྡན་ལ་བྱམས་བརྩེ་ཡང་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ཐུབ་ངེས་རེད། ཤེས་ཡོན་ཡོད་ཀྱང་བྱམས་བརྩེ་མེད་ན་ཡ་རབས་སྤྱོད་བཟང་གི་སྤྱི་ཚོགས་ཤིག་ཡོང་མི་ཐུབ། མི་ལ་བསྒྱུར་བཅོས་བཏང་ནས་འཛམ་གླིང་ཐོག་ག་ལེར་འགྱུར་བ་བཟང་ཕྱོགས་སུ་ཐེབས་ཐུབ་པར་ང་ཚོས་རེ་བ་བརྒྱག་དགོས།  དཔེར་ན། ད་ལྟ་ཕར་ཙམ་དེར་དམག་འཁྲུག་བརྒྱབ་ནས་མི་བརྒྱ་ཕྲག་གསོད་རེས་གཏོང་བ་དེ་དག་དེ་འདྲའི་ཐབས་རྡུགས་པ་ལ་ཨང་ཞེས་བཤད་པ་ཙམ་གྱིས་མི་ཕན།  དེ་ཐབས་རྡུགས་ཡིན་པ་ང་ཚོས་ཤེས་ཀྱི་ཡོད་ན་མ་འོངས་པར་དེ་འདྲ་ཞིག་མི་ཡོང་བ་བྱ་རྒྱུ་ཡིན་བསམ་པ་ཞིག་དང་།  བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་ཇི་ལྟར་བཟོ་དགོས་པའི་ཐད་བསམ་བློ་གཏང་རྒྱུ་དེ་གལ་ཆེན་པོ་རེད།  དེ་ཁྱེད་ཚོ་ཚང་མས་སེམས་ལ་ངེས་པར་གྱིས།  


བྱེ་བྲག་ཏུ་རང་རེ་བོད་ལ་མཚོན་ན།  སྤྱི་ཡོངས་ནས་བོད་མི་རིགས་ལ་སེམས་ཅན་ཞིག་འཆི་བཞིན་པ་མཐོང་ནའང། གང་དྲག  སྙིང་རྗེ་ཨང་ཟེར་བ་དང༌། འབུ་ཞིག་ཉེན་ཁ་ཡོད་སར་ཡོང་གི་ཡོད་ན་གང་ཐུབ་ཀྱིས་ཉེན་ཁ་མེད་ས་ཞིག་ལ་སྐྱེལ་བའི་གོམས་གཤིས་ཤིག་ཡོད། དེ་རྩ་ཆེན་པོ་རེད། ཁ་སྔོན་རྒྱ་གར་ལྷོ་ཕྱོགས་སུ་དུས་དབང་བསྐུར་སྐབས་རྒྱ་གར་བ་ཞིག་ཡོད། ངོས་དང་ངོ་ཤེས་སུ་གྱུར་པ་རེད། ཉིན་ཞིག་ཁོང་དང་མཉམ་ལམ་དུ་འགྲོ་བའི་སྐབས་ཤིག་ལམ་ཁའི་སྟེང་བབས་པའི་སྦྲང་བུ་ཞིག་རྒྱ་གར་བ་དེས་འཕྲལ་དུ་རྡོག་བརྫིས་བཏང་སོང་།  སྐབས་དེར་ངོས་རང་སྐད་ཤོར་བ་རེད། དེ་དུས་རྒྱ་གར་བ་དེས་མ་འོངས་པར་འབུ་གཏན་ནས་གསད་རྒྱུ་མིན་ཟེར།  ང་ཚོ་བོད་པའི་ལྷན་སྐྱེས་ཀྱི་གོམས་གཤིས་ནང་གཞན་གྱི་ཚེ་སྲོག་ལ་བརྩི་བཀུར་བྱེད་པའི་བསམ་བློ་ཞིག་ཡོད་པ་དེ་ཡག་པོ་རེད།  རྒྱ་རིགས་ནང་ཤ་མི་ཟ་མཁན་བསམ་པ་བཟང་པོ་དེ་འདྲ་འདུག   འོན་ཀྱང་སྤྱིར་བཏང་སེམས་ཅན་གསོད་པར་དོ་སྣང་དེ་ཙམ་མི་འདུག ཁྱེད་ཚོ་བོད་ནས་ཡོང་མཁན་ཚོས་ཤེས་ངེས་རེད།  དུད་འགྲོའི་ཚེ་སྲོག་ལ་ཡ་ང་བག་ཚ་མེད་པའི་མི་དེ་དག་རིམ་བཞིན་མིའི་ཚེ་སྲོག་ལའང་ཡ་ང་བག་ཚ་མེད་མཁན་ཞིག་ཏུ་འགྱུར་བཞིན་ཡོད། 

ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས།

བྱམས་བརྩེ་ཡོད་ན་འཕྲོད་བསྟེན་གྱི་ཐོག་ནས་གཟུགས་པོའི་འབྱུང་བ་རྣམས་སྙོམས་པོ་ཡོང་ཞིང་། སེམས་འཁྲུགས་པ་ཡིན་ན་གཟུགས་པོའི་འབྱུང་བ་མ་སྙོམས་པའི་ཐོག་ནས་དཀའ་ངལ་དང་རྙོག་དྲ་ཡོང་གི་ཡོད། འདི་དག་ཆོས་ནས་བཤད་པའི་འགྲེལ་བཤད་མིན་པར་དེང་དུས་ཀྱི་སྨན་པས་རྗོད་ཀྱི་ཡོད་པ་རེད། བྱམས་བརྩེ་ཡོད་ན་བདེ་སྐྱིད་ཡོང་བ་དང༌།   ཁོང་ཁྲོ་དང༌ཞེ་སྡང༌། ང་རྒྱལ་སོགས་ཀྱི་གཞན་དབང་དུ་ཕྱིན་ན་རྙོག་དྲ་ཡོང་གི་ཡོད་པ་དེ་ཤེས་པར་བྱ་དགོས།  


མིའི་སྤྱི་ཚོགས་དེ་བྱམས་བརྩེ་དང་ལྡན་པ་ཞིག་བྱུང་ཚེ།   མི་ཙམ་མ་དུ་ཟད་སྲོག་ཆགས་དུད་འགྲོ་དང་ཕྱི་སྣོད་ཀྱི་ཁོར་ཡུག་ལ་ཡང་ཕན་པ་ཞིག་ཡོང་ངེས། དེ་འདྲའི་སྤྱི་ཚོགས་དེ་ཡང་ཁྱིམ་ཚང་དང་མི་སྒེར་པ་སོགས་མཉམ་དུ་འདུས་པའི་ཚོགས་པ་ཞིག་ཡིན་པ་ལས། དེ་ལས་ཟུར་དུ་སྤྱི་ཚོགས་ཞེས་པ་ཞིག་མེད། བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཇི་ལྟར་བཟོ་དགོས་ཟེར་ན།  མི་རེ་ངོ་རེའི་ངོས་ནས་བྱམས་བརྩེ་ལྡན་པ་ཞིག་བྱས་ཏེ་སྤྱི་ཚོགས་དེ་ཉིད་བྱམས་བརྩེ་ལྡན་པ་ཞིག་ཏུ་བསྒྱུར་དགོས་པ་རེད།  ཁྱེད་ཚོ་གཞོན་སྐྱེས་རྣམས་ཆེ་ས་ནས་བཤད་ན་འཛམ་བུ་གླིང་གི་མི་རབས་གསར་པའི་གྲས་ཡིན་ཞིང་། སྒོས་སུ་བཤད་ན་ང་ཚོ་བོད་པའི་སྤྱི་ཚོགས་ཀྱི་མི་རབས་གསར་པ་དེ་ཡིན། དེས་ན་བོད་པའི་སྤྱི་ཚོགས་འདི་རྟག་ཏུ་མི་ལ་མགོ་སྐོར་ཐུབ་ཚོད་གཏོང་བ་དང་རྒྱག་རེས་བརྒྱབ་སྟེ་སྡོད་མཁན་གྱི་སྤྱི་ཚོགས་ཤིག་ཏུ་བསྒྱུར་རྒྱུའམ། ཡང་ན། མི་ཚང་མ་གྲོགས་པོའི་འདུ་ཤེས་ཡོད་པའི་ཐོག་ནས་གནས་སའི་ཞི་བདེ་བག་ཕེབས་ཀྱི་སྤྱི་ཚོགས་ཤིག་ཏུ་བསྒྱུར་མིན་དེ་ཁྱེད་ཚོའི་ལག་པར་ཡོད།   དེ་ལ་ད་ལྟ་ནས་བསམ་བློ་གཏང་དགོས་པ་ཡིན། ད་ལྟ་ཁྱེད་ཚོ་འཛིན་གྲྭ་དང་པོ་དང་གཉིས་པ་སོགས་ཐེམ་པ་རིམ་འཛེགས་ཀྱིས་སློབ་སྦྱོང་བྱས་ནས་འགྲོ་བཞིན་ཡོད་ཅིང་། མ་འོངས་པར་ཁྱེད་ཚོ་ཤེས་ཡོན་ཅན་ཞིག་ཏུ་འགྱུར་ན་སྙམ་ནས་སློབ་སྦྱོང་སྤྲོད་ཀྱི་ཡོད་པ་རེད།


 ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས།
 

མི་ཚང་མར་རྒྱག་རེས་རྒྱག་པ་དང་གདོང་མདོག་ནག་པོ་བསྟན་ཏེ་བསྡད་ན་གྲོགས་པོ་ཡོང་ཐུབ་ཐབས་མེད། ཕྲུ་གུ་དེས་རྟག་ཏུ་རླུང་སྟོན་གྱི་ཡོད་ཅེས་མི་རྣམས་གཡོལ་ནས་འགྲོ་བ་ལས་ཚུར་འཆམ་པོ་བྱེད་པར་ཡོང་ཐབས་མེད། བྱམས་བརྩེ་དང༌གུས་ཞབས་བྱེད་པ། གྲོགས་པོའི་འབྲེལ་བ་བཟུང་བ་ཡིན་ན་མི་རྣམས་རང་ཤུགས་ཀྱིས་ཚུར་འདུས་ཡོང་ངེས་ཡིན། བསམ་བློའི་ནང་དུ་བྱམས་བརྩེ་ཡོད་ན་སྙིང་སྟོབས་ཀྱང་བསླེབ་ངེས་རེད། དེ་ཡང་ངོས་གཅིག་ནས་བལྟས་ན་སྙིང་སྟོབས་དང་ངོས་གཅིག་ནས་བལྟས་ན་བྱམས་བརྩེ་རེད། དཔེར་ན། བར་ལམ་ངོས་ལ་གུང་ཁྲན་ཏང་གི་རྒྱ་མི་ཞིག་ཐུག་བྱུང༌། ཁོས། རྒྱ་མི་གུང་ཁྲན་གྱིས་མི་ལ་སྡུག་པོ་མང་པོ་བཏང་བ་ཡིན་སྟབས།  ད་ཆ་མི་རྣམས་ཀྱིས་ཚུར་སྡུག་པོ་གཏོང་ངེས་རེད་བསམས་ཏེ་ཞེད་སྣང་འོག་བསྡད་ཡོད་པ་རེད་ཅེས་བཤད་བྱུང་། མི་ལ་སྡུག་པོ་གཏོང་བ་དང་མཐོང་ཆུང་བྱེད་པ། བློས་འགེལ་མི་བྱེད་པ་སོགས་བྱས་ཚེ་རང་བཞིན་གྱིས་སོ་སོར་མིས་ཚུར་སྡུག་པོ་གཏོང་ངེས་རེད་བསམ་པའི་འཇིགས་སྣང་ཡོང་ངེས་རེད།  ཅིའི་ཕྱིར་དེ་ལྟ་བུའི་འཇིགས་སྣང་ཡོང་གི་ཡོད་དམ་ཞེ་ན། མི་གཞན་གྱི་བདེ་སྡུག་ལ་བསམ་བློ་གཏན་ནས་མི་གཏོང་བར་རང་ཉིད་གཅིག་པུའི་ཁེ་ཕན་ལ་བསམ་བློ་བཏང་བའི་འབྲས་བུར་རང་ཉིད་གྲོགས་མེད་གཅིག་པུར་གྱུར་པ་དེ་ཡོང་གི་ཡོད།  


གཞན་ལ་བྱམས་བརྩེའི་བསམ་བློ་བཅངས་པ་ཡིན་ན་གཞན་རྣམས་སོ་སོའི་ཆ་ཤས་ལྟ་བུ་ཞིག་ཏུ་འགྱུར་ཐུབ་ཅིང་དེའི་ཐོག་ནས་ང་ཚོ་ཞེས་པའི་ཚོར་བ་དེ་ཡོང་ཐུབ། དེ་འདྲ་ཞིག་བྱུང་ཚེ་གཞན་གྱིས་གནོད་པ་བྱ་ངེས་སྙམ་པའི་ཞེད་སྣང་ཡོང་དོན་མེད། ང་ཚོ་དང་ཁོང་ཚོ་ཞེས་པའི་དབྱེ་འབྱེད་ཀྱི་བསམ་བློ་ཤུགས་ཆེན་པོ་བཏང་སྟེ་ང་ཚོ་ཞེས་པ་དེ་གལ་ཆེན་པོ་དང་རྒྱ་ཆེན་པོ་ཞིག་ཏུ་བལྟས་ཚེ་ཁོང་ཚོས་ང་ལ་གནོད་པ་བྱ་མི་ཡོང་ངམ་བསམ་པའི་ཞེད་སྣང་ཤུགས་ཆེན་པོ་སླེབས་ངེས་རེད། བསམ་བློའི་ནང་རང་བཞིན་གྱིས་བློ་བདེ་པོ་དང་བག་ཕེབས་པོ། གཡས་གཡོན་གང་ལ་བལྟས་ཀྱང་སོ་སོའི་གྲོགས་པོ་ཡིན་བསམ་པའི་བསམ་བློ་བཅངས་ཚེ་སེམས་ནང་ཞེད་སྣང་ཡོང་དོན་མེད།  གཡས་གཡོན་དང་རྒྱབ་མདུན་ཀུན་ལ་དོགས་པ་བྱས་ཚེ་སེམས་སུ་ཞེད་སྣང་བསླེབ་ངེས་ཡིན།  བྱམས་བརྩེར་བརྟེན་ནས་བསམ་བློའི་ནང་ཁྱད་པར་ཆེན་པོ་ཡོང་བཞིན་ཡོད། 

ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས།
 

ཀུན་སློང་དང་འབྲེལ་བའི་མྱོང་ཚོར་ཤུགས་ཆེན་པོ་ཞིག་ཡོང་གི་ཡོད་པ་དེའི་ནང་ཕན་པའི་རང་བཞིན་དང༌གནོད་པའི་རང་བཞིན་གྱི་མྱོང་ཚོར་གཉིས་ཀ་ཡོད། དེས་ན་འཚེ་མེད་ཞི་བདེ་ཡོང་བའི་རྩ་བ་ང་ཚོའི་སེམས་ཀྱི་བཟང་པོའི་ཡོན་ཏན་དང་གོམས་གཤིས་ཁག་སོ་སོའི་སེམས་རྒྱུད་ལ་འཇགས་ཐུབ་པ་ཞིག་བྱ་རྒྱུ་དེ་གལ་ཆེན་པོ་ཡིན།  བྱམས་བརྩེ་ཞེས་པ་དེ་ཕྱི་ལོགས་ནས་སློབ་ཚན་ཁྲིད་དེ་བསླབ་དགོས་པ་ཞིག་མིན། རང་ཉིད་མ་ལས་སྐྱེས་ཙམ་ཉིད་ནས་བྱམས་བརྩེའི་ཚོར་བ་ཧ་ཅང་ཤུགས་ཆེན་པོ་ཞིག་གི་ཐོག་ནས་འཚར་ལོངས་བྱུང་ཡོད། དཔེར་ན། ཨ་མའམ་མ་ཚབ་བྱེད་མཁན་བསམ་པ་རྣམ་དག་གི་མི་ཞིག་ལ་བརྟེན་ནས་འཚོ་བཞིན་ཡོད་པ་རེད། འོ་མ་འཐུང་མཁན་གྱི་སེམས་ཅན་རྣམས་བྱམས་བརྩེའི་ལྟ་སྐྱོང་གི་འོག་ནས་འཚོ་བ་ལས་བྱམས་བརྩེ་མེད་པའི་གནས་སྟངས་ཤིག་ཏུ་གྱུར་ཚེ་ང་ཚོ་སྐྱེས་ཙམ་ཉིད་ནས་འཆི་རྒྱུ་ལས་གཞན་མེད། ཨ་མའི་པང་དུ་བླངས་ཏེ་བརྩེ་སེམས་དང་འབྲེལ་ནས་སྤྲད་པའི་འོ་མ་དང་། ཚོར་བ་མེད་པའི་འཇིབ་རུའི་ནང་ནས་སྟེར་བའི་འོ་མ་གཉིས་འོ་མ་ཡིན་པ་གཅིག་གྱུར་ཡིན་ཀྱང་། ཕྲུ་གུའི་བསམ་བློའི་འཚར་ལོངས་སོགས་ལ་ཏན་ཏན་ཁྱད་པར་ཡོང་གི་ཡོད།  ཨ་མ་མེད་པར་འཇིབ་རུའི་ནང་ནས་འོ་མ་སྤྲད་པས་ཕྲུ་གུའི་ལུས་པོར་ཕན་གྱི་ཡོད་ཀྱང་། ཨ་མས་བྱམས་བརྩེ་དང་འབྲེལ་ནས་ཕྲུ་གུ་པང་དུ་ཉར་ཏེ་འོ་མ་སྟེར་བ་དེས་ཕྲུ་གུའི་བསམ་བློར་ཁྱད་པར་ཆེན་པོ་ཡོང་གི་ཡོད།
ཁྱེད་ཚོ་ཕྲུ་གུ་རྣམས་ལ་མཉམ་དུ་མཐུན་པོ་བྱས་ཏེ་རྩེད་མོ་རྩེ་རོགས་ཤིག་བྱུང་ན། རྩེ་རོགས་དེ་ཕྱུག་པོ་ཡིན་མིན་དང་། དབུལ་པོ་ཡིན་མིན། ཆོས་ལ་དད་པ་ཡོད་མེད།  ཆོས་ལུགས་གང་ཡིན། རིགས་ཅི་ཡིན་སོགས་ཤེས་ཀྱི་མེད་ཀྱང་།  ཕྲུ་གུ་ཕན་ཚུན་གྲོགས་པོ་བྱས་ཏེ་རྩེད་མོ་རྩེ་རོགས་བྱེད་པ་དེ་གས་ཕན་ཚུན་འཆམ་མཐུན་ངང་འཚོ་བཞིན་ཡོད་པ་མ་གཏོགས། རྩེ་རོགས་དེ་གྲལ་རིམ་གང་ཡིན་དང༌། ཆོས་ཡོད་མེད་སོགས་ལ་མི་ལྟ་བ་ཡིན། འཚར་ལོངས་བྱུང་བའི་རྗེས་སུ་གཞི་ནས་ཁོ་འབྱོར་ལྡན་གྱི་ཕྲུ་གུ་རེད། ཁོ་དབུལ་པོའི་ཕྲུ་གུ་རེད་ཅེས་བརྗོད་དེ།  འབྱོར་ལྡན་གྱི་ཕྲུ་གུ་དེར་སྤྱོད་ལམ་སོགས་ཡག་པོ་མེད་ཀྱང་སྤྲེལ་ལད་འཁྲབ་པ་དང་གྲོགས་པོ་སྒྲིག་པ་སོགས་བྱེད་ཀྱི་ཡོད་ཅིང་། དབུལ་པོའི་ཕྲུ་གུ་དེར་སྤྱོད་པ་སོགས་ཡག་པོ་ཡོད་ནའང་ཁོས་ང་ལ་ཕན་མི་ཐོགས་ཞེས་འདོར་གྱི་ཡོད། དེ་ལྟར་ཕུགས་རྒྱང་རིང་པོའི་བསམ་བློ་མི་གཏོང་བར་འཕྲལ་སེལ་ཁེ་གྱོང་གི་བསམ་བློ་བཏང་ནས་འགྲོ་བཞིན་ཡོད།  དེས་ན་བྱམས་བརྩེ་ཞེས་པ་དེ་གཞན་ནས་ཚུར་བསླབ་དགོས་པ་ཞིག་མིན་པར་རང་རང་སོ་སོར་ལྷན་སྐྱེས་སུ་ཡོད་པ་ཞིག་ཡར་རྒྱས་སུ་གཏོང་རྒྱུ་དེ་རེད། ཅི་ཞིག་གལ་ཆེན་པོ་ཡིན་ཞེ་ན། ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་ཡོན་ཏན་དེ་ཉིད་སྤྱི་ཚོགས་དང་ཁྱིམ་ཚང་། སྒེར་སོ་སོའི་འཕྲོད་བསྟེན། གཞན་དག་ཕར་ཟད་གཉིད་སྐྱིད་པ་དང་། ལྟོ་ཆས་ཞིམ་པ། གྲོགས་པོ་མང་བ་སོགས་སྤྱི་སྒེར་གྱི་རིམ་པ་གང་གི་ནང་ལའང་ཕན་པ་ཞིག་ཡོང་གི་ཡོད། འདི་དག་ཀུན་བྱམས་བརྩེར་བརྟེན་ནས་ཡོང་གི་ཡོད།

 ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས།

དཀའ་ངལ་ཞིག་དང་འཕྲད་དེ་འཚེ་བའི་ཐོག་ནས་ཡ་ལན་སློག་པའི་གོ་སྐབས་ཡོད་བཞིན་དུ་ནང་བསམ་བློའི་རྣམ་དཔྱོད་ལ་བརྟེན་ནས་འཚེ་བའི་ལམ་ལ་མི་འགྲོ་བ་ཞིག་བྱུང་ཚེ་དེ་ལ་ཞི་བདེ་ཞེས་བརྗོད་པ་ཡིན།  ཞི་བདེ་ཞེས་པ་དེ་ཡང་རྩ་བ་ཐུག་ས་དེ་བསམ་བློར་ཐུག་ཡོད། བསམ་བློའི་ནང་དུ་འཚེ་མེད་ཞི་བདེ་ཞེས་པའི་ངོས་འཛིན་གསལ་པོ་ཡོང་བ་ཞིག་བྱ་དགོས།  མི་སུ་འདྲ་ཞིག་ཡིན་ཀྱང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཤ་སྟག་རེད། འཚེ་བ་ལ་བརྟེན་ནས་སྡུག་བསྔལ་ཡོང་གི་ཡོད་སྟབས་འཚེ་བ་མེད་པ་ཞིག་བྱུང་ན་རང་ལ་ཕན་པ་ཙམ་དུ་མ་ཟད༌སྤྱི་ཚོགས་ནང་ཞི་བདེ་ཡོང་བ་ལའང་ཕན་པ། ཐ་ན་གཡས་གཡོན་གྱི་བྱ་རི་དྭགས་སོགས་ལའང་ཕན་ངེས་རེད།  འཚེ་བ་དང༌འཚེ་བ་མེད་པ་ཞེས་པ་དེ་མིའི་རྣམ་དཔྱོད་ཁོ་ན་དང་འབྲེལ་ནས་ཡོང་གི་ཡོད།  མིའི་རྣམ་དཔྱོད་དེ་སྤྱི་ཚོགས་གཏོར་བཤིག་གཏོང་བའི་རྒྱུ་རྐྱེན་དུ་ཡང་འགྱུར་སྲིད་ལ། སྤྱི་ཚོགས་ལ་ཕན་བདེ་སྒྲུབ་པའི་ཕྱོགས་སུ་ཡང་འགྱུར་ཐུབ། རྣམ་དཔྱོད་ཅེས་པ་ཕན་གནོད་གཉིས་ཀའི་ངོ་བོར་འགྱུར་རུང་བ་ཞིག་ཡིན། ཁོང་ཁྲོ་དང་ང་རྒྱལ། འགྲན་སེམས་ལ་སོགས་ལ་བརྟེན་ནས་འཚེ་བ་ཡོང་གི་ཡོད་ཅིང་། བྱམས་པ་དང༌བརྩེ་བ། བཟོད་པ་དང་ཆོག་ཤེས་སོགས་ལ་བརྟེན་ནས་འཚེ་མེད་ཞི་བདེ་ཡོང་གི་ཡོད།  འཚེ་བ་ཞེས་པ་དེ་སྤྱོད་པ་ཞིག་ཡིན་པ་དང༌སྤྱོད་པ་དེ་ཡང་ཀུན་སློང་ལ་བརྟེན་ནས་ཡོང་གི་ཡོད། 

 ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས།

དེང་སང་རྒྱ་ནག་ལ་མཚོན་ནའང་རྙོག་དྲ་དང་དཀའ་ངལ་ཆེན་པོ་ཡོད། རང་རེ་བོད་པའི་ཁྲོད་དུ་ཇི་ཙམ་མི་འདུག་ཟེར་ནའང་ལྷན་སྐྱེས་ཀྱི་གོམས་གཤིས་ནང་བྱམས་བརྩེ་ཟེར་བ་ཞིག་ཡོད་པ་དེའི་དབང་གིས་སྤྱི་ཚོགས་ནང་ཕྲན་བུའི་ཞི་བདེ་ཆེ་བ་ཡོད་པ་ལྟ་བུ་ཞིག་ཕལ་ཆེར་རེད། རྒྱ་མི་ཤེས་ཡོན་ཅན་འགའ་ཞིག་གིས་བོད་པའི་སྤྱི་ཚོགས་ནང་ཇི་ཙམ་གྱིས་གདུག་རྩུབ་ཆེ་བའི་མི་ཞིག་ཡིན་ནའང་ཆོས་ཀྱི་བསླབ་བྱ་དང༌། སྤྱི་ཚོགས་ཀྱི་མིག་ལྟོས་བཟང་པོའི་འོག་ནས་མི་གཞན་ལ་ལྟོས་ཏེ།   ཕྲན་བུའི་བཟང་བ་དང་ཞི་བདེ་ཆེ་བ་ཞིག་འདུག་ཅེས་རྗོད་ཀྱི་འདུག རྒྱ་རིགས་རྩོམ་པ་པོ་འགའ་ཞིག་གིས་དེ་ལྟར་བྲིས་པའི་རྩོམ་ཡིག་དེ་འདྲ་ཡང་ཡོད། སྤྱིར་བཏང་མིའི་སྤྱི་ཚོགས་སུ་དཀའ་ངལ་མང་པོ་ཞིག་ཡོང་བ་དེ་ཕུགས་རྒྱང་རིང་པོའི་བསམ་བློ་འཁོར་མ་ཐུབ་པའི་སྐྱོན་ཡིན།   རང་རེར་ལྷན་སྐྱེས་ཀྱི་བསམ་བློའི་ནང་རང་བཞིན་བཟང་པོ་ཞིག་ཡོད་པ་དེ་ཁ་ཕྱོགས་སྡུག་སར་མི་འགྲོ་བའི་ཆེད་དུ་སོ་སོའི་རྣམ་དཔྱོད་ཀྱིས་སྟངས་འཛིན་ཐུབ་པ་ཞིག་དགོས་ཤིང་། མིའི་རྣམ་དཔྱོད་དེ་ཕན་པ་དང་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུར་འབད་བརྩོན་བྱ་དགོས་པ་ཡིན། 


ཡ་ང་སྙིང་རྗེ་མེད་པའི་ཐོག་ནས་གཞན་ལ་དཀའ་ངལ་དང་རྙོག་དྲ་བཟོ་བ་དེ་འཚེ་བ་ཡིན། འཚེ་བས་ཞི་བདེ་བག་ཕེབས་ཀྱི་ཁོར་ཡུག་མེད་པར་བཟོ་བཞིན་ཡོད། སྤྱིར་བཏང་བཤད་ན་འཚེ་བའི་བསམ་བློ་འཁོར་བའི་སྐབས་སུ་མི་གསོད་པ་དང་ཉེས་རྡུང་གཏོང་བ་ལྟ་བུ་ཡོང་གི་ཡོད་པ་མ་གཏོགས་བྱམས་པ་དང་བརྩེ་བ། ཕན་པའི་བསམ་པ་ཡོད་བཞིན་དུ་འཚེ་བ་མི་འབྱུང་བས།  འཚེ་བ་ཞེས་པ་དེ་རྩ་བ་སེམས་ལ་ཐུག་ཡོད། སྤྱི་ཚོགས་ཀྱི་རྙོག་དྲ་དང་དཀའ་ངལ་སེལ་ཐབས་འཚེ་བའི་ཐབས་ལམ་ལ་མི་བརྟེན་པར་འཚེ་བ་མེད་པའི་ལམ་ལ་ཕྱིན་པ་ཡིན་ན་ཞི་བདེ་ཞེས་པ་དེ་ཡོང་གི་ཡོད།

 ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས།
 

མིའི་རྣམ་དཔྱོད་ཀྱིས་སྐབས་རེར་སྤྱི་ཚོགས་དང༌ཁྱིམ་ཚང་ནང་རྙོག་དྲ་འཕར་མ་བཟོ་བ་ཡོང་གི་ཡོད། འོན་ཀྱང་བྱམས་བརྩེའི་བསམ་བློ་ཤུགས་ཆེན་པོ་ཞིག་ཡོད་ན་རྐྱེན་ངན་པ་ཞིག་དང་འཕྲད་ཀྱང་བསམ་བློའི་ནང་ནས་འདི་ལྟར་བྱས་ན་མི་འགྲིག འདི་ལྟར་བྱས་ཚེ་གཞན་ལ་སྡུག་བསྔལ་འབྱུང་ངེས་རེད་སྙམ་པའི་འདུ་ཤེས་ཤིག་རང་ཤུགས་ཀྱིས་ཡོང་གི་ཡོད་སྟབས་དེས་རྙོག་དྲ་དང་དཀའ་ངལ་ཆུང་དུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད། གང་དུ་བཟང་པོའི་ཡོན་ཏན་ཇི་ཙམ་སྐྱོ་བ་ཡོད་སའི་སྤྱི་ཚོགས་དང་ཁྱིམ་ཚང་དེར་དཀའ་ངལ་དང་རྙོག་དྲ་ཡང་དེའི་ཚོད་ཀྱིས་མང་བ་ཡོང་གི་ཡོད། དམིགས་བསལ་ཉམས་ཞིབ་བྱེད་མཁན་བྱུང་མེད་ཀྱང་། བོད་དུ་རྒྱའི་བཙན་གནོན་འོག་དངངས་སྐྲག་དང་ཞེད་སྣང་གི་ཁོར་ཡུག་ནང་འཚར་ལོངས་བྱུང་བའི་ཕྲུ་གུ་དང༌། ཆུང་དུས་ནས་རྒྱ་གར་དུ་འཚར་ལོངས་བྱུང་བའི་ཕྲུ་གུ་གཉིས་བསྡུར་བ་ཡིན་ན་རྒྱ་གར་དུ་འཚར་ལོངས་བྱུང་བའི་ཕྲུ་གུ་དེ་དག་ཕྲན་བུའི་ཞི་འཇམ་པ་ལྟ་བུ་ཞིག་མཐོང་སྣང་ལ་ཡོང་གི་འདུག  དངངས་སྐྲག་དང༌ཞེད་སྣང་གི་འོག་ཏུ་འཚར་ལོངས་བྱུང་བའི་ཕྲུ་གུ་དེ་དག་རྐྱེན་ཕྲན་བུ་ཞིག་བྱུང་མ་ཐག་འཕྲལ་དུ་འཁྲུག་པ་རྒྱག་པ་ལྟ་བུ་གཟེ་རེ་པོའི་གཤིས་ཀ་ཤུགས་ཆེ་བ་ཡོད་པ་ལྟ་བུ་ཞིག་འཆར་སྣང་ལ་ཡོང་གི་འདུག   ལོ་རྒྱུས་ལ་མཚོན་ན། བོད་པའི་སྤྱི་ཚོགས་ནང་རྒན་གཞོན་གུས་བརྩི་བྱེད་པ་ལྟ་བུའི་ཡ་རབས་ཀྱི་ལམ་སྲོལ་བཟང་པོ་དེ་དག་གནའ་རབས་ཀྱི་གོམས་གཤིས་སམ་བསླབ་བྱའི་ནང་ཡོད་ཀྱང་། བར་སྐབས་སུ་འགྱུར་བ་ཆེན་པོ་ཞིག་ཕྱིན་ནས་མིའི་སེམས་ནང་འཁོན་འཛིན་ཤུགས་ཆེར་གཏོང་བའི་གྲལ་རིམ་འཐབ་རྩོད་བྱེད་པ་དང་། རྡུང་རྡེག་ཚ་ནན་གཏོང་བ་ཟེར་བ་སོགས་ཆེད་དུ་སློབ་སྦྱོང་སྤྲད་དེ་བྱམས་པ་དང་བརྩེ་བ་རྩ་བ་ནས་མེད་པའི་ལས་འགུལ་མང་པོ་སྤེལ་ཡོད།  བསམ་བློའི་འཁྱེར་སོ་ཚ་ནན་ཆེན་པོ་དང་སྡུག་སྦྱོང་གཏོང་བའི་སྤྱི་ཚོགས་ནང་ཏན་ཏན་དཀའ་ངལ་ཆེན་པོ་ཡོད།   རྒྱ་གར་ལ་མཚོན་ན་རྡུང་རྡེག་ཚ་ནན་གཏོང་དགོས་ཟེར་བ་ཞིག་མེད། 

ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས།

ངོས་ཀྱིས་འདིར་ཤོད་དགོས་པ་ཞིག་ནི། དགོས་སར་ཆད། མི་དགོས་སར་དམག་འཁྲུག་བརྒྱག་རྒྱུ་ལྟ་བུའི་ཆེད་དུ་མེ་མདའ་དང༌མདེའུ་སོགས་མཚོན་ཆ་བཟོ་བ་དང་། དེ་བཞིན་དུ་ཐོབ་གོ་སའི་དབང་ཆ་ཉོ་བ་ལ་སོགས་པ་འགྲོ་སོང་མང་པོ་གཏོང་བཞིན་ཡོད། རྐྱེན་ཕྲན་བུ་ཞིག་བྱུང་མ་ཐག་འཕྲལ་དུ་མེ་མདའ་བཟུང་ནས་གསོད་རེས་གཏོང་བ་སོགས་མི་དགོས་སར་འབད་བརྩོན་བྱས་ཏེ་མི་བརྒྱ་ཕྲག་སྟོང་ཕྲག་རྐྱེན་འདས་སུ་འགྲོ་བའི་གནས་ཚུལ་ཞིག་ཡོང་གི་ཡོད། དགོས་ས་དཔེར་ན།  འབྱུང་བའི་གནོད་པ་ཡོང་བའི་སྐབས་སུ་སྔོན་འགོག་གིས་གདོང་ལེན་བྱེད་པ་ལྟ་བུའི་ལས་ཀ་དེ་དག་ལ་ལྷོད་གཡེང་དུ་བཏང་སྟེ་མཐའ་མར་དཀའ་ངལ་ཆེན་པོའི་ནང་ལྷུང་བའི་གནས་ཚུལ་ཡོང་གི་ཡོད།  རྙོག་དྲ་དེ་དག་མིས་བཟོས་པའི་རྙོག་དྲ་རེད། དཔེར་ན། གླང་ཆེན་དང༌སྟག་ལ་སོགས་པ་རང་རེ་མི་ལས་ཀྱང་ལུས་པོའི་ཆ་ནས་ཤུགས་ཆེ་བ་དང༌འབུ་རྐང་བརྒྱ་ལག་བརྒྱ་ལྟ་བུ་རྐང་ལག་མང་བ། བྱ་དེ་ལྟ་བུ་གཤོག་པ་ཡོད་པས་འཕུར་ཐུབ་པ་སོགས་ལུས་པོའི་ཆ་ནས་རང་ཅག་མི་རྣམས་ལས་སེམས་ཅན་དེ་དག་ནུས་པ་ཆེ་བ་ཡོད། འོན་ཀྱང་དུད་འགྲོའི་ཀླད་པ་ལས་མིའི་ཀླད་པ་ཤུགས་ཆེ་བ་ཡོད་སྟབས། བསམ་བློ་རྒྱ་ཆེན་པོ་འཁོར་ཐུབ་པའི་ཀླད་པ་འདིར་བརྟེན་ནས་རྙོག་དྲ་དང་དཀའ་ངལ་དེ་རྣམས་སློང་བཞིན་ཡོད། མི་རྣམས་ལ་རང་བཞིན་ལྷན་སྐྱེས་ཀྱི་ཚུལ་དུ་རྣམ་དཔྱོད་དང་བརྩེ་བ་སོགས་བཟང་པོའི་གཤིས་ཀ་ཞིག་ཡོད་ཅིང་། ཡང་རྙོག་དྲ་དང་དཀའ་ངལ་བཟོ་བའི་ནུས་པ་ཞིག་ཀྱང་ལྷན་སྐྱེས་སུ་ཡོད་པ་རེད། གང་དུ་བྱམས་པ་དང་བརྩེ་བའི་བསམ་པ་ཤུགས་ཆེ་བ་ཡོད་སའི་སྤྱི་ཚོགས་དེར་ཕལ་ཆེར་རྙོག་དྲ་དང་དཀའ་ངལ་ཆུང་བ་ཡོད་ཅིང་། ཁྱིམ་ཚང་ཞིག་ལ་མཚོན་ནའང་བྱམས་བརྩེའི་བསམ་པ་ཕྲན་བུའི་ཤུགས་ཆེ་བ་ཡོད་ས་དེར་རྙོག་དྲ་དང་དཀའ་ངལ་ཉུང་བ་ཡོད།  

ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས།

སྲོག་ཆགས་ཀྱི་རིགས་གཞན་དག་ལ་མཚོན་ན་རང་བཞིན་འབྱུང་བའི་འཕོ་འགྱུར་གྱི་ཐོག་ནས་དཀའ་ངལ་འཕྲད་པ་དང༌། ཡང་ན་སྲོག་ཆགས་ནང་ཕན་ཚུན་གཅིག་ལ་གཅིག་འཚེ་བའི་དཀའ་ངལ་དང་རྙོག་དྲ་ཡོད་པ་དེ་ཙམ་ལས། ནང་བསམ་བློ་གཏོང་སྟངས་དང་འབྲེལ་ནས་མི་རྣམས་ལ་འཕྲད་པ་ལྟ་བུའི་རྙོག་དྲ་ཞིག་དུད་འགྲོའི་སྤྱི་ཚོགས་ནང་མེད། རང་རེ་མི་རྣམས་ལ་མཚོན་ན་སྡུག་བསྔལ་མི་འདོད་པ་དང༌བདེ་བ་འདོད་པ་ཞིག་ངང་གིས་ཡོད་ཅིང་། བདེ་ཞིང་སྐྱིད་པའི་ཐོག་ནས་འཚོ་བ་སྐྱེལ་འདོད་ཅིག་སུ་ལའང་ཡོད། འོན་ཀྱང་འཛམ་གླིང་འདིར་འགྲོ་བ་མི་བྱུང་བ་ནས་བཟུང་། བརྡབ་གསིག་དང་རྙོག་དྲ་ཆེ་ཤོས་བཟོ་མཁན་དེ་མི་ཡིན།  ཁྱེད་ཚོར་མཚོན་ནའང་སྐྱེས་པའི་ཉིན་མོ་ནས་བཟུང་རང་དབང་མེད་པར་དངངས་སྐྲག་དང༌ཞེད་སྣང་། དོགས་ཟོན་བྱ་དགོས་པའི་འགོ་ཚུགས་པ་རེད། ངོས་ལ་མཚོན་ན་ལོ་བཅོ་ལྔ་བཅུ་དྲུག་ནས་བཟུང་རྙོག་དྲའི་འགོ་ཚུགས་པ་རེད། ད་ལྟ་ལོ་བདུན་ཅུར་བརྒལ་ཡོད། རྙོག་དྲ་དེ་གའི་སྟེང་ནས་མི་ཚེ་བསྐྱལ་བ་རེད། རྙོག་དྲ་དེ་རྣམས་མིས་བཟོས་པའི་རྙོག་དྲ་རེད་མ་གཏོགས་འབྱུང་བ་འཁྲུགས་པའི་རྙོག་དྲ་ལྟ་བུ་ཞིག་མིན། རང་རེ་བོད་པའི་སྤྱི་ཚོགས་ནང་གཅིག་ལྟོས་དང༌། མིས་སྡོད་མ་ཚུགས་པའི་ཐོག་ནས་བཟོས་པའི་རྙོག་དྲ་ཧ་ཅང་མང་པོ་ཞིག་ཡོད། དགོས་ས་དེར་དོ་སྣང་མི་བྱེད་པར་མི་དགོས་ས་དེར་འབད་བརྩོན་བྱས་པའི་འབྲས་བུར་རྙོག་དྲའི་རིགས་ཧ་ཅང་མང་པོ་ཞིག་ཡོང་གི་ཡོད། འབྲེལ་ཡོད་ཚོས་གནས་སྟངས་དེའི་རིགས་ལ་དམིགས་བསལ་དོ་སྣང་བྱས་ཏེ་དཀའ་ངལ་ལ་སྔོན་འགོག་གི་ལས་ཀ་ཚགས་ཚུད་པོ་བྱ་རྒྱུ་གལ་ཆེན་པོ་ཡིན། 


དཔེར་ན། ཨ་ཕི་རི་ཀའི་ནང་གི་ཐན་པའི་དཀའ་ངལ་དང་། བྷང་ལ་དེ་ཤིའི་ཆུ་ལོག་གི་དཀའ་ངལ་ལ་སོགས་པ་འདི་དག་མིའི་ཐབས་ཤེས་ཀྱི་ཐོག་ནས་ཏན་ཏན་ཉེན་ཚབས་ཆུང་དུ་གཏོང་ཐུབ་པའི་རེ་བ་ཡོད། འབྱུང་བའི་གནོད་འཚེ་ནམ་ཡོང་ང་ཚོས་མི་ཤེས་པས།  དང་པོ་ནས་གནོད་པ་ཡོང་བའི་ཚོད་དཔག་བྱས་ཏེ་སྔོན་འགོག་གི་བསམ་བློ་བཏང་ནས་དེའི་ཐོག་འགྲོ་སོང་བཏང་བ་ཡིན་ན་ལེགས་པོ་ཡོད།

ཕྱི་ལོ་ ༢༠༠༦ ཟླ་ ༤ ཚེས་ ༤ ཉིན་རྡ་སྟེང་བོད་ཁྱིམ་དུ་ཞི་བདེའི་ལྷན་ཚོགས་ཐོག་སྩལ་པའི་བཀའ་སློབ་ལས་བཏུས།