སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་༸ཞབས་སོར་འཁོད་པ།

མདུན་ངོས། / སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་༸ཞབས་སོར་འཁོད་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ནང་གི་མཛད་འཕྲིན་ཁག་རེ་ཞིག་ལེགས་གྲུབ་སྟེ་ལ་དྭགས་རྒྱལ་ས་གླེ་རུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།  

དེ་ཡང་གོང་ཚེས་ཉིན་གྱི་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་ལྡི་ལི་ནས་མཁའ་ལམ་བརྒྱུད་ལ་དྭགས་གླེ་རུ་ཡོད་པའི་བ་ཀི་ལ་གནམ་ཐང་དུ་༸ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་མཆོག་དང་། ཁྲིག་སེ་དགོན་པའི་མཁན་པོ་མཆོག འབྲི་གུང་ཐུགས་སྲས་རིན་པོ་ཆེ་མཆོག  གྲོས་ཚོགས་འཐུས་མི་ཐུབ་བསྟན་ཚེ་དབང་ལགས།  ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་པའི་འགོ་དཔོན་བསོད་ནམས་དྭགས་པོ་ལགས།  ལ་དྭགས་ནང་པའི་ཚོགས་པ་དང་གཞོན་ནུ་ཚོགས་པའི་ཚོགས་གཙོ།  རི་རྫོང་དགོན་པའི་དགེ་འདུན་པ་བཅས་ཀྱིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཕེབས་བསུ་དང་བཅས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཕེབས་ལམ་གཡས་གཡོན་དུ་དད་ལྡན་སེར་སྐྱ་སྟོང་ཕྲག་བརྒལ་བས་ལག་ཏུ་མེ་ཏོག་དང་བདུག་སྤོས་སོགས་ཐོགས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། གླེ་ཞི་བའི་ཚལ་ཕོ་བྲང་དུ་༸ཞབས་སོར་འཁོད་མཚམས་ཕེབས་སྟོན་མཛད་སྒོའི་ཐོག་བཀའ་སློབ་སྩལ་དོན། 

ཁྲི་ཟུར་རིན་པོ་ཆེ་མཆོག་གིས་དབུ་མཛད་པའི་བླ་སྤྲུལ་དགེ་འདུན་པ་རྣམ་པ། རྒྱ་གར་གཞུང་གི་བློན་ཆེན་དང་ས་གནས་ཀྱི་དབུ་ཁྲིད་རྣམ་པ་བཅས་ཚང་མར་འཚམས་དྲི་ཞུ་རྒྱུ་ཡིན། སླར་ཡང་ལ་དྭགས་སུ་འབྱོར་བར་ཧ་ཅང་དགའ་པོ་བྱུང་། རྩ་བའི་སྔོན་མ་ལ་དྭགས་སུ་ཡོང་རྒྱུ་དེ་ཕྱོགས་གཅིག་ནས་མི་མང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། དེར་བརྟེན་མི་མང་ཐུག་རྒྱུ་དང་། འདིར་ས་སྐམ་པོ་ཡིན་སྟབས། གྲུམ་བུའི་ནད་རིགས་ལ་ས་སྐམ་པོའི་ཕྲན་བུ་ཁྱད་པར་ཡོད་པ་ལྟ་བུ་འདུག རྒྱ་ཐང་རྡ་སར་ཆར་ཞོད་འགོ་འཛུགས་ཡོད་སྟབས། འདིར་ཟླ་བ་གཅིག་ཙམ་སྡོད་དགོས་དྲན་བྱུང་།

ད་རེས་ཨ་མི་རི་ཀར་ཕལ་ཆེར་བདུན་ཕྲག་གཉིས་ཙམ་བསྡད་པ་ཡིན།   ཨ་རིར་སྨན་བཅོས་བརྟག་དཔྱད་བྱེད་རྒྱུ་ད་ཆ་ཧ་ལམ་ལོ་བཅུ་གྲངས་ཕྱིན་པ་རེད། ད་རེས་ཨ་རིར་བརྟག་དཔྱད་བྱེད་སྐབས་གཟུགས་པོ་ཧ་ཅང་བདེ་པོ་འདུག ལོ་གཉིས་ཙམ་གྱི་གོང་ལ་ prostate cancer དེ་འདྲའི་རྟགས་ཕྲན་བུ་འདུག ད་རེས་བརྟག་དཔྱད་བྱེད་དུས་གཙང་མ་རེད་འདུག གང་ཡང་མི་འདུག་ཟེར་གྱི་འདུག

ས་ཁུལ་འདི་དག་ཕ་མེས་ནས་ཕྱོགས་གཅིག་ནས་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་དང་། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཆགས་ཀྱི་ཡོད། བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་པའི་ཆོས་འདི་མཁན་ཆེན་ཞི་བ་འཚོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ང་ཚོར་རྩིས་སྤྲོད་གནང་སྟེ་ལོ་སྟོང་ཕྲག་རིང་ང་ཚོས་དངོས་གནས་ཞི་བ་འཚོས་ཐུགས་རེ་གནང་བ་ནང་བཞིན་གཞུང་ཆེན་དེ་དག་ལོ་ཉི་ཤུ་སུམ་ཅུ་སློབ་གཉེར་བྱས་པ་དང་། མང་པོ་ཞིག་གིས་ཉམས་ལེན་བྱེད་ཀྱི་ཡོད། གང་ལྟར་ཤེས་སྒྲུབ་ཟུང་འབྲེལ་ཐོག་ནས་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་བཟུང་བ་རེད།

ངོས་ཀྱི་དེང་སྐབས་དོ་སྣང་བྱེད་རྒྱུ་གཅིག་ནི། ང་ཚོས་ད་ལྟ་ཤེས་པ་དེ་དག་ཚང་མ་ནཱ་ལེནྡྲ་ནས་ཡོང་བ་རེད།  ནཱ་ལེནྡྲ་ནས་སློབ་སྦྱོང་བྱུང་བ་དེ་དག་དེང་སྐབས་ཀྱི་དུས་ཚོད་ལ་ཕན་ཐོགས་དང་འབྲེལ་བ་ཡོད་པ་ཡིན་སྟབས། ནཱ་ལེནྡྲའི་གཞུང་ཆེན་དེ་དག་རིམ་པས་རྒྱ་གར་ནང་སླར་གསོ་བྱེད་རྒྱུ་བྱུང་ན་དང་། དེ་ཡང་ངེས་པར་དུ་ཆོས་དང་མ་འབྲེལ་བ་བྱེད་ནས་ནང་ཆོས་སྐོར་དེ་ནང་པའི་ཆེད་དང་། གཞན་རིགས་ལམ་སྐོར་དང་ཚད་མ་རིག་པའི་སྐོར། སེམས་ཁམས་རིག་པ། ལྟ་གྲུབ་ཀྱི་རིགས་ཁ་ཤས་ཤེས་ཡོན་རང་གི་འདུ་ཤེས་བྱས་ནས་རྒྱ་གར་ནང་བསླབ་ཐུབ་པ་བྱུང་ན། ཞེས་ངོས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད།

རྒྱ་གར་ནང་དོ་སྣང་བྱེད་མཁན་ལོ་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་འདུག དེ་འདྲའི་གནས་སྟངས་འོག་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་ཚོས་དེའི་ཐོག་ཞབས་འདེགས་ཤུགས་ཆེ་ཙམ་སྒྲུབ་ཐུབ་པའི་གོ་སྐབས་ཡོད་པའི་བཟོ་འདྲ་ཞིག་འདུག དེར་བརྟེན་ང་རང་ཚོ་རང་ཉིད་ཀྱིས་གཞུང་ཆེན་དེ་དག་ལྟ་རྒྱུ་གལ་ཆེན་པོ་རེད་འདུག ང་ཚོས་ལོ་བརྒྱ་ཕྲག་མང་པོའི་རིང་ཆོ་ག་ལྟ་བུ་འདོན་རྒྱུའི་རིགས་ཡག་པོ་རེད། འོན་ཀྱང་འདི་གཙོ་བོ་མ་རེད། གཙོ་བོ་གཞུང་ཆེན་ལྟ་རྒྱུ་རེད། འདི་ཧ་ཅང་གལ་ཆེན་པོ་རེད་འདུག མཁྱེན་སོང་ངམ། ཐུགས་རྗེ་ཆེ། ། ཞེས་བཀའ་སློབ་སྩལ་ཡོད་པ་རེད། 

ཚེས་ ༢༩ ནས་ཕྱི་ཟླ་ ༧ ཚེས་ ༥ བར་མཛད་འཕྲིན་ཆེ་ཁག་མེད་པར་ཞི་བའི་ཚལ་ཕོ་བྲང་དུ་སྐུའི་ངལ་གསོ་གནང་རྒྱུ་དང་། 

ཚེས་ ༦ ཉིན་ལ་དྭགས་གླེ་རུ་བོད་རིགས་མི་མང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཞི་བའི་ཚལ་ཕོ་བྲང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། 

ཚེས་ ༡༠ ཉིན་གྱི་ཕྱི་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡུམ་རྭ་བདེ་དགོན་དབྱར་ཆོས་ཆེན་མོ་དབུ་བཞུགས་མཛད་རྒྱུ། 

ཚེས་ ༡༡ ནས་ ༡༢ བར་ནུབ་ར་ལྡུམ་རྭ་བདེ་དགོན་བཀྲ་ཤིས་ཆོས་གླིང་དགོན་པར་སློབ་དཔོན་ཀཱ་མ་ལ་ཤི་ལིས་མཛད་པའི་སྒོམ་རིམ་པར་བའི་གསུང་ཆོས་སྩལ་རྒྱུ། 

ཚེས་ ༡༣ ཉིན་ལ་དྭགས་ལྡུམ་རྭ་བདེ་དགོན་བཀྲ་ཤིས་ཆོས་གླིང་དུ་ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ། 

ཚེས་ ༡༦ དང་ ༡༧ ཉིན་གཉིས་རིང་ཟངས་དཀར་ཁུལ་དུ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་སྩལ་རྒྱུ། 

ཚེས་ ༡༨ ཉིན་གྱི་སྔ་དྲོ་ཟངས་དཀར་ཁུལ་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་བཀའ་དབང་བཀའ་དྲིན་སྩལ་རྒྱུ། 

ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་ལ་དྭགས་གླེ་རུ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ། 

ཚེས་ ༣༠ ཉིན་གྱི་སྔ་དྲོ་ལ་དྭགས་གླེ་རུ་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་སོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་པ་བཅས།