དགེ་རྒན་དང་ཚོང་པའི་འགོ་ཁྲིད་ཚོར་བཀའ་སློབ་སྩལ་བ།

མདུན་ངོས། / དགེ་རྒན་དང་ཚོང་པའི་འགོ་ཁྲིད་ཚོར་བཀའ་སློབ་སྩལ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༠ ཉིན་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཁ་ལེ་ཧྥོར་ནི་ཡའི་ནེའུ་ཕོར་ཊི་བྷེ་ཆི་(Newport Beach,)ཨ་ན་ཧེམ་སི་ཊི་སློབ་གྲྭར་(Anaheim city school)ཆིབས་བསྒྱུར་བསྐྱངས་སྟེ་དགེ་རྒན་དང་ཚོང་པའི་འགོ་ཁྲིད་ཁག་ཅིག་ལ་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་ཐོག་མར་ཐོག་མར་སློབ་གྲྭ་དེ་གའི་སློབ་སྤྱི་དང་དགེ་རྒན། ཨ་ན་ཧེམ་གྲོང་ཁྱེར་སྤྱི་ཁྱབ་པ་ཊོམ་ཐའེ་ཊ་(Tom Tait )སོགས་ཀྱིས་ཕེབས་བསུ་དང་འབྲེལ་གྲོང་ཁྱེར་སྤྱི་ཁྱབ་པས་གྲོང་ཁྱེར་ནང་གི་སློབ་གྲྭ་ཁག་ཚང་མར་གཞན་ཕན་གྱི་བསམ་བློ་ཤུགས་ཆེ་རུ་གཏོང་བའི་ལས་འཆར་ཞིག་ཡོད་པ་འགྲོ་བཞིན་པ་ངོ་སྤྲོད་གནང་ཡོད་པ་དང་། དེ་རྗེས་ཚོགས་མགོན་དུ་༸ཞབས་སོར་འཁོད་ནས་བཀའ་སློབ་སྩལ་དོན།  ཐོག་མར་ཤེས་ཡོན་གྱི་ལས་དོན་ལ་ཧུར་གྱིས་འཇུག་བཞིན་པའི་མི་མང་དང་མཇལ་རྒྱུའི་གོ་སྐབས་བྱུང་བར་ཡི་རང་ཞུ། དེ་ཡང་ང་ཚོ་ཐུན་མོང་གི་དམིགས་ཡུལ་ནི་འགྲོ་བ་མི་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུ་དེ་རེད། དུས་རབས་འདིིའི་ཆ་ཤས་ཆེ་ཤོས་དེ་ད་དུང་ཡང་ང་ཚོའི་མདུན་དུ་ཡོང་རྒྱུ་ལྷག་ཡོད། ངོས་ཀྱིས་བསམ་པར་གལ་སྲིད་ང་ཚོས་ཕུགས་བསམ་ངེས་ཅན་ཡོད་པའི་ཐོག་ནས་ལས་དོན་བྱེད་འགོ་བཙུགས་པ་ཡིན་ན། དུས་རབས་འདིའི་འབྱུང་འགྱུར་ནི་བདེ་སྐྱིད་དང་ཞི་བདེ་ལྡན་པ་ཞིག་ཡོང་ངེས་པ་དེ་ཡིན།

ད་ལྟའི་དུས་སུ་མི་ཞིག་སྟག་གམ་གླང་ཆེན་གྱིས་བསད་པ་ཡིན་ན་དེ་ནི་གསར་འགྱུར་དུ་བརྩི་ཞིང་། མི་ཞིག་མི་གཞན་གྱིས་བསད་པ་ཡིན་ན་དམིགས་བསལ་བ་ཞིག་ཏུ་མི་བརྩི།  དེ་བཞིན་མི་ཚང་མ་བདེ་སྐྱིད་ལྡན་པའི་ཐོབ་ཐང་ཡོད་ཀྱང་། བརྙན་འཕྲིན་བརྒྱུད་ལམ་ཁག་ནས་བྱིས་པ་མང་པོ་ཞིག་བཀྲེས་སྐོམ་གྱིས་ཤི་བཞིན་པའི་བརྙན་པར་མཐོང་རྒྱུ་ཡོད་པས། ང་ཚོས་ཁྱད་པར་གང་ཡང་མེད་པ་ལྟར་སྡོད་ཐུབ་བམ། མི་འདི་དག་ཚང་མ་ང་ཚོའི་སྤུན་ཟླ་ཕོ་མོ་ཆགས་ཡོད། དེར་བརྟེན་ང་ཚོས་ཅིས་ཀྱང་རོགས་པ་བྱེད་དགོས། 

ཡུན་རིང་ཞིག་ལ་དྲག་སྤྱོད་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཆགས་ཡོད། འདས་པའི་དུས་སུ་ལག་འཛིང་གི་འཐབ་འཁྲུག་ཡིན་པས་དེའི་ཤུགས་རྐྱེན་གྱི་ཚད་གཞིའང་ངེས་ཅན་ཞིག་ཡིན།  ཡིན་ནའང་ད་ལྟའི་ཆར་རྡུལ་ཕྲན་མཚོན་ཆ་ལྟ་བུའི་གོ་མཚོན་རིགས་ཡོད་པས་མིའི་རིགས་ཡོངས་སུ་རྫོགས་པ་སྟོང་བའི་ཉེན་ཁ་ཡོད། དྲག་སྤྱོད་ནི་ཁོང་ཁྲོ་ལ་བརྟེན་ནས་བྱུང་བ་དང་། ཁོང་ཁྲོས་ང་ཚོས་ཅི་ཞིག་འབྱུང་བཞིན་པའི་ཐད་བསམ་བློ་དྲང་པོར་གཏོང་བ་དང་། ཞིབ་འཇུག་ཚད་ལྡན་བྱེད་པའི་ནུས་པ་ལ་བཀག་བྱེད་པ་ཡིན། དེར་བརྟེན་ཁོང་ཁྲོ་ནི་ཞེད་སྣང་དང་དངངས་སྐྲག་ལའང་འབྲེལ་བ་ཡོད།

ང་ཚོས་བསླབ་བྱ་ལེན་དགོས་པ་གཅིག་ནི་ཁོང་ཁྲོ་དང་ཞེད་སྣང་ལྟ་བུའི་ཉོན་མོངས་པའི་བློ་རྣམས་ལ་གདོང་ལེན་བྱེད་མཁན་གྱི་དགེ་བའི་སེམས་རྣམས་ཡར་བསྐྱེད་ཇི་ལྟར་བྱེད་དགོས་པ་དེ་རེད། དཔེ་བཞག་ན་བྱམས་བརྩེ་ཡིས་རང་ཉིད་རང་ལ་གདེང་ཚོད་དང་དྲང་བདེན་གྱི་སྒོ་ནས་ལས་ཀ་བྱེད་པའི་ནུས་པ་སྦྱིན་པ་ལྟ་བུ་ཡིན་ལ། བྱམས་བརྩེ་ཡིས་མཛའ་འབྲེལ་གྱི་གཞི་རྩར་གྱུར་བའི་ཡིད་ཆེས་ཀྱང་སྲ་བརྟན་དུ་གཏོང་བ་ཡིན།

ཆོས་ལུགས་ཆེ་ཁག་གི་ངོས་ནས་བརྩེ་བའི་སྐོར་བསླབ་གནང་གིན་ཡོད་ལ། བསླབ་བྱ་འདི་སྲུང་སྐྱོབ་བྱ་བར་ཆོས་ལུགས་ཁག་གིས་བཟོད་པ་དང་དགོངས་ཡངས་ཀྱང་བསླབ་གནང་གི་ཡོད། ཡིན་ནའང། ད་ལྟའི་དུས་སུ་མི་འབོར་ཐེར་འབུམ་གཅིག་ནི་ཆོས་ལ་དད་མོས་མི་བྱེད་མཁན་ཡིན་པས། ཆོས་དད་ཁོ་ནར་བརྟེན་པ་ཙམ་མ་ཡིན་པར། ང་ཚོས་རང་ཉིད་ཀྱི་བློ་རིག་བེད་སྤྱད་ནས་ཁོང་ཁྲོས་ང་ཚོར་ཕན་པ་སྒྲུབ་ཐུབ་མིན་ཐད་དབྱེ་ཞིབ་བྱེད་དགོས། གལ་ཏེ་ང་ཚོ་དྲང་པོ་ཡིན་ན། ང་ཚོའི་ངོས་ནས་ཁོང་ཁྲོས་སེམས་ཀྱི་ཞི་བདེ་ཉམ་རྒུད་གཏོང་བཞིན་པ་ཤེས་ཐུབ། སྟབས་ལེགས་པ་ཞིག་ལ། ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཁྱད་ཆོས་གཅིག་ནི་སེམས་བཟང་པོ་ལྟ་བུའི་འགྲོ་བ་མིའི་བཟང་སྤྱོད་རིན་ཐང་བསྐྱར་གསོའམ་བསྐྱར་བཟོ་བྱ་རྒྱུའི་ནུས་པ་ཡོད་པ་དེ་རེད།

ང་ཚོས་ཚན་རིག་གི་གྲུབ་དོན་དང། སྤྱིར་བཏང་གི་ཉམས་མྱོང་། དེ་བཞིན་བསམ་ཤེས་བཅས་ལ་གཞི་ལ་བཞག་པའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་ཆ་དག་ཤེས་ཡོན་ཁྲོད་ཇི་ལྟར་འཇུག་རྒྱུའི་ཐད་ཞིབ་འཇུག་བྱེད་དགོས། ཨེ་མོ་རེ་སློབ་ཆེན་དང་རྒྱ་གར་ནང་དུ་སློབ་གྲྭ་ཁག་ཏུ་འདི་ལྟ་བུའི་ཕྱོགས་སྒྲིག་སློབ་ཚན་སློབ་འཁྲིད་བྱ་རྒྱུའི་གྲ་སྒྲིག་གི་ལས་དོན་འགྲོ་མུས་ཡིན། ང་ཚོས་སེམས་ཀྱི་ཐད་ནས་བཤད་ན་སེམས་བཟང་པོ་དང་བྱམས་བརྩེ་གཉིས་ཀྱིས་མཐར་ཐུག་གི་བདེ་བ་གོང་སྤེལ་དང་ཞེད་སྣང་ཆུང་དུ་གཏོང་རྒྱུའི་དམིགས་ཡུལ་བཟུང་ནས་སློབ་ཚན་ཁག་བསླབ་གནང་འཆར་ཡོད།

ང་ཚོས་ནང་སེམས་ཀྱི་ཞི་བདེ་ཁོ་ནར་བརྟེན་ནས་དུས་རབས་ཉེར་གཅིག་པ་འདི་ཞི་བདེ་ལྡན་པའི་དུས་རབས་ཤིག་བཟོ་ཐུབ། སྨོན་ལམ་བཏབ་ནས་ཁོང་ཁྲོ་གདོང་ལེན་བྱེད་མི་ནུས་ལ། སེམས་ཀྱི་ཞི་བདེའང་བསྐྲུན་མི་ཐུབ།  མེ་སྐྱོན་སྨོན་ལམ་བཏབ་པ་ཁོ་ནས་མི་སོད་པ་བཞིན། དང་ཐོག་མེ་གང་ནས་འབར་བ་དེ་ནས་སྔོན་འགོག་བྱེད་དགོས་པ་ཡིན།ཞེས་སོགས་བཀའ་སྩལ། 

ཚེས་ ༢༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མེ་ཎི་སོ་ཊ་ཁུལ་དུ་ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་ས་གནས་མི་མང་བཞི་བརྒྱ་ལྷག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།