གཞོན་སྐྱེས་འགོ་ཁྲིད་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད།

མདུན་ངོས། / གཞོན་སྐྱེས་འགོ་ཁྲིད་ཚོགས་པའི་ཚོགས་མི་རྣམས་དང་མཇལ་འཕྲད།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་ཁེལ་ལི་ཧྥོར་ནི་ཡ་མངའ་སྡེའི་ལྷོ་ཁུལ་གྱི་གྲོང་ཁྱེར་ནིའུ་པོཌ་བྷི་ཆི་  Newport Beach ཞེས་པ་དེར་ཆིབས་སྒྱུར་བསྐྱངས་ཏེ་གཞོན་སྐྱེས་འགོ་ཁྲིད་ཚོགས་པའི་(Young Presidents’ Organization)ཚོགས་མི་རྣམས་ལ་མཇལ་འཕྲད་དང་བཀའ་སློབ་སྩལ་ཡོད་པ་རེད། 

དེ་ཡང་ཐོག་མར་ཨེ་ན་ཧེམ་ Anaheim གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཊོམ་ཊེཌ་ Tom Tait མཆོག་གིས་གཙོས་བོད་མི་དང་ཝི་ཏི་ནམ། རྒྱ་རིགས་སོགས་ཁྱོན་མི་གྲངས་ ༡༢༠ བརྒལ་བས་གྲོ་སོ་ཕྱེ་མར་དང་ཆང་ཕུད་བཅས་འདེགས་འབུལ་ཞུས་པ་བརྒྱུད་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ་ཚོགས་ཁང་དུ་༸ཞབས་སོར་འཁོད་པ་དང་། དེ་ནས་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ཊོམ་ཊེ་ཌི་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ངོ་སྤྲོད་གནང་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།  

ངོས་ཀྱིས་གཏམ་བཤད་ཀྱི་ཐོག་མར་སྤུན་ཟླ་ཕོ་མོ་ཞེས་འབོད་ཀྱིན་ཡོད། དེའི་རྒྱུ་མཚན་ནི་ང་ཚོ་འགྲོ་བ་མི་ཐེར་འབུམ་བདུན་ཡོད་པ་ཚང་མ་སྤུན་ཟླ་ཕོ་མོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོ་ཚང་མ་སྐྱེས་ཚུལ་གཅིག་མཚུངས་ཡིན་ལ། ནར་སོན་དུས་ཕ་མའི་བྱམས་བརྩེའི་འོག་འཚར་ལོངས་བྱུང་སྟངས་དང་། ལྷག་པར་དུ་ཨ་མའི་བྱམས་བརྩེས་བསྐྱངས་པ་ཤ་སྟག་ཅིག་ཀྱང་ཆགས་ཡོད། བརྩེ་བའི་ཕན་སེམས་ནི་ཆོས་ལུགས་ལ་བརྟེན་ནས་ཡོང་བ་ཞིག་མ་ཡིན་པར། ང་ཚོ་འགྲོ་བ་མིའི་རིགས་ཀྱི་རང་བཞིན་ནི་བྱམས་བརྩེ་ལྡན་པ་ཞིག་རེད་ཅེས་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་ར་སྤྲོད་བྱུང་ཡོད། འདི་ནི་རེ་བའི་རྟགས་མཚན་ཞིག་ཡིན་པས་ང་ཚོས་ཕུལ་དུ་བྱུང་བའི་འགྲོ་བ་མིའི་རིགས་ལ་ཡོད་པའི་རྣམ་དཔྱོད་དེ་བེད་སྤྱོད་ཚུལ་དང་མཐུན་པ་ཞིག་བཏང་ཐུབ་ན་བཟང་ཕྱོགས་ཀྱི་རེ་བ་རྒྱག་ས་ཞིག་ཏན་ཏན་ཡོད། 

བློ་ཕམ་པ་ཞིག་ལ་དེང་དུས་ཤེས་ཡོན་ལམ་ལུགས་ཀྱི་དམིགས་ཡུལ་གཙོ་བོ་དེ་ཕྱི་དངོས་པོའི་མཐུན་རྐྱེན་ཁོ་ནར་དམིགས་ནས་ནང་གི་གཤིས་རྒྱུད་དང་འབྲེལ་བའི་ཐོག་ལ་དོ་སྣང་སྤྲོད་རྒྱུའི་ཐོག་འདང་ངེས་མེད།  སྔ་མོའི་སྐབས་བཟང་སྤྱོད་གོང་སྤེལ་གཏོང་རྒྱུའི་འགན་གཙོ་བོ་དེ་ཡེ་ཤུའི་ལྷ་ཁང་སོགས་ཀྱིས་འཁྱེར་སྲོལ་ཡོད།  འོན་ཀྱང་ད་ཆ་བཟང་སྤྱོད་གོང་མཐོར་གཏོང་རྒྱུའི་འགན་དེ་སློབ་གྲྭས་འཁྱེར་དགོས།  དེ་རིང་འདིར་ཁྱེད་ཚོ་དང་ཐུག་ནས་འགྲོགས་འདྲིས་བྱ་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་དགའ་པོ་བྱུང་།  ལྷག་པར་འདིར་ངོས་ཀྱི་གྲོགས་པོ་རྙིང་པ་སྐུ་ཞབས་ཊོམ་མཆོག་གིས་ངོས་རང་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།  ཁོང་གིས་གྲོང་ཁྱེར་འདིའི་ནང་བྱམས་བརྩེ་གོང་འཕེལ་གཏོང་ཆེད་ལས་གཞི་འདྲ་མིན་སྤེལ་བར་བརྟེན་ངོས་ཀྱི་ཁོང་དང་ཁོང་གི་སྐུ་ཟླར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

ང་ཚོ་ཕན་ཚུན་གླེང་མོལ་བྱེད་ན་དགའ་རྒྱུ་རེད། དང་ཐོག་ངོས་ཀྱིས་སེམས་འཚབ་བྱེད་བཞིན་པའི་གནད་དོན་ཁག་གཅིག་གསལ་བཤད་བྱ་རྒྱུ་ཡིན།  འགྲོ་བ་མི་སྤྱི་ལ་བདེ་ཞིང་སྐྱིད་པ་ཞིག་བྱུང་ན་མི་སྒེར་ལའང་སྐྱིད་པ་ཡོང་གི་རེད།  གང་ཡིན་བརྗོད་ན་འགྲོ་བ་མི་ནི་སྤྱི་ཚོགས་ལ་ཧ་ཅང་ཤུགས་ཆེན་པོ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཞིག་ཡིན། དེར་བརྟེན་མི་སྒེར་གྱི་བདེ་སྡུག་དེ་སྤྱི་ཚོགས་ལ་རག་ལུས་ཡོད།  ལྷག་པར་དེང་སྐབས་ལ་མཚོན་ན་གོ་ལའི་དཔལ་འབྱོར་ལམ་ལུགས་ཀྱི་གནས་སྟངས་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སོགས་ལ་ང་ཚོ་ཚང་མས་མཉམ་རུབ་ཀྱི་ནུས་པའི་ཐོག་ནས་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་དགོས།  ཕན་ཚུན་མི་མཐུན་པའི་གནས་ཚུལ་རིགས་ཡོང་རྒྱུ་ཡིན་པ་ཆོས་ཉིད་རེད།  འོན་ཀྱང་ང་ཚོས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམ་བློ་བཏང་ནས་ཕྲན་བུ་མི་མཐུན་པའི་གནས་ཚུལ་དེ་དག་ལ་ཆེ་བཞག་ཆུང་བཤོལ་བྱ་ནས་གདོང་ལེན་བྱེད་དགོས།

ཉིན་འགའི་སྔོན་དུ་ངོས་རང་མ་ཡོ་སྨན་ཁང་དུ་ (Mayo Clinic) ཡོད་སྐབས། ནད་པ་རྣམས་ལ་སོ་སོའི་རྒྱབ་ལྗོངས་དང་། ཆབ་འབངས། མི་རིགས་དང་ཆོས་དད་ཀྱི་སྐད་ཆ་མེད་པར་སྨན་བཅོས་སྣེ་ལེན་ཞུ་བཞིན་པ་མཐོང་ཚོར་བྱུང། ང་ཚོའི་དཀའ་ངལ་མང་དག་ཅིག་ནི་ནང་ཁུལ་དུ་ཡོད་པའི་གལ་གནད་ཆུང་བའི་ཁྱད་པར་གྱི་རིགས་གཙིགས་སུ་འཛིན་རྒྱུ་མང་དྲག་པས་བྱུང་བ་ཞིག་རེད། འདི་ལྟ་བུའི་དཀའ་ངལ་གདོང་ལེན་བྱེད་པའི་ཐབས་ལམ་ནི་ང་ཚོ་ཚང་མ་གཞི་རྩའི་ཆ་ནས་འགྲོ་བ་མི་གཅིག་མཚུངས་ཡིན་པ་དྲན་གསོ་གཏོང་རྒྱུ་དེ་ཡིན་ལ། ང་ཚོས་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་ཐོག་ཤུགས་རྒྱག་དགོས།ཞེས་སོགས་བཀའ་སློབ་སྩལ་རྗེས་ཆོས་ལུགས་མཐུན་འབྲེལ་དང་ཕན་ཚུན་གྱི་བསླབ་ལ་རྒྱུས་ལོན་བྱ་དགོས་པའི་སྐོར་ལ་བཀའ་སློབ་སྩལ། 

དེ་ཡང་། བརྩེ་བ་དང་། བཟོད་པའི་བསླབ་བྱ་ནི་ཆོས་ལུགས་ཆེ་ཁག་ཚང་མར་གཅིག་མཚུངས་སུ་ཡོད་ལ། ཆོས་ལུགས་འདི་རྣམས་ལ་ལྟ་གྲུབ་ཀྱི་ཕྱོགས་ནས་དགོངས་ཚུལ་མི་འདྲ་བ་ཡོད་ཀྱང་། ཚང་མའི་དགོས་དམིགས་གཅིག་ཡིན། ཆོས་ལུགས་ཆེ་ཁག་འདི་དག་གིས་སོ་སོ་བྱུང་བའི་དུས་སྐབས་མི་འདྲ་བ་དང་ས་གནས་མི་འདྲ་བ། དེ་བཞིན་གནས་སྟངས་མི་འདྲ་བ་མཚོན་པའི་རིག་གཞུང་ཁག་གི་ལྟ་ཚུལ་ཡང་དང་ལེན་བྱས་ཡོད་པ་ནི།  ཡ་ཧུ་དཱ་པའི་(Jewish)ངག་རྒྱུན་དུ་མིག་གཅིག་ལ་མིག་གཅིག་ཟེར་སྲོལ་དང། ཁ་ཆེའི་ཤཱ་རེའི་ཁྲིམས་སྲོལ་དུ་སྐྱེ་པ་ཕོ་དབང་ཤུགས་ཆེ་བར་བརྩི་བའི་ཡོངས་ཁྱབ་ཀྱི་ལམ་སྲོལ། དེ་བཞིན་རྒྱ་གར་ནང་དུ་གདན་རབས་དང་རིགས་རུས་དབྱེ་འབྱེད་ཀྱི་ལམ་སྲོལ་ལྟ་བུ་ཡིན། ལམ་སྲོལ་འདི་དག་ནི་ཆོས་ལུགས་སློབ་ཁྲིད་ཀྱི་ནང་དུ་གཞི་རྩ་བཙུགས་མེད་པས། ནམ་ཞིག་ལ་ཡུལ་དུས་ཀྱི་ཆ་ནས་བེད་མེད་དུ་གྱུར་བ་ཡིན་ན། འགྱུར་བ་གཏོང་རྒྱུ་ཞིག་ཆགས་ཡོད། འདི་ལ་དཔེ་མཚོན་ཞིག་ཞུས་ནས་ཏཱ་ལའི་བླ་མའི་བླ་བྲང་ལྟ་བུ་ཡིན། ངོས་ནས་ཆབ་སྲིད་ཀྱི་འགན་དབང་ནས་དགོངས་པ་ཞུས་རྗེས་མ་འོངས་པའི་ཏཱ་ལའི་བླ་མ་རྣམས་ཀྱིས་ཆོས་ལུགས་གི་བྱ་གཞག་ཁོ་ནར་ཐུགས་འགན་བཞེས་རྒྱུ་ཞེས་གསལ་བོ་བཟོས་ཡོད།  ཆོས་ལུགས་ཚང་མར་གཅིག་མཚུངས་སུ་ཡོད་པ་ནི་གཞི་རྩའི་བསླབ་བྱ་སྟེ་བརྩེ་བ་དང་བྱམས་བརྩེ་ཡིན་པས། ངོས་རང་ཆོས་ལུགས་ཕན་ཚུན་བར་མཐུན་ལམ་གོང་སྤེལ་གཏོང་རྒྱུའི་འབད་བརྩོན་ཞུ་བཞིན་ཡོད་ཅེས་སོགས་ནམ་རྒྱུན་ནང་པའི་འཇིག་སྐུལ་དྲག་སྤྱོད་པ་དང་ཁ་ཆེའི་འཇིག་སྐུལ་དྲག་སྤྱོད་པ་ཞེས་འབོད་པ་ནི་ནོར་འཁྲུལ་ཞིག་ཡིན་པ་དང། འཇིག་སྐུལ་དྲག་སྤྱོད་པ་ནི་འཇིག་སྐུལ་དྲག་སྤྱོད་རང་ཡིན་ཏེ་མི་སུ་ཞིག་གིས་འདི་ལྟ་བུའི་བྱ་སྤྱོད་བརྩམས་པ་ཡིན་ན་ཁོང་ནི་ཁ་ཆེ་བའམ་ཡང་ན་ནང་པ་ཡང་དག་ཞིག་མིན་ཅེས་དང་། གཞན་ཡང་དུས་བབ་བརྙན་དེབ་ཀྱི་མདུན་ཤོག་ཐོག་འབར་མའི་ནང་གི་ནང་པ་འཇིག་སྐུལ་དྲག་སྤྱོད་པ་ཞེས་འཁོད་ཡོད་པ་ལུངས་འདྲེན་གྱིས་གྲྭ་པ་དེས་ཁ་ཆེའི་མི་མང་ལ་འཇིག་སྐུལ་དྲག་སྤྱོད་ཀྱི་བྱ་སྤྱོད་སྤེལ་འགོ་བཙུགས་པ་ནས་བཟུང་ཁོང་ནི་གྲྭ་པ་མིན་པ་ལྟར། ངོས་ཀྱི་ཁ་ཆེའི་གྲོགས་པོ་ཚོས་མི་སུ་ཞིག་གིས་མི་གསོད་ཁྲག་སྦྱོར་གྱི་ལས་བརྩམས་ན་དེ་ནི་ཁ་ཆེ་བ་ཡང་དག་ཅིག་མིན་པ་དང། ཁ་ཆེའི་སྟོན་པའི་སྲོག་ལྡན་ཡོངས་ལ་བྱམས་སྐྱོང་བྱེད་པར་སྐུལ་མ་བྱེད་པ་ཡིན་ཞེས་གསུངས་པ་དང་། 

མཐར། ཁོང་རང་ཉིད་བོད་པ་ཞིག་ཡིན་པའི་ངོས་ནས་། བོད་མཐོ་སྒང་གི་རང་བྱུང་ཁོར་ཡིག་སྲུང་སྐྱོབ་ཐོག་དོ་སྣང་བྱེད་དགོས་པར་འབད་བརྩོན་ཞུ་བཞིན་ཡོད་པ་དང། ཨེ་ཤེ་ཡའི་གཙང་པོ་ཆེ་ཁག་གི་འབྱུང་ཁུངས་བོད་ཆགས་ཡོད་ལ། མི་འབོར་ཐེར་འབུམ་གཅིག་ལྷག་ཆུ་འདི་དག་ལ་བརྟེན་ཡོད།  དེ་བཞིན་ནང་ཆོས་ཁྱབ་སྤེལ་ཆེད་མ་ཡིན་པར། དེའི་ནང་སེམས་དང་བློའི་རྣམ་གཞག་དང་བྱེད་ལས་སྐོར་གྱི་ལེགས་ཆ་ཅི་ཞིག་ཡོད་པ་མཉམ་སྤྱོད་བཅས་ཀྱི་ཐད་ནས་བོད་ཀྱི་རིག་གཞུང་མི་ཉམས་རྒྱུད་འཛིན་ཞུ་རྒྱུའི་འགན་ཡོད་ཅེས་སོགས་བཀའ་སློབ་སྩལ་ཡོད་པ་བཅས།