ཨ་རིའི་སན་དྷི་ཡེ་གོ་གྲོང་ཁྱེར་ལ་ཆིབས་བསྒྱུར་བསྐྱངས་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ཙམ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རོ་ཆེས་སུ་ཊར་(Rochester)ནས་མཁའ་ལམ་བརྒྱུད་སན་དྷི་ཡེ་གོ་(San Diego) གྲོང་ཁྱེར་ལ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། གནམ་ཐང་དུ་༧ཞབས་སོར་འཁོད་མཚམས་སན་དྷི་ཡེ་གོ་གྲོང་ཁྱེར་སྤྱི་ཁྱབ་ Kevin Falconer ལགས་དང་། ཁོང་གི་ལྕམ་ལགས། དེ་བཞིན་སན་དྷི་གོ་ཁ་ལེ་ཧྥོ་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་རིགས་བདག་Pradeep Khoslaལགས་(Chancellor of the University of California)སོགས་ཀྱིས་ཕེབས་བསུ་ཞུས་ཡོད་པ་རེད། 

དེ་རྗེས་གནམ་ཐང་ནས་བཞུགས་གནས་འགྲོན་ཁང་དུ་༧ཞབས་སོར་འཁོད་སྐབས་སན་དྷི་གོ་དང་། སན་ཧྥ་རན་སི་སི་ཀོ  ལོ་སི་ཨན་ཇེ་ལེ་སི་སོགས་ནས་ཕེབས་པའི་བོད་རིགས་བརྒྱ་དང་ལྔ་བཅུ་ལྷག་དང་། རྒྱ་རིགས་དེ་བཞིན་མི་རིགས་གཞན་སོགས་མི་གྲངས་ཉིས་བརྒྱ་ལྷག་གིས་ཕེབས་བསུ་བྱས་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕེབས་བསུར་བཅར་མཁན་རྣམས་ལ་འཚམ་འདྲི་དང་འབྲེལ་བཞུགས་གནས་མགྲོན་ཁང་དུ་ཆིབས་བསྒྱུར་བསྐྱངས།  

སང་ཉིན་ཚེས་ ༡༦  ཉིན་གྱི་སྔ་དྲོ་གསར་འགོད་པར་མཇལ་འཕྲད་དང་། དེ་རྗེས་ཨ་རིའི་ཁ་ལེ་ཧྥོར་ནེའུ་ཡའི་གཙུག་ལག་སློབ་གྲྭ་ཆེན་མོར་འཛམ་གླིང་འདིར་སྣ་ཚོགས་པའི་མཛེས་སྡུག་དང་ལེན་ (Embracing the Beauty of Diversity in our World) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་བཀའ་སློབ་སྩལ་རྒྱུ་ཡིན་པ་བཅས།།