དེང་རབས་ཤེས་ཡོན་གྱི་མཐུན་འགྱུར་འོག་སྲོལ་རྒྱུན་སྲུང་སྐྱོབ་བྱེད་དགོས།

མདུན་ངོས། / དེང་རབས་ཤེས་ཡོན་གྱི་མཐུན་འགྱུར་འོག་སྲོལ་རྒྱུན་སྲུང་སྐྱོབ་བྱེད་དགོས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་དམིགས་བསལ་ནང་ཆོས་ངོ་སྤྲོད་ཀྱི་ཉིན་གཉིས་པར་སྔ་དྲོ་ཆུ་ཚོད་༨།༣༠ཙལ་བཞུགས་སྒར་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་མཚམས་ཐའེ་ན་གྱི་པཱ་ལའི་ཆོས་བརྒྱུད་འཛིན་པའི་དགེ་འདུན་པ་ཁག་ཅིག་གིས་པཱ་ལའི་སྐད་ཀྱི་ཐོག་བཀྲ་ཤིས་པའི་གསུངས་འདོན་དང་རྟགས་གསལ་གཟིགས་འབུལ་ཞུས་རྗེས་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་༸གོང་ས་མཆོག་གིས་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭ་ཧཱ།ཞེས་ལན་གསུམ་གསུང་འདོན་གནང་རྗེས་བོད་ཁྱིམ་སློབ་ཕྲུག་ཁག་ཅིག་དང་རྡ་ས་ནང་ཆོས་ངོ་སྤྲོད་ཚོགས་པའི་ནང་ཆོས་དོན་གཉེར་བ་ཁག་ཅིག་གིས་ཚད་མ་རིག་པའི་ཁ་དོག་དཀར་དམར་གཞི་གྲུབ་དང་ཚན་རིག་ལས་སྐྱེས་ལྡན་གྱི་ཐོག་ལ་རྟགས་གསལ་གཟིགས་འབུལ་ཞུས་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་རིག་གཞུང་སྤྱི་དང་། ལྷག་པར་དུ་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་ཀྱི་ཚད་མ་རིག་པའི་རིགས་ལམ་གྱི་ཐོག་ནས་གཏན་ལ་འབེབ་པའི་ལུགས་འདིས་འཛམ་བུ་གླིང་ལ་ཏན་ཏན་ཕན་ཐོགས་བྱེད་ཐུབ་པའི་ཆ་རྐྱེན་ཡོད་པ་མཐོང་གི་འདུག དེ་ལྟ་བུའི་ཆ་རྐྱེན་ཞིག་ཡོད་ཚེ་ང་ཚོས་འབད་བརྩོན་བྱེད་འོས་པ་རེད། འབད་བརྩོན་བྱེད་དགོས་པ་རེད།  གང་ཡིན་ཟེར་ན་ད་ལྟ་ང་ཚོ་འདིར་ཞི་བདེ་བག་ཕེབས་ཀྱིས་བསྡད་ཡོད་ཀྱང་འཛམ་གླིང་འདིར་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་མི་སྟོང་ཕྲག་ཁ་ཤས་བསད་ཡོད་པ་རེད། མི་ས་ཡ་མང་པོ་ཞིག་མུ་གེས་ཤི་བའི་ཉེན་ཁའི་ཐོག་བསྡད་ཡོད། འདས་པའི་ཉིན་ཤས་སྔོན་དབྱིན་ལན་དུ་དྲག་སྤྱོད་ཀྱི་གནས་ཚུལ་བྱུང་བ་རེད། འདས་པའི་ཟླ་ཁ་ཤས་ནས་དེ་ལྟ་བུའི་གནས་ཚུལ་ཁ་ཤས་བྱུང་ཡོད། དེ་དག་ནི་མིས་བཟོས་པ་རེད། ཁ་སང་སློབ་ཕྲུག་ཅིག་གིས་མིའི་ལྷན་སྐྱེས་རྩུབ་པོ་ཡོད་པ་རེད་ཅེས་བརྗོད་བྱུང་དེ་བདེན་པ་མིན་ནམ། བྱིས་པ་ཆུང་ཆུང་སྐབས་སུ་རང་བཞིན་གྱིས་འཛུམ་ཤིག་ཤིག་སྡོད་རྒྱུ་མང་དུ་ཡོད་པ་རེད་ཅེས་བཞད་མོ་དང་འབྲེལ་བཀའ་སློབ་གནང་བ་དང་། 

དེ་ནས་ཡང་མུ་མཐུད་དུ་མིས་མི་གསོད་པ་དང་། མིས་མི་ལ་ཐུབ་ཚོད་ཀྱིས་གཞན་ཕུངས་བཞིན་པ་སེལ་ཐབས་ཡོད་དམ་མེད་ལ་བསམ་བློ་གཏོང་དགོས། སེལ་ཐབས་ཏན་ཏན་ཡོད་པ་རེད། དེ་ལྟ་བུའི་སེལ་ཐབས་གང་རེད་ཅེ་ན། འཛམ་གླིང་འདིར་བྱམས་བརྩེ་སྤེལ་ཐུབ་ཚེ་མིས་མི་གསོད་རེས་བྱེད་པ་དང་། མིས་མི་ལ་བརྩེ་བ་མེད་པའི་ཐོག་ནས་སྡུག་སྦྱོང་གཏོང་བ་སོགས་ཉུང་དུ་འགྲོ་རྒྱུ་རེད། རྒྱ་གར་ནང་དུ་ཆ་བཞག་ནའང་ལྐོག་ཟ་རུལ་སུངས་བྱེད་པ་དང་། རིགས་རུས་ཀྱི་སྐད་ཆ་བཤད་ནས་དཀའ་ངལ་འཕྲད་བསྡད་པ་ཧ་ཅང་མང་པོ་ཞིག་འདུག ངོས་ནས་ནམ་རྒྱུན་རྒྱ་གར་གྱི་ཆོས་གྲོགས་ཚོར་ཐུག་དུས་བཤད་ཀྱི་ཡོད། རྒྱ་གར་ནི་ལོ་རྒྱུས་ཀྱི་ཐོག་ནས་ཆོས་ལྡན་གྱི་རྒྱལ་ཁབ་ཆགས་ཀྱི་ཡོད་པ་རེད། འཚེ་བ་མེད་པའམ་ Ahiamsa ཞེས་པ་ལོ་སྟོང་ཕྲག་གཉིས་གསུམ་རིང་བཤད་ཡོད་པ་རེད། འཚེ་བ་མེད་པ་ཡོད་པའི་ཉེར་ལེན་ལ་བརྟེན་ནས་མི་འབོར་དུང་ཕྱུར་བཅུ་གཉིས་བཅུ་གསུམ་ཡོད་པའི་ལུང་པ་འདིར་སྤྱིར་དཀའ་ངལ་མང་པོ་ཡོད་ཀྱང་། སྤྱི་ཡོངས་ཀྱི་ཐོག་ནས་བཤད་ཚེ་ལྷིང་འཇགས་པོ་རེད། ལྷག་པར་དུ་རྒྱ་གར་ནང་འཛམ་གླིང་གི་ཆོས་བརྒྱུད་ཚང་མ་ཡོད་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་ལྷིང་འཇགས་པོ་བྱས་ནས་སྡོད་ཐུབ་འདུག དེ་ནི་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་སྤྱོད་དང་འབྲེལ་བ་ཡོད་པ་ཞིག་ངོས་ནས་མཐོང་གི་འདུག་ལ་དེ་ལྟར་བཤད་བཞིན་ཡང་ཡོད། དེའི་ཐོག་ནས་ཆོས་ལུགས་ཀྱི་མཐུན་སྒྲིལ་ཡོང་བསྡད་ཀྱི་ཡོད་པ་རེད་ལ། ག་ཚོད་མེད་ཟེར་ཡང་ཆུང་ཆུང་སྐབས་ནས་འཚེ་བ་མེད་པའི་ལྟ་སྤྱོད་ཡང་ཡང་གོ་ཐོས་བྱུང་བས་ཞི་བདེ་མང་བ་དང་། མིས་མི་གསོད་པ་ཏན་ཏན་ཉུང་ཉུང་རེད། དེ་ནི་ང་ཚོའི་དཔེར་མཚོན་ཞིག་རེད། ང་ཚོ་བོད་ལ་ཆ་བཞག་ནའང་ཆུང་ཆུང་སྐབས་ནས་སྲོག་ཆགས་འབུ་ཞིག་ཡིན་ཀྱང་གསོད་རྒྱུ་ཡོད་པ་མ་རེད་ཅེས་རྒྱུ་མཚན་མ་ཤེས་ཀྱང་སྲོག་ལ་རྩིས་མེད་རྡོག་རོལ་མི་གཏོང་བ་ཞིག་གོམས་གཤིས་ལ་འདུག ཅེས་ཨ་རིར་བོད་ཀྱི་ལས་བྱེད་ཟུར་པ་ཞིག་གིས་ཐབ་ཚང་ནང་ལས་ཀ་བྱེད་སྐབས་སྔོ་ཚལ་གཙང་མ་བཟོ་དུས་སྔོ་ཚལ་ཐོག་གི་འབུ་སྒྲུག་ནས་སྣོད་ཆས་ཤིག་ཏུ་བཞག་སྟེ་ལས་ཀ་ཚར་བ་དང་ཕྱི་ཡི་སྤང་གི་ཁྲོད་གཡུགས་ཀྱི་ཡོད་པ་དང་། ལས་རོགས་ཚོས་ཐོག་མའི་སྐབས་དེ་ལས་ཀ་ཐོལ་བ་རེད་ཅེས་ཟེར་བ་དང་། བོད་མི་དེས་འབུ་ཚོའང་སྲོག་ལྡན་ཡིན་པས་བརྩེ་བ་བྱེད་དགོས་པ་དང་། གནོད་པ་མི་བྱེད་པ་བོད་པའི་གོམས་གཤིས་ལ་ཡོད་པ་རེད་ཅེས་འགྲེལ་བཤད་བརྒྱབ་པས་རྗེས་སོར་ཁོ་ཚོས་ཀྱང་དེ་ལྟར་བྱས་པ་སོགས་མི་གཅིག་གི་གོམས་གཤིས་དང་རྣམ་འགྱུར་ཐོག་ནས་རོགས་པ་ཚོར་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་ཏན་ཏན་ཡོད་པ་རེད་ཅེས་འཚེ་བ་མེད་པའི་ལྟ་སྤྱོད་སྐོར་ལ་བཀའ་སློབ་སྩལ།

གཞན་ཡང་། སྲོལ་རྒྱུན་རིག་གཞུང་དེང་རབས་ཤེས་ཡོན་གྱི་མཐུན་འགྱུར་འོག་སྲུང་སྐྱོབ་བྱེད་དགོས་པའི་སྐོར་ལ་བཀའ་སློབ་སྩལ་དོན།  གཟབ་གཟབ་མ་བྱས་ཚེ་བཟང་པོའི་གོམས་གཤིས་ཡལ་ཏེ་འགྲན་སེམས་དང་ཕྲག་དོག མགོ་བདེ་དྲན་འཕྲུལ་བྱེད་པ་དང་། ཧམ་པ་བཤད་མཁན་འཛམ་གླིང་འདིར་ཡོད་པ་རེད། དེ་དག་ལ་ཆེད་མངགས་མིག་དཔེ་མ་བལྟས་ཀྱང་ག་ལེར་དེ་ལྟ་བུའི་ཤུགས་རྐྱེན་འགོས་ཏེ་ང་རང་ཚོའི་ཕ་མེས་ནས་ཡོད་པའི་ཡ་རབས་ཀྱི་སྤྱོད་བཟང་དེ་ཉམས་ཆགས་འགྲོ་བའི་ཉེན་ཁ་མེད་པ་མ་རེད། དེར་བརྟེན་ཕྱིའི་ཤུགས་རྐྱེན་མ་ཐེབས་པའི་ཐབས་ཤོས་གཙོ་བོ་གང་རེད་ཟེར་ན། མི་ལ་འབྲེལ་བ་མ་བྱས་པར་སྡོད་རྒྱུའི་སྐད་ཆ་ཁྱོན་ནས་མ་རེད། ངོས་རང་འཛམ་གླིང་གང་སར་སྐྱོད་པའི་སྐབས་སུ་དཔེར་ན་ལཱ་ཏིན་ཨ་མི་རི་ཁའི་ནང་དུ་ཡུལ་བ་ཁ་ཤས་ལ་ཐུག་མྱོང་། ཡུལ་བ་དེ་ཚོས་འཛམ་གླིང་གི་འཁྲུགས་ཆ་དོད་པོའི་སྤྱི་ཚོགས་དེས་ཁོ་རང་ཚོའི་ཕ་མེས་ནས་ཡོད་པའི་གོམས་གཤིས་ཉམས་ཆག་ཕྱིན་ཡོང་བསམ་པའི་དངངས་སྐྲག་བྱས་ཏེ་སྤྱི་ཡོངས་ཀྱི་མི་ཚོ་དང་མ་འདྲིས་པར་ཁེ་གཙང་སྡོད་ཀྱི་ཡོད་ཅེས་ཟེར། ངོས་ནས་ཁོ་རང་ཚོར་དེ་ནོར་བ་རེད། ཁྱོད་རང་ཚོར་སོ་སོའི་ཕ་མེས་ནས་ཡོང་པའི་གོམས་གཤིས་ཡོད་པ་དེ་ཉམས་ཆག་ཕྱིན་ཡོང་བསམ་པའི་དངངས་སྐྲག་གིས་གཞན་དང་འབྲེལ་བ་མ་བྱས་པར་བསྡད་པ་ཡིན་ན་གྱོང་རེག་གི་རེད། དེ་བྱ་རྒྱུ་ཡོད་པ་མ་རེད། ནོར་ཝེ་དང་སུད་ཝེ་ཊིན་གྱི་བྱང་རྒྱུད་པ་ཚོ་ནོར་ཝེ་ཡི་སྤྱི་འགྲོས་སྤྱི་མཚུངས་ཀྱི་སློབ་གྲྭ་ཕྱིན། ནོར་ཝེ་སྐད་ཀྱི་ཐོག་ནས་སློབ་སྦྱོང་མཐོན་པོ་ཐོན་ཡོད། ཡིན་ནའང་། དེ་དང་ཆབས་གཅིག་སོ་སོའི་ཕ་མེས་ཀྱི་སྐད་དང་ཆ་ལུགས་རྒྱུན་སྐྱོང་བྱས་ཏེ་བསྡད་འདུག དེ་ཙམ་དུ་མ་ཟད། ཁོ་རང་ཚོའི་ས་ཁུལ་དུ་གྲོས་ཚོགས་ཡང་བཙུགས་ནས་ཆབ་སྲིད་ཀྱི་སྒྲིག་འཛུགས་ཡང་དེང་རབས་དང་མཐུན་པ་བྱས་འདུག་ཅེས་ཁོ་ཚོར་འགྲེལ་བཤད་བརྒྱབ་པ་ཡིན། 

དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ནས་སོ་སོའི་ཕ་མེས་ཀྱི་རིག་གཞུང་འཛིན་ཐུབ་པ་ཞིག་དགོས་པ་རེད་མ་གཏོགས་ཁ་བྲལ་བསྡད་ན་ཡོང་གི་མ་རེད། ང་ཚོ་བོད་པར་ཆ་བཞག་ནའང་ང་ཚོ་བཙན་བྱོལ་ལ་སླེབས་ནས་འགོ་སྟོད་ཀྱི་ལས་འགན་གཙོ་བོ་དེ་རང་གི་རིག་གཞུང་དང་སྐད་ཡིག་ལ་བདག་པོ་ཡག་པོ་ཞིག་བརྒྱག་པའམ་མི་ཉམས་རྒྱུན་འཛིན་ཡག་པོ་ཞིག་བྱེད་ཐུབ་ན་སྙམ་པའི་བསམ་བློ་འཁོར་བསྡད་ཡོད་པ་རེད། དེ་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ནི་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ནས་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་འཛིན་ཐུབ་པ་ཞིག་དགོས། ང་ཚོ་ཕྱི་ལོ་ ༡༩༥༩ ཟླ་ ༤ ནང་མ་སུ་རི་ལ་སླེབས་སོང་།  ཕྱི་ལོ་ ༡༩༦༠ ནང་མ་སུ་རི་ལ་སློབ་གྲྭ་དང་པོ་བཙུགས་པ་རེད། ང་རང་ཚོའི་ཆོས་དང་རིག་གཞུང་། ལྟ་སྤྱོད་བཟང་པོ་ཡོད་པ་རྒྱུན་འཛིན་ཐུབ་པའི་ཐབས་ལམ་དེ་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ནས་འགྲོ་ཐུབ་པ་ཞིག་དང་། དེ་ཡང་སོ་སོའི་སྐད་ཡིག་ཤེས་པ་ཞིག་དགོས་ཀྱི་ཡོད་པས་ནེ་ཧ་རུ་ལ་སྙན་སེང་ཞུས་ཏེ་ང་ཚོ་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་རོགས་ཞེས་ཞུས་པ་རེད། ནེ་ཧ་རོས་དེ་ལ་རྒྱབ་སྐྱོར་གནང་སྟེ་ཆེད་མངགས་བོད་ཀྱི་སློབ་གྲྭ་ལ་སྡེ་ཚན་ཞིག་བཟོས་ཏེ་ད་ལྟ་ལོ་ ༥༨ འགྲོ་བཞིན་པ་དང་། གང་ལ་གང་འཚམ་གྲུབ་འབྲས་ཐོན་ཡོད་པ་རེད། བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བའི་གནས་སྟངས་ཤིག་བྱུང་ཡོད་པ་རེད། ད་ལྟའི་བར་དུ་ཡོད་པ་དག་གིས་མུ་མཐུད་ལྡང་གི་འདུག་གམ་ཟེར་ན་ལྡང་གི་མི་འདུག མུ་མཐུད་ནས་ཡར་རྒྱས་གཏོང་བ་དང་། དང་པོ་དམིགས་ཡུལ་དང་རེ་བ་ཇི་ལྟར་བརྒྱབ་པ་ནང་བཞིན་འགྲུབ་ཐུབ་པ་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་བོད་རིགས་གཞོན་སྐྱེས་ཁག་ཅིག་གིས་བཀའ་འདྲི་ཞུས་རིགས་ལ་བཀའ་ལན་སྩལ་ཏེ་ཉིན་གཉིས་པའི་ནང་ཆོས་ངོ་སྤྲོད་ཀྱི་གནང་སྒོ་མཇུག་ལེགས་པར་གྲུབ་སྟེ་ཕོ་བྲང་དུ་ཆིབས་ཞལ་བསྒྱུར་ཡོད་པ་བཅས།།