ཕྱི་ལོ་ ༢༠༡༧ ལོའི་བོད་རིགས་གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ ཉིན་རྡ་རམ་ས་ལའི་ནང་ཆོས་ངོ་སྤྲོད་ཚོགས་པས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་རིགས་གཞོན་སྐྱེས་རྣམས་གཙོས་ཐའེ་ལན་གྱི་ནང་པའི་དགེ་འདུན་པ་ཁག་ཅིག་དང་། རྒྱ་གར། རྒྱ་ནག་པ་སོགས་ཁྱོན་མི་གྲངས་ ༢༨༠༠ བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་རེད། 

དེ་ཡང་ཞོགས་པ་ཆུ་ཚོད་༨།༣༠ ཙམ་ལ་ནང་ཆོས་གོ་སྒྲིག་ཚོགས་ཆུང་གི་དགེ་བཤེས་བློ་བཟང་ཟླ་བ་སོགས་ཀྱིས་སྤོས་སྣེས་མདུན་བསུ་དང་བཅས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་ཕོ་བྲང་ནས་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་རྗེས་ནང་ཆོས་གོ་སྒྲིག་ཚོགས་ཆུང་གིས་མཎྚལ་འདེགས་འབུལ་ཞུས། དེ་རྗེས་སློབ་ཕྲུག་ཕོ་མོ་ཁག་ཅིག་གིས་བློ་རིག་གི་སྡོམ་ཚིག་དང་ཞབས་བརྟན་གསོལ་འདེབས་གསུངས་འདོན་གནང་རྗེས་བཀའ་སློབ་སྩལ་དོན། བློ་རིག་གི་སྡོམ་འདི་ན་ནིང་ངས་སྤྲད་པ་རེད། བློ་རིག་གི་སྡོམ་དང་རྟགས་རིག་གི་སྡོམ་འདི་ཨ་ཀྱཱ་ཡོངས་འཛིན་གྱིས་མཛད་པ་ཞིག་རེད། ངས་རང་ཕལ་ཆེར་ལོ་བཅུ་གྲངས་ནས་བློ་རིག་དང་རྟགས་རིག་གི་སྡོམ་བློ་ལ་བཟུང་བ་རེད། ཁྱོད་རང་ཚོས་འདོན་བཞིན་པའི་སྐབས་སུ་ངོས་ལ་ཕལ་ཆེར་འགྲོ་གི་འདུག ཁ་ཤས་འགྲོ་གི་མི་འདུག བརྗེད་འདུག 

བློ་རིག་གི་སྡོམ་འདི་སེམས་ཁམས་རིག་པ་ལ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། དེང་སང་འཛམ་གླིང་འདིར་འུ་ཐུག་པའི་སྐབས་སུ་མི་གསོད་རེས་བྱེད་པ་དང་ཕྱོགས་ལྷུང་བྱེད་པ་སོགས་གང་ལྟར་རྙོག་དྲའི་རྩ་བ་མིས་བཟོས་པའི་དཀའ་ངལ་དེ་དག་སེམས་འཁྲུགས་པའི་རྐྱེན་གྱིས་ཡོང་བ་ཧ་ཅང་གསལ་པོ་རེད། སེམས་འཁྲུགས་པ་ལ་སྨན་ཟ་བ་དང་ཉལ་ཐ་འཐེན་པ་སོགས་ཀྱིས་འཕྲལ་སེལ་ཙམ་དུ་ཕན་ཐོགས་ཡོད་ནའང་། ཕུགས་ལ་རྩ་བ་ཉིད་ནས་ཕན་པ་ཡོད་པ་མ་རེད། སེམས་འཁྲུགས་སྡོད་མཁན་ནི་ཞེ་སྡང་དང་ང་རྒྱལ། ཕྲག་དོག འགྲན་སེམས་སོགས་ཀྱིས་སེམས་འཁྲུགས་ཡོང་གི་ཡོད། སེམས་འཁྲུགས་པ་ནི་བསམ་བློའི་ནང་ནས་ཡོང་བ་རེད་མ་གཏོགས་ཕྱི་ལོགས་ནས་ཡོང་བ་མ་རེད།  འཁྲུགས་བསྡད་པའི་རྐྱེན་དེ་ཡང་སེམས་མ་བཏུལ་བའི་ཆ་ནས་ཡོང་གི་ཡོད་པས་སེམས་འཁྲུགས་པ་སེལ་བ་ལ་སེམས་ཀྱི་ནང་ནས་ཐབས་ཤེས་བྱེད་པ་མ་གཏོགས་ཕྱི་ལོགས་ནས་སྨན་པ་བསྟེན་ནས་ཡོང་ཐུབ་ཡོད་པ་མ་རེད། གང་ལྟར་སེམས་མ་སྐྱིད་པ་བཟོ་མཁན་མིའི་སྒོ་གསུམ་གྱི་སྤྱོད་པ་མ་བསྡམས་པར་མི་གསོད་རེས་བཏང་། མི་ལ་སྙིང་རྗེ་མེད་པ་སོགས་ཀྱི་དབང་གིས་དབུལ་ཕྱུག་གི་ཁྱད་པར་ཆེན་པོ་ཡོང་ཡོད། དབུལ་ཕོངས་ཚོས་ཉིན་རེར་ལྟོ་ཆས་ཅི་ཞིག་ཟ་དགོས་ན་བསམ་ནས་ཧ་ཅང་སྐྱོ་པོར་བསྡད་ཡོད། མི་གཅིག་པ་ཡིན་ཡང་ཕར་ཕྱོགས་ན་མི་གཅིག་ཤི་ལ་ཡོད་ཀྱང་མི་ཁ་ཤས་དེ་ལ་དོ་སྣང་མེད་པ་ལྟ་བུ་ཡོང་གི་འདུག རྒྱ་གར་རང་ལ་ཆ་བཞག་ནའང་རིགས་རུས་ཀྱི་སྐད་ཆ་བཤད་ནས་སྐྱོ་པོ་ཚོ་ཧ་ཅང་སྐྱོ་པོ་སྡོད་ཀྱི་འདུག དེའི་རིགས་སེམས་ཀྱི་བཏུལ་བའི་ཆས་མ་འདང་བར་སེམས་མ་བཏུལ་བའི་ཆ་ཤུགས་ཆེན་པོར་བསྡད་པས་དཀའ་ངལ་དེ་དག་འཕྲད་ཀྱི་ཡོད། 

དཀའ་ངལ་དེ་དག་སེལ་ཐབས་སུ་སེམས་བཏུལ་བའི་ཆ་དེ་གོང་སྤེལ་གཏོང་དགོས། སེམས་བཏུལ་བའི་ཆ་དེ་ཅི་ཙམ་གྱིས་གོང་ནས་གོང་དུ་འཕེལ་བའི་ཚོད་ཀྱིས་སེམས་མ་བཏུལ་བའི་ཆ་དེ་ཤུགས་ཆུང་དུ་འགྲོ་བ་ཆོས་ཉིད་རེད། དཔེར་ན། སྣང་བའི་འོད་ཤུགས་ཆེ་རུ་ཕྱིན་ཚེ་མུན་པ་རང་བཞིན་གྱིས་ཤུགས་ཆུང་དུ་འགྲོ་བ་ལྟར་རེད། ཚ་དྲོད་འཕེལ་ན་གྲང་བའི་ཤུགས་མར་ཆགས་འགྲོ་བ་ཆོས་ཉིད་རེད། ཕྱིའི་གནས་ཚུལ་དུའང་ཚ་གྲང་གི་འགལ་འདུ་ཡོད་ཚེ་ཚ་བ་འཕེལ་ཚེ་གྲང་བ་ཤུགས་ཆུང་དུ་འགྲོ་བ་དང་། གྲང་བ་འཕེལ་ཚེ་ཚ་བ་ཤུགས་ཆུང་དུ་འགྲོ་གི་རེད། དེ་བཞིན་བསམ་བློའི་ནང་དུའང་བློ་རིག་གི་སྡོམ་དུ་གསུངས་པ་བཞིན་སེམས་ཀྱི་འཛིན་སྟངས་ལ་འགལ་བ་ཡོད་པའི་ཆ་ནས་བསམ་བློ་ཕན་ཚུན་ལ་འགལ་ཟླ་ཡོང་གི་ཡོད། སེམས་གཟུགས་ཅན་མ་རེད། མྱོང་ཙམ་རེག་ཙམ་གྱི་བདག་ཉིད་ཅན་རེད། འཛིན་སྟངས་མི་མཐུན་པའ་ིསྟེང་ནས་འགལ་ཟླ་སླེབས་ཡོང་གི་ཡོད་པ་རེད། སེམས་མ་བཏུལ་བའི་ཆ་ཉུང་དུ་གཏོང་བ་ལ་སེམས་བཏུལ་བའི་ཆ་ཤུགས་ཆེ་རུ་གཏོང་དགོས་ཀྱི་ཡོད་པ་རེད། དེ་ཡང་སྔོན་ལ་སེམས་བཏུལ་བའི་ཆ་གང་དང་གང་ཡིན་པ་དང་། དེའི་རྒྱུ་དང་རྐྱེན་གང་རེད། མ་བཏུལ་བའི་སེམས་དེ་ཇི་ལྟར་ཡིན་པ་དང་། དེའི་རྒྱུ་དང་རྐྱེན་གང་ཡིན་པ་ཤེས་པ་བྱེད་དགོས། དེར་བརྟེན་བློ་ཡི་རྣམ་གཞག་ཤེས་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ཅེས་སོགས་བློ་རིག་གི་སྐོར་འདི་ཆོས་ཀྱི་ནང་དུ་འཇོག་མི་དགོས་པ་དང་། སེམས་ཁམས་རིག་པ་གལ་ཆེན་པོ་ཡིན་པ་སོགས་བཀའ་སྩལ་རྗེས། རྡ་རམ་ས་ལའི་ནང་ཆོས་ངོ་སྤྲོད་ཚོགས་པའི་ནང་ཆོས་དོན་གཉེར་བ་ཁག་གཉིས་ཀྱིས་སྔ་ཕྱིར་རྟགས་གསལ་གཟིགས་འབུལ་ཞུས། 

རྟགས་གསལ་གཟིགས་འབུལ་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་དབུ་འཛུགས་ཀྱི་སྔོན་འགྲོའི་བཀའ་སློབ་སྩལ་དོན། དེ་རིང་འདིར་གཙོ་བོ་སློབ་ཕྲུག་ཚོར་དམིགས་ནས་ནང་ཆོས་ངོ་སྤྲོད་རྒྱུ་ཡིན། ལོ་ཤས་ནས་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་བྱེད་རྒྱུ་བྱས་པ་རེད། ཅེས་སོགས་སློབ་ཕྲུག་ཡོང་ཁུངས་ཀྱི་ཐོ་གཞུང་ལྗགས་ཀློག་གནང་རྗེས། འདིར་འདུས་པའི་སློབ་ཕྲུག་ཕོ་མོ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཞུ། དེ་རིང་འདིར་ཐའེ་ལན་ནས་དགེ་འདུན་པ་ཚོ་ཁག་ཅིག་མཁན་པོས་དབུ་ཁྲིད་ནས་གོམ་བགྲོད་ཀྱིས་ཕེབས་པ་རེད། ན་ནིང་ཡང་ང་ཚོ་མཇལ་བ་རེད། དེ་རིང་ཡང་འདིར་ཕེབས་ཡོད་པ་རེད། ཁྱོད་རང་ཚོ་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པའི་གོ་རིམ་ཕེབས་རིམ་བཞིན་བརྩིས་པ་ཡིན་ན་ཐོག་མ་པཱ་ལིའི་ཆོས་བརྒྱུད་དང་། དེ་ནས་རིམ་པས་ལེགས་སྦྱར་གྱི་ཆོས་བརྒྱུད་ཀྱང་དར་ཁྱབ་ཤུགས་ཆེན་པོ་བྱུང་བ་རེད། པཱ་ལིའི་ཆོས་བརྒྱུད་འཛིན་པའི་འཕགས་པ་གནས་བརྟན་པའི་སྡེ་བ་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་རེད། ཁྱོད་རང་ཚོ་ཚང་མར་གུས་ཞབས་ཡོད། ཐུགས་རྗེ་ཆེ། ཞེས་འཚམས་འདྲི་མཛད་པ་དང་། 

དེ་ནས་རྟགས་གསལ་གཏོང་མཁན་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུས་རྗེས། རིགས་ལམ་གྱི་གལ་གནད་སྐོར་ནས་བཀའ་སློབ་ཟབ་རྒྱས་སྩལ་བ་དང་། མུ་མཐུད་བཀའ་སློབ་སྩལ་དོན། དེ་རིང་འདིར་ཡིག་ཆ་དེ་བྱང་ཆུབ་སེམས་འགྲེལ་དང་ལག་ལེན་སོ་བདུན་བྱས་པ་རེད། དེའི་རྒྱུ་མཚན་ནི་མ་གཞི་སྔགས་ཀྱི་གཞུང་དང་འབྲེལ་བ་ཡོད་པ་རེད། ཀླུ་སྒྲུབ་ཀྱིས་མར་གསུངས་ཡོང་བའི་སྐབས་སུ་མུ་སྟེགས་པའི་ལྟ་གྲུབ་ནས་རང་སྡེ་དོན་སྨྲ་སྡེ་གཉིས་དང་སེམས་ཙམ་པ། མཐར་དབུ་མ་པའི་ལྟ་གྲུབ་བར་དུ་གསུངས་ཡོང་གི་འདུག དེ་ངོས་རང་ཧ་ཅང་གལ་ཆེན་པོར་མཐོང་སོང་། 

ཆོས་ལུགས་ཚང་མར་ངོས་གསུམ་ཕྱེ་རྒྱུ་འདུག ངོས་གཅིག་དེ་ཆོས་རེད། སེམས་ལ་འགྱུར་བ་གཏོང་བ་རེད། དེ་འཛམ་གླིང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མར་གཅིག་གྱུར་ཆགས་ཡོད་པ་རེད། ཆོས་ལུགས་ཚང་མས་བྱམས་བརྩེ་དང། བཟོད་པ་དང། ཆོག་ཤེས། རང་ཁྲིམས་སྲུང་བ་བཅས་ཚང་མས་གསུངས་འདུག གཞི་རྩ་འདིའི་ཐོག་ནས་ཆོས་ལུགས་མཐུན་སྒྲིལ་ངེས་པར་དུ་ཡོང་གི་རེད། ང་ཚོ་འཆམ་པོ་དགོས་པ་རེད་ཅེས་ཚིག་སྐམ་པོ་ཙམ་མ་ཡིན་པར་ཆོས་ལུགས་ཚང་མས་མི་ལ་ཕན་གྱི་ཡོད་པ་རེད། ཕན་ཐོགས་བྱེད་ཀྱི་ཡོད་པ་རེད། དེ་ངོས་ཟིན་པའི་ཐོག་ནས་བརྩི་བཀུར་བྱས་ཏེ་ཆོས་ལུགས་མཐུན་སྒྲིལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོ་མཐུན་སྒྲིལ་བྱེད་པའི་གཞི་མ་ནི་ཆོས་ལུགས་ཚང་མས་བྱམས་བརྩེའི་བསླབ་བྱ་གཅིག་མཚུངས་ཐོན་གྱི་ཡོད། 

ངོས་གཅིག་ནི་ལྟ་གྲུབ་རེད། ལྟ་གྲུབ་མི་འདྲ་བ་ཡོད་པ་རེད། གལ་ཆེ་ཤོས་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་གཅིག་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་གཅིག་ཡོད། རྒྱ་གར་གྱི་གྲང་ཅན་ལྷ་མེད་པ་ཞེས་པས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། ཆོས་བརྒྱུད་འདི་ལ་ལོ་སྟོང་ཕྲག་གསུམ་ལྷག་ཕྱིན་མེད་དམ། གྲང་ཅན་ལྷར་བཅས་པ་དང་ལྷ་མེད་པ་གཉིས་བྱས་ཏེ་གྲང་ཅན་ལྷ་མེད་པས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། དེ་ནས་མར་བཅོམ་ལྡན་འདས་མ་བྱུང་གོང་གི་ཕལ་ཆེར་ལོ་སུམ་ཅུ་བཞི་བཅུའི་གོང་ལ་རྒྱལ་བ་པ་ཞེས་གཅེར་བུ་བའི་སྟོན་པ་བྱུང་བ་རེད། གཅེར་བུ་བས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། ངོས་རང་ངོ་ཤེས་པའི་གཅེར་བུ་བ་དེ་འདྲར་སྐད་ཆ་བྱུང་། ཕལ་ཆེར་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་རེད། རྒྱ་གར་གྱི་སྐད་དུ་ཀརྨ་ཟེར་བ་ལས་རྒྱུ་འབྲས་ཀྱི་དོན་རེད། ལས་རྒྱུ་འབྲས་ཀྱི་རྒྱུ་བསགས་དུས་ཀྱི་བདག་དང་།  འབྲས་བུ་མྱོང་དུས་ཀྱི་བདག་ཅེས་ལུས་བརྗེ་འགྲོ་བཞིན་ཡོད་པ་དང་། ལུས་བརྗེ་བ་དང་མཉམ་དུ་སེམས་རགས་པ་བརྗེ་འགྲོ་བཞིན་ཡོད་ཀྱང་རྒྱུ་བསགས་པ་པོ་དང་འབྲས་བུ་མྱོང་བ་བོ་ཞེས་སྤྱིའི་སྒང་ལ་འཇོག་དགོས་དུས་བདག་ཤེས་རིག་གི་སྐྱེས་བུའམ་ཕུང་པོ་ལས་དོན་གཞན་པའི་བདག  རྟག་གཅིག་རང་དབང་བའི་བདག་ཅེས་པ་དེ་ཤོད་ཀྱི་འདུག མུ་སྟེགས་པའི་གཞུང་གི་ནང་དུ་ཕུང་པོ་ལས་དོན་གཞན་པའི་བདག་བཤད་དགོས་དོན་ནི་ལས་འབྲས་ཀྱི་རྟེན་བྱེད་མཁན་ཞིག་དགོས་ཀྱི་ཡོད་པ་རེད། ཚེ་འཕོས་འགྲོ་བཞིན་ཡོད་ནའང་། ཚེ་སྔ་མར་བསགས་པའི་ལས་དེ་ཚེ་ཕྱི་མར་མྱང་དགོས་དུས་ལས་གསོག་པ་པོའི་བདག་དང་འབྲས་བུ་མྱང་བ་བོའི་བདག་ཅེས་ཕུང་པོ་ལས་དོན་གཞན་པའི་བདག་གི་སྒང་ལ་སླེབས་ཡོང་གི་ཡོད་པ་རེད། དེ་ལ་བསམ་བློ་གཏོང་རྒྱུ་འདུག ཅེས་སོགས་ནང་པ་སངས་རྒྱས་པ་དང་གྲང་ཅན་ལྷ་མེད་པ། གཅེར་བུ་བ་བཅས་ལས་གཞན་དག་ནི་འཇིག་རྟེན་བཀོད་པ་པོ་འདོད་མཁན་རེད་ཅེས་བཀའ་སྩལ་བ་དང་། 

དེ་བཞིན་མུ་མཐུད་དུ་བཀའ་སློབ་སྩལ་དོན། འཛམ་གླིང་གི་ཆོས་བརྒྱུད་གཙོ་ཆེ་བ་དག་ལོ་ཉིས་སྟོང་གི་གོང་ལ་དར་ཡོང་བའི་སྐབས་སུ་སྤྱི་ཚོགས་ཀྱི་གནས་སྟངས་དེ་ཞིང་བྲན་ལམ་ལུགས་དང་། ཚེ་གཡོག་ལྟ་བུ་ཡོད་པའི་སྤྱི་ཚོགས་ཤིག་རེད། དེར་བརྟེན་ཆོས་བརྒྱུད་ཀྱི་ནང་དུའང་གཙོ་བོ་ཆོས་འཛིན་སྐྱོང་བྱེད་མཁན་གྱི་ཚོགས་པ་སྐྱིད་སྡུག  བོད་ལ་ཆ་བཞག་ན་ཡང་སྲིད་ལམ་ལུགས་བྱུང་ནས་དེའི་ནང་བླ་བྲང་ཚུགས་ནས་ཆོས་གཞིས་བྱུང་བ་དང་། དེ་སྔ་བོད་ལ་གཞུང་སྒེར་ཆོས་གསུམ་ཟེར་བ་རེད། ཆོས་བརྒྱུད་སོ་སོར་དེ་ལྟར་བྱུང་བས་ཞིང་བྲན་ལམ་ལུགས་ཡང་འགོས་བསྡད་ཡོད་པ་ལྟ་བུ་འདུག མདོར་ན་ཏཱ་ལའི་བླ་མ་ཞེས་བརྗོད་པ་ཡིན་ནའང། ཏཱ་ལའི་བླ་མ་དགེ་འདུན་གྲུབ་པ་ནི་གྲྭ་བ་གྲྭ་རྐྱང་བྱས་ཕེབས་པ་རེད། དེ་ནས་དགེ་འདུན་རྒྱ་མཚོ་ནས་བླ་བྲང་ཆགས་ནས་ལྷག་པར་དུ་༸གོང་ས་ལྔ་བ་ཆེན་པོའི་སྐབས་སུ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་པ་ནས་འགྲོ་སྟངས་ཁ་ཤས་ཞིང་བྲན་ལམ་ལུགས་ཀྱི་འགྲོ་སྟངས་ཐོག་སླེབས་ཡོད་པ་རེད། དེར་བརྟེན་ཕྱི་ལོ་ ༢༠༡༡ ལོར་ངོས་ཆབ་སྲིད་ཀྱི་ལས་ཀ་གཙང་མ་བཞག་པ་དང་། ངོས་རང་བཞག་པ་ཙམ་དུ་མ་ཟད་མ་འོངས་པར་ཏཱ་ལའི་བླ་མ་གལ་སྲིད་ཡོང་པ་ཡིན་ནའང་ཆབ་སྲིད་ཀྱི་འགོ་ཁྲིད་ཡོང་གི་མ་རེད་ཅེས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ངོས་རང་དང་དུ་བླངས་ནས་སྤོབས་པ་ཆེན་པོའི་ཐོག་ནས་མཚམས་བཞག་པ་རེད། དེ་འཇོག་དགོས་པའི་རྒྱུ་མཚན་ནི་ཆོས་བརྒྱུད་ཀྱི་འགྲོ་སྟངས་ཁ་ཤས་ཞིང་བྲན་ལམ་ལུགས་ཀྱི་ཐོག་ནས་ཤུགས་རྐྱེན་ཐེབས་ཡོད་པ་ཞིག་རེད། ཞིང་བྲན་ལམ་ལུགས་དུས་ཚོད་རྫོགས་ཚར་བ་རེད། 

འཛམ་གླིང་ནང་དང་རྒྱ་གར་ལ་ཆ་བཞག་ནའང་ཞིང་བྲན་ལམ་ལུགས་ཁ་ཤས་ཡོད་པ་ལྟ་བུ་འདུག ང་ཚོས་ཆེད་དུ་གཉེར་ནས་འབད་བརྩོན་བྱས་ཏེ་དེ་དག་སེལ་དགོས་པ་དང་འགྱུར་བ་གཏོང་དགོས་པ་ཞིག་རེད་མ་གཏོགས་འཛིན་དགོས་པ་ཞིག་མ་རེད། ལྷག་པར་དུ་ཆོས་ཕྱོགས་ཀྱི་སྒྲིག་འཛུགས་སོགས་ཀྱིས་ཆོས་ཕྱོགས་ཀྱི་སྐད་ཆ་བཤད་དེ་རིགས་མཐོ་དམན་གྱི་སྐད་ཆའི་གྲས་དེ་ལ་འགྱུར་བ་གཏོང་དགོས་པ་རེད་ཅེས་ངོས་རང་རྟག་པར་ཤོད་ཀྱི་ཡོད། བཅོམ་ལྡན་འདས་རང་གིས་ཀྱང་རིགས་མི་གཙོ་རུས་མི་གཙོ་བསླབ་པ་གཙོ་བ་ཡིན་ཞེས་གསུངས་ཡོད་པ་རེད། ཅེས་སོགས་བཀའ་སློབ་སྩལ་རྗེས་སློབ་ཕྲུག་ཁྲོད་ཁག་ཅིག་གིས་སྐྱབས་འགྲོའི་དོན་ཇི་འདྲ་ཞིག་ལ་ཟེར་བ་དང་། ནང་པའི་ངོས་འཛིན་གྱི་སེམས་ཀྱི་རང་བཞིན་དང་སྔ་མོའི་ཚན་རིག་པ་ཨན་སི་ཐན་གྱིས་སེམས་ཀྱི་རང་བཞིན་རྩུབ་པོ་ཡིན་ཞེས་བརྗོད་པའི་དབར་ལ་དགོངས་ཚུལ་ཅི་ཡོད། སོགས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་རྗེས་ཆུ་ཚོད་༡༡།༣༠ ཙམ་ཉིན་དང་པོའི་ནང་ཆོས་ངོ་སྤྲོད་གནང་སྒོ་མཇུག་ལེགས་པར་གྲུབ་པ་དང་། ཕྱི་ལོ་ ༢༠༡༧ ལོའི་བོད་རིགས་གཞོན་སྐྱེས་རྣམ་པར་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གཙོས་ཤེས་རིག་བཀའ་བློན་མཆོག་དང་། བཀའ་ཟུར་ཁག་ཅིག རྣམ་གྲྭ་མཁན་ལས་ཟུར་གྱིས་གཙོས་བླ་སྤྲུལ་དགེ་བཤེས། དགེ་འདུན་པ། སློབ་ཕྲུག་སོགས་ཕེབས་ཡོད་པ་དང་། དེ་ནང་ཐོ་འགོད་བྱས་པའི་སློབ་ཕྲུག་ཁྱོན་ ༢༨༠༠ ཕེབས་ཡོད་པ་དེ་དག་ནི་རྒྱ་གར་གཙོས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མ་འདྲ་བ་ ༧༡ ནས་ཕེབས་ཡོད་པ་བཅས། །