བདེ་སྡུག་གི་ཚོར་བ་བསམ་བློའི་ཁྱེར་སོ་བརྟན་མིན་ལ་རག་ལས་ཡོད།

མདུན་ངོས། / བདེ་སྡུག་གི་ཚོར་བ་བསམ་བློའི་ཁྱེར་སོ་བརྟན་མིན་ལ་རག་ལས་ཡོད།

བདེ་སྡུག་གི་ཚོར་བ་བསམ་བློའི་ཁྱེར་སོ་བརྟན་མིན་ལ་རག་ལས་ཡོད།

མི་འགའ་ཤས་ཀྱིས་ནང་ཆོས་འདི་སེམས་ཀྱི་ཚན་རིག་ཅིག་རེད་ཅེས་བརྗོད་ཀྱི་ཡོད།   མི་སུ་འདྲ་ཞིག་ཡིན་ཀྱང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་ནའང་མཐའ་སྐོར་ལ་ཡོད་པའི་རྙོག་དྲ་དང་གྲ་མ་འགྲིག་པ་ཕལ་ཆེ་བ་ཉོན་མོངས་མི་དགེ་བའི་སེམས་ཚུལ་མིན་ཡིད་བྱེད་ཀྱིས་སྒྲོ་བཏགས་ནས་བཟོས་དང་བཟོ་བཞིན་པར་མ་ཟད། རང་རང་སོ་སོའི་བསམ་བློའི་འཁྱེར་སོ་ལ་ཉམས་ཞིབ་བྱས་ན་དེ་དག་གིས་སེམས་རྒྱུད་མ་ཞི་བར་བྱས་ཏེ་བཟོད་མི་ཐུབ་པ་ཞིག་ཡོད་པ་མཐོང་ཐུབ། དེར་བརྟེན་སེམས་བརྟན་པོ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱས་ནས། ཕྱོགས་སུ་མ་ལྷུང་བའི་སེམས་ཤིག་ཡོང་བ་བྱེད་དགོས།  མི་ཚང་མས་ནད་ན་ཚ་མེད་ཅིང་གཟུགས་པོ་བདེ་ཐང་ཡོང་བར་འདོད་པ་ལས། ནད་ན་ཚ་འདོད་མཁན་སུ་ཡང་མེད།  དངོས་ཡོད་གནས་ཚུལ་ལ་མི་རྣམས་གཟུགས་པོའི་འཕྲོད་སྟེན་ཡག་པོ་དང་བདེ་ཐང་ཡོང་བ་འདོད་ཀྱི་ཡོད། དེ་ཡོང་བའི་ཐབས་ལམ་གལ་ཆེ་ཤོས་ནི་རྒྱུན་དུ་སེམས་བག་ཕེབས་པོར་གནས་དགོས། འཕྲོད་བསྟེན་ཡག་པོ་ཡོང་བར་སེམས་ལ་སྦྱོང་བརྡར་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། འཕྲོད་བསྟེན་ཡག་པོ་དང་སེམས་ལྷིང་འཇགས་ཡོད་ན་དེས་མི་ཚེ་ཡག་པོ་དང་བདེ་སྐྱིད་ལྡན་པ། མ་འོངས་པའི་མདུན་ལམ་བཅས་ལ་ཕན་ཐོགས་ངེས་ཅན་ཡོད།  དུས་རྒྱུན་དུ་སེམས་ལ་བྱ་ར་དང༌། སྟངས་འཛིན་བྱས་ཏེ་མི་དགེ་བ་དང་།   ཉོན་མོངས་པའི་སེམས་དེ་དག་མེད་པ་བཟོ་བ་དང༌། དགེ་བའི་སེམས་ཡར་རྒྱས་ཆེན་པོ་གཏོང་བ་ལ་ངེས་པར་འབད་བརྩོན་བྱེད་དགོས་ངེས་ཡིན།  

མི་ཞིག་རྙོག་དྲ་དང་རྐྱེན་ངན་རུ་འཛིང་བའི་ཁོར་ཡུག་ཅིག་ཏུ་གནས་ཀྱང༌། ཁོའི་བསམ་བློའི་འཁྱེར་སོ་བརྟན་པོ་དང་ལྷིང་འཇགས་ཡོད་ན། རྙོག་དྲ་དེ་དག་གིས་ཁོ་ལ་སུན་སྣང་བཟོ་བའི་རྐྱེན་དེ་ཙམ་བྱེད་མི་ཐུབ། གལ་སྲིད་མི་དེའི་ནང་བསམ་བློ་བརྟན་པོ་དང༌། བློའི་འཁྱེར་སོ་ཡག་པོ་ཞིག་མེད་ན་ཁོའི་ཁོར་ཡུག་ལ་འཆམ་མཐུན་གྱི་གྲོགས་པོ་དང༌། ཕྱིའི་མཐུན་རྐྱེན་ཇི་ཙམ་ཡག་པོ་ཡོད་ཀྱང་མི་དེར་སྐྱིད་པོ་དང་ཞི་བདེ་ཡོང་མི་ཐུབ། དེར་བརྟེན་བསམ་བློ་ཡར་རྒྱས་གཏོང་རྒྱུ་ནི་དགོས་ངེས་ཅན་ཡིན་ཞིང༌། དེ་དག་ཆོས་ལུགས་ཀྱི་གནད་དོན་ལྟ་བུར་བརྩིས་ཏེ་འཇོག་རྒྱུ་ཡོད་པ་མ་རེད་ཅེས་བརྗོད་པའི་རྒྱུ་མཚན་ཡང་འདི་ཡིན། 

 

ཉིན་རེའི་འཚོ་བའི་ནང་གི་བསམ་བློ་སྦྱོང་བརྡར།

བསམ་བློར་སྦྱོང་བརྡར་བྱེད་པའི་ཐབས་ལམ་ཁ་ཤས་ནི་མི་ཚང་མའི་ཉིན་རེའི་འཚོ་བའི་བྱེད་སྒོའི་ཆ་ཤས་ཤིག་ཡིན་དགོས། སེམས་ལ་ཁ་དོག་དང་གཟུགས་མེད་པར་བརྟེན་ངོས་འཛིན་བྱེད་དཀའ་ནའང་སེམས་ནི་དབང་ཤུགས་ཆེན་པོ་ཞིག་ཡིན། མཚམས་རེར་སེམས་འདུལ་རྒྱུ་དང༌། བསྒྱུར་བཅོས། སྟངས་འཛིན་བྱེད་རྒྱུ་སོགས་ཁག་པོ་ལྟ་བུར་སྣང་གི་རེད། ངོས་ཀྱི་བསམ་པར་དེ་ལྟར་བྱེད་ཐུབ་པ་ལ་ཕལ་ཆེར་དུས་ཚོད་དང༌། སྙིང་སྟོབས། འདུན་པ། རྣམ་དཔྱོད་བཅས་ལ་བརྟེན་དགོས་པ་རེད་སྙམ། གལ་ཏེ་ང་ཚོ་ལ་སྙིང་སྟོབས་དང༌། གནས་ལུགས་ཤེས་པའི་རྣམ་དཔྱོད་ཀྱི་ཤེས་རབ་བཅས་ཡོད་ན། ཤེས་རབ་དེས་ཡུལ་གྱི་གནས་སྟངས་ཤེས་པ་དང༌། དེ་ལ་བརྟེན་ནས་སེམས་ལ་སྦྱོང་བརྡར་བྱེད་ལུགས་ཅི་འདྲ་ཡིན་པ་ཤེས་ཐུབ། དེ་ལྟར་རྒྱུན་བསྲིངས་པའི་བརྒྱུད་རིམ་ནང་ང་རང་ཚོའི་སེམས་ལ་བསྒྱུར་བཅོས་བཏང་སྟེ་ཡར་རྒྱས་འགྲོ་ཐུབ།  

དཔེར་ན། ངའི་ཕ་མ་ལ་ཆ་བཞག་ན་ངའི་ཨ་མ་ལགས་ཧ་ཅང་གི་བཟོད་སྒོམ་གྱི་རང་བཞིན་བཟང་པོ་ཡོད་མཁན་ཞིག་དང༌། ངའི་སྐྱེད་བྱེད་དེ་ལས་ལྡོག་སྟེ་ཧ་ཅང་གི་སྤྲོ་ཐུང་ཐུང་ཞིག་ཡོད། ངོས་ཀྱི་མི་ཚེའི་སྟོད་ལ་སྐྱེད་བྱེད་དང་སེམས་ཐག་ཉེ་བོ་ཡོད་པའི་དབང་གིས། ང་ཡང་ཁོང་ཁྲོ་སྐྱེ་སླ་པོ་ཡོད་པ་དང༌། མི་ཚེའི་སྨད་ཀྱི་ཆར་སྐྱེད་མ་དང་སེམས་ཐག་ཉེ་བོ་ཡོད་པའི་དབང་གིས་ང་ཡང་སེམས་ཞི་འཇམ་ཆེ་བ་ཡོད། དེ་ནི་ངས་ཁོང་གཉིས་ཀྱི་རྩ་ནས་ཤེས་པ་རེད། བོད་མིའི་བཤད་སྲོལ་ལྟར་བྱས་པ་ཡིན་ན། ཨ་མདོའི་ཕྱོགས་ནས་ཡོང་བའི་མི་རྣམས་ཁོང་ཁྲོ་ཚ་པོ་དང༌། ཁ་རུ་ཁ་ཐུག་ཚ་པོ་ཡོད་པར་ངོས་འཛིན་བྱེད་ཅིང༌། ངོས་རང་ཨ་མདོའི་ཕྱོགས་ནས་ཡོང་བའི་མི་ཞིག་ཡིན་སྟབས་ངའི་ཁོང་ཁྲོ་ལ་དེ་ལུགས་ཀྱི་དམིགས་བསལ་བཏང་ཆོག ཁོང་ཁྲོའི་སྐྱོན་དང༌། མི་གཞན་གྱི་ཉམས་མྱོང་གི་རིགས་ལ་ཉམས་ཞིབ་བྱས་པའི་ཐོག་ནས་རང་གི་སེམས་ལ་སྦྱོང་བརྡར་བྱེད་རྒྱུ་དང༌། རྒྱལ་རབས་ལོ་རྒྱུས་ལ་བལྟ་རྒྱུ་དེ་ནི་ཕན་ཐོགས་ཆེན་པོ་ཡོད། 

        

གཞན་ཕན་གྱི་ལྟ་བ་ཇི་ལྟར་གཅེས་འཛིན་དང་སྲུང་ཐབས།

འགྲོ་བ་མིའི་གོད་ཆག་བྱུང་རིམ་ལ་བལྟས་ན་དེ་དག་ཕལ་ཆེ་བ་མིའི་ཀུན་སྤྱོད་མ་རུངས་པ་དང་ཉོན་མོངས་པའི་སེམས་དཔེར་ན། ཁོང་ཁྲོ་དང༌། ཞེ་སྡང༌། ཕྲག་དོག འདོད་རྔམས་བཅས་ཀྱི་མཇུག་འབྲས་ཡིན་པ་གསལ་པོ་ཡིན། ལེགས་པའི་ཕྱོགས་དང་མི་ཚེ་སྐྱིད་པོ་ཉམས་སུ་མྱོང་བ་འདི་དག་ཚང་མ། ཀུན་སློང་ཡང་དག་པས་མི་གཞན་གྱི་ཐོབ་ཐང་ལ་བརྩི་བཀུར་དང༌། མི་གཞན་གྱི་བདེ་སྐྱིད་ལ་བསམ་ཤེས། སྙིང་རྗེ་དང་བྱམས་བརྩེ་བཅས་ཀྱིས་ཀུན་ནས་བསླངས་པ་ལས་བྱུང་བ་ཡིན། འདས་པའི་འགྲོ་བ་མིའི་ཉམས་མྱོང་དང་དུས་སྐབས་སོ་སོའི་ཉིན་རེའི་བྱེད་སྒོ་བཅས་ལ་ཡང་དག་པའི་བརྩད་ཞིབ་མཐིལ་ཕྱིན་པ་བྱེད་རྒྱུ་ནི། འབྱུང་འགྱུར་གྱི་ཡར་རྒྱས་དང་བསྒྱུར་བཅོས་གཏོང་རྒྱུར་དགོས་ངེས་ཅན་ཡིན་པ་དང༌། ང་ཚོ་འགྲོ་བ་མི་ཚང་མ་བདེ་བ་འདོད་པ་གཅིག་མཚུངས་ཡིན་སྟབས་སེམས་ལ་སྦྱོང་བརྡར་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་ཡིན། གཞན་ཕན་གྱི་ལྟ་བ་འདི་ཧ་ཅང་གལ་ཆེན་པོ་ཡིན། ཉིན་རེའི་འཚོ་བའི་ནང་དཀའ་ངལ་འཕྲད་དུས་དེ་ལ་དངོས་སུ་གདོང་ལེན་བྱེད་སྐབས་གཞན་ཕན་གྱི་ལྟ་བ་ཇི་ལྟར་གཅེས་འཛིན་དང་བསྲུང་ཐབས་བྱེད་དགོས།  འགྲོ་བ་མི་ཙམ་དུ་མ་ཟད་དུད་འགྲོ་སེམས་ཅན་དང་བཅས་པའི་སྤྱི་ཚོགས་དེ་དང་དེའི་འཚོ་བའི་རྨང་གཞི་ནི་བྱམས་བརྩེ་ཡིན། ང་ཚོ་ཨ་མའི་མངལ་དུ་ཡོད་པའི་སྐབས་ཨ་མའི་སེམས་ཀྱི་བརྟན་ཆ་དང༌། ཞི་བདེ་བཅས་ནི་མངལ་དུ་ཡོད་པའི་ཕྲུ་གུ་དེ་དང་དེ་འཚར་ལོངས་ཡོང་བ་ལ་ཧ་ཅང་གལ་འགངས་ཆེན་པོ་ཡིན། དེས་མ་ཚད་ཕྲུ་གུ་སྐྱེས་ནས་བདུན་ཕྲག་ཁ་ཤས་ཀྱི་དུས་ཡུན་ནི། ཕྲུ་གུའི་ཀླད་པ་ཡར་རྒྱས་སུ་འགྲོ་བའི་དུས་ཚོད་ཧ་ཅང་གལ་ཆེན་པོ་ཡིན་ཞིང༌། དེའི་རིང་ཕྲུ་གུ་ཨ་མའི་གཟུགས་པོ་དང་སྦྱར་ནས་ཉར་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེས་ཕྱིའི་གཟུགས་པོའི་གནས་བབ་ཉིད་ཀྱང་གཞན་གྱི་དྲོད་དང་བྱམས་བརྩེ་ལ་ལྟོས་དགོས་པ་སྟོན་གྱི་ཡོད། མིའི་ཕྲུ་གུ་ཚོ་སྐྱེས་ནས་བྱ་བའི་ཐོག་མ་ནི་ཨ་མའི་ནུ་མ་ནུ་རྒྱུ་དེ་ཡིན་ཅིང༌། ནུ་མ་ནུས་ནས་འོ་མ་ཁ་ནང་ལ་སླེབས་པ་ནི་ཁོང་ཁྲོ་དང་མི་དགེ་བའི་ཚོར་བ་ལས་བྱུང་བ་མིན། སྐབས་དེའི་ཕྲུ་གུའི་སེམས་གསལ་བོ་མེད་པར་མ་ཟད། ཐ་ན་རང་གི་ཨ་མ་ཅི་འདྲ་ཞིག་ཡོད་པའི་གསལ་སྣང་ཙམ་ཡང་མེད། འོན་ཀྱང་ཨ་མ་ལ་སེམས་ཐག་ཉེ་པོའི་ཚོར་བ་ཏན་ཏན་གྲུབ་ཟིན་ཡོད། གང་ལྟར་ཨ་མའི་སེམས་ནང་ཕྲུ་གུ་དེ་ལ་ཁོང་ཁྲོ་དང༌། མི་དགའ་བའི་སེམས་གང་ཞིག་གི་ཚོར་སྣང་ཡོད་ཚེ་འོ་མ་འབབ་ཁག་པོ་ཡིན། ཕྲུ་གུ་ལ་དགོས་ངེས་ཀྱི་འོ་མ་འབབ་པ་དེ། ཨ་མའི་ངོས་ནས་ཕྲུ་གུ་ལ་བརྩེ་བ་གཏིང་ཟབ་དང༌། དགའ་གཅེས་ཀྱི་ཚོར་བ་ཟབ་མོ་ཡོད་པའི་སྟབས་ཀྱིས་ཡིན།  ཕྲུ་གུའི་ངོས་ནས་འོ་མའི་ཆེད་དུ་རང་གི་ཨ་མའི་ཕྱོགས་སུ་ཁ་བསྒྱུར་བ་ནི་ང་ཚོ་འགྲོ་བ་མི་རྣམས་ཀྱི་བྱ་བའི་ཐོག་མ་ཡིན། ང་རང་ཚོ་སྐྱེས་རྗེས་ཀྱི་ཟླ་བ་ཁ་ཤས་དང་ལོ་ཁ་ཤས་རིང་གཙོ་བོ་ཕ་མ་དང༌། དེ་མིན་ལྟ་རྟོག་བྱེད་མཁན་གྱི་མི་རྣམས་ལ་ལྟོས་ཚབས་ཧ་ཅང་ཆེ་ཞིང༌། སྤྱིར་བཏང་ཁོང་ཚོའི་བྱམས་བརྩེ་དང་འགན་ལེན་མེད་ན་ཕྲུ་གུ་དེ་འཚོ་གནས་ཡོང་མི་ཐུབ། ཕྱོགས་གཞན་ཞིག་ནས་སློབ་ཕྲུག་གི་གནས་སྐབས་སུ་དགེ་རྒན་གྱི་ངོས་ནས་བརྩེ་བ་དང༌། སེམས་ཐག་ཉེ་པོ་ཡོད་ན་སློབ་ཁྲིད་ཡག་པོ་ཡོང་རྒྱུ་དང༌། སེམས་ནང་ལ་དགེ་རྒན་དང་སློབ་ཚན་གྱིས་བག་ཆགས་བཟང་པོ་ཞིག་ཡུན་རིང་འཇོག་གི་ཡོད། དཔེར་ན། ང་ཚོ་སྨན་པའི་སར་འགྲོ་འདོད་མེད་ཀྱང་ཡང་ཡང་འགྲོ་དགོས་ཀྱི་ཡོད། ནམ་རྒྱུན་སྨན་པ་མཁས་པ་ཞིག་ཡོད་ཀྱང་ཁོའི་གདོང་ལ་འཛུམ་མདངས་མེད་པའམ། བཞིན་བསྡུས་ནས་བསྡད་ཡོད་ན་ང་ཚོའི་སེམས་ལ་རང་བཞིན་གྱིས་མི་བདེ་བ་ཡོང་བ་དང༌། དེ་ལྟར་མིན་པར་སྨན་པ་དེས་ང་ཚོའི་འཕྲོད་བསྟེན་ལ་ལྷད་མེད་ཀྱི་བརྩེ་བ་དང་སེམས་འཁུར་བླངས་ན་ང་ཚོར་ཡང་བདེ་བའི་ཚོར་སྣང་ཞིག་ངང་གིས་ཡོང་གི་ཡོད། 

 

བདེ་སྐྱིད་ནི་མཉམ་འབྲེལ་ལྟོས་གྲུབ་ཀྱི་ཆོས་ཉིད་དང་ཁ་འབྲལ་ཐབས་མེད།

ང་ཚོ་རྒན་འཁོགས་ཆགས་པའི་སྐབས་སུའང་ད་དུང་མི་གཞན་གྱི་བརྩེ་བ་དང་། བྱམས་བརྩེའི་གསོ་སྐྱོང་ལ་ཤུགས་ཆེན་པོས་བརྟེན་དགོས་པ་ནི་འགྲོ་བ་མིའི་རང་བཞིན་ཞིག་ཡིན། འགྲོ་བ་མི་རྣམས་སྤྱི་ཚོགས་ལ་བརྟེན་ནས་གནས་པ་ཞིག་ཡིན་སྟབས། རང་ཉིད་འཚོ་གནས་ཐུབ་པ་ལ་ཕན་ཚུན་ལྟོས་ཚབས་ཆེན་པོ་ཡོད། ཐ་ན་དུད་འགྲོ་དང་འབུ་སྲིན་སོགས་སེམས་ཅན་ཆུང་བའི་རིགས་གྲོག་མ་དང༌། སྦྲང་བུ་ཚུན་ཆད་ལ་རང་བཞིན་གྱིས་སྤྱི་ཚོགས་ཀྱི་གནས་སྟངས་ཤིག་གྲུབ་ཡོད། དེས་ན་ཁོ་ཚོར་ཁུར་མཉམ་ལེན་དང་གཅིག་རྗེས་གཉིས་མཐུད་ཀྱི་ལས་རོགས་བྱེད་རྒྱུའི་ཚོར་སྣང་ཧ་ཅང་ཤུགས་ཆེན་པོ་ཞིག་ཡོད། ང་ཚོས་སྦྲང་བུ་དེ་ཚོར་ཞིབ་ཏུ་བལྟས་ན། ཁོ་ཚོར་ཆོས་ལུགས་དང༌། རྩ་ཁྲིམས། ཁྲིམས་ལུགས་སོགས་གང་ཡང་མེད་ཀྱང༌། གཞི་རྩའི་ཐོག་མཉམ་མཐུན་གྱིས་ལས་ཀ་བྱེད་ཀྱི་ཡོད་པ་མཐོང་གསལ་ཡིན། དེ་ནི་ཁོ་ཚོའི་རང་བཞིན་གྱི་གནས་སྟངས་དང༌། འཚོ་གནས་ཀྱི་དགོས་མཁོ་ལ་གཞིགས་ནས་མཉམ་མཐུན་གྱི་ལས་ཀ་བྱེད་དགོས་པ་ཞིག་རང་ཤུགས་ཀྱིས་བྱུང་བ་དང༌། གལ་སྲིད་དེ་ལྟར་མ་བྱས་ཚེ་འཚོ་གནས་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན།

ང་ཚོ་འགྲོ་བ་མི་རྣམས་ནི་འབུ་སྲིན་སྲོག་ཆགས་ཆུང་ཆུང་དེ་དག་དང་མི་འདྲ་བར་གྲལ་རིམ་མཐོ་བའི་སྤྱི་ཚོགས་ཤིག་ཡིན་པར་ཤོད་ཀྱི་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་ང་ཚོས་སྐབས་རེར་སེམས་ཅན་སྲོག་ཆགས་ཆུང་ཆུང་དེ་ཚོའི་བྱེད་སྟངས་ལས་ཀྱང་ཐབས་རྡུགས་ཀྱི་ལས་ཀ་མང་པོ་བྱེད་ཀྱི་ཡོད། གཞི་རྩའི་གནས་སྟངས་ཐད་ང་ཚོ་འགྲོ་བ་མི་ཚང་མ་མཉམ་དུ་འཚོ་གནས་བྱེད་དགོས་པ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ཡིན་པས། ལས་ཀ་མཉམ་དུ་བྱེད་དགོས་པ་ཞིག་རང་བཞིན་གྱིས་ཡོང་གི་ཡོད། འདི་ནི་བྱེད་པ་པོ་སུས་ཀྱང་བཟོས་པ་མིན་པར་རང་བཞིན་གྱིས་བྱུང་བའི་སྡོམ་ཁྲིམས་ཤིག་ཡིན། ཡིན་ནའང་མཚམས་རེར་ང་ཚོས་གནས་ཚུལ་དེ་ལས་ཡོངས་སུ་ལྡོག་པའི་བྱ་བ་བྱེད་ཀྱི་ཡོད། འཛམ་བུ་གླིང་དང་། གཟའ་སྐར། འཇིག་རྟེན་ཆ་ཚང་གནས་ཐུབ་པ་ནི་དེ་ཚོའི་མཉམ་འབྲེལ་གྱི་བྱེད་ལས་ལ་བལྟོས་པ་ཡིན། མིའི་གཟུགས་པོའི་ཆ་ཤས་རྣམས་ཚོགས་ནས་མཉམ་དུ་ལས་ཀ་བྱས་པ་དེས་ང་ཚོའི་ལས་ཀའི་བྱེད་སྒོ་གནད་དུ་འཁེལ་བ་ཞིག་ཡོང་བ་དང༌། ང་ཚོ་འཚོ་གནས་ཐུབ་པ་ཡང༌། ང་ཚོའི་གཟུགས་པོའི་ཆ་ཤས་ཚོགས་པའི་མཉམ་འབྲེལ་ལ་བལྟོས་པ་ཡིན།

དཔེར་ན། འགྲོ་བ་མིའི་ཁྱིམ་ཚང་ལ་ཆ་བཞག་ན་མཉམ་རུབ་དང༌།ཕན་ཚུན་བསམ་ཤེས་མེད་པའི་ཉེར་ལེན་གྱིས་དཔེར་ན། དུས་རྒྱུན་ཕ་མ་དང་ཕྲུ་གུའི་དབར་དང༌། བཟའ་ཚང་དབར་འཁྲུག་རྩོད་ཡོང་བ་དེ་དང་གཅིག་མཚུངས་ཡིན། དེའི་རྗེས་འབྲས་ལ་བཟའ་ཚང་ཁ་བྲལ་འགྲོ་བ་དང་། ཁྱིམ་ཚང་ནང་ཞི་བདེ་དང་བདེ་སྐྱིད་མེད་པར་སྡོད་དགོས་ཀྱི་ཡོད། དེ་ལྟ་བུའི་གནས་ཚུལ་བྱུང་ཚེ་གཉེན་སྒྲིག་བྱས་པར་དོན་འབྲས་མ་བྱུང་བ་ཡིན། དེར་བརྟེན་མཉམ་མཐུན་ནི་ཁྱིམ་ཚང་དང༌། ལུང་པ། སྤྱི་ཚོགས། རྒྱལ་ཁབ་སོགས་གང་ལའང་ངེས་པར་དགོས་པ་ཡིན། མཉམ་མཐུན་ཡར་རྒྱས་ཡོང་བ་ནི་བཙན་དབང་བཤད་དེ་ཡོང་ཐབས་མེད། འོ་ན་ཐབས་གཞན་ཇི་ལྟར་ཡོད་ཅེ་ན། གཞན་ཕན་གྱི་ལྟ་བ་དང༌། གཞན་གྱི་ཐོབ་ཐང༌། གཞན་གྱི་བདེ་དོན་ལ་སེམས་འཁུར་གྱི་རྣམ་པ་བསྟན་ཏེ་ནང་སེམས་ལ་གཡོ་འགུལ་ཐེབས་པའི་ཐོག་ནས་ཡོང་དགོས། དེ་དག་ནི་ཆོས་ཕྱོགས་ཀྱི་ལྟ་སྟངས་གཞིར་བཞག་གིས་རྩ་ཆེན་པོར་བརྩི་དགོས་པ་མིན། གང་ཡིན་ཞེ་ན། སོ་སོ་རང་ཉིད་དེ་དག་ལ་བརྟེན་དགོས་པ་ལྟར་རང་གི་ཁེ་ཕན་ཆགས་ཡོད། དཔེར་ན། རང་ཉིད་ཀྱིས་མི་གཞན་ལ་སེམས་འཁུར་བྱེད་པ་དང༌། ལྷད་མེད་ཀྱི་གྲོགས་པོའི་རྣམ་འགྱུར་བསྟན་ན་ཕར་ཕྱོགས་ཀྱི་ངོས་ནས་ཀྱང་ཚུར་དེ་དང་འཚམས་པའི་རྣམ་འགྱུར་སྟོན་ངེས་ཡིན། 

 

འཛུམ་མདངས་ནི་ཕན་ཚུན་འབྲེལ་བ་བྱེད་པའི་ཚུལ་མཐུན་གྱི་ལམ་ཡང་དག་པ་ཞིག་ཡིན།

ངོས་རང་དུས་རྒྱུན་གད་མོ་དགོད་རྒྱུ་དང་སྐྱིད་ཉམས་སྟོན་རྒྱུར་དགའ་པོ་ཡོད། གལ་སྲིད་སོ་སོའི་མི་ཚེའི་ནང་ལ་འཛུམ་མདངས་འདོད་ཀྱི་ཡོད་ཚེ། དེ་ལྟར་ཡོང་བའི་ཆ་རྐྱེན་སོ་སོའི་ངོས་ནས་བསྐྲུན་དགོས། འཛུམ་མདངས་ལའང་འདྲ་མིན་སྣ་ཚོགས་ཡོད།  དཔེར་ན། དཔོན་རིགས་ཁ་ཤས་ཕན་ཚུན་ཐུག་འཕྲད་སྐབས་བཅོས་མའི་འཛུམ་མདངས་དང༌། ཁྲེལ་འཛུམ་སྟོན་པ་དེ་རིགས་ལ་དོགས་ཟོན་བྱེད་དགོས་པ་ཡིན། དེ་ལས་ལྡོག་སྟེ་བཅོས་མིན་ལྷག་བསམ་གྱི་འཛུམ་མདངས་ཀྱིས་ང་ཚོའི་སེམས་ལ་ཡིད་ཚིམ་པའི་ཚོར་སྣང་ཤུགས་ཆེ་ཡོང་གི་ཡོད། འོ་ན། འཛུམ་མདངས་དེ་གང་ལ་བརྟེན་ནས་ཡོང་གི་ཡོད་ཅེ་ན་དེ་ནི་ཁོང་ཁྲོ་དང༌། ཞེ་སྡང།  ཕྲག་དོག འདོད་རྔམས་སོགས་ལ་བརྟེན་པ་མ་ཡིན་པར། སེམས་གུ་ཡངས་པོ་དང༌། དྲང་བདེན། བྱམས་བརྩེ་བཅས་ལ་བརྟེན་ནས་ཡོང་བ་ཡིན། གལ་སྲིད་སོ་སོའི་ཀུན་སློང་ལྷག་བསམ་རྣམ་དག་ཡིན་ན་སྦས་སྐུངས་བྱེད་དགོས་དོན་མེད་ཅིང༌། ཕ་རོལ་པོའི་ངོས་ནས་ཀྱང་དེ་ལྟར་གུ་ཡངས་ཀྱི་རྣམ་འགྱུར་སྟོན་གྱི་རེད། འདི་ནི་ཁ་ཙམ་མིན་པར་དངོས་ཡོད་གནས་ཚུལ་དང་འཚམས་པའི་འགྲོ་བ་མི་ཕན་ཚུན་འབྲེལ་བ་བྱེད་པའི་ཚུལ་མཐུན་གྱི་ལམ་ཡང་དག་པ་ཞིག་ཡིན། ངོས་རང་གི་ཉམས་མྱོང་ནས་དཔེ་མཚོན་ཞིག་ཞུས་ན། སྐབས་རེར་ངས་ཕར་ཕྱོགས་ཀྱི་མི་དེའི་སྐད་ཡིག་མི་ཤེས་ཀྱང་ལྷག་པའི་བསམ་པར་བརྟེན་ནས་འབྲེལ་བ་བྱེད་ཐུབ་ཀྱི་འདུག ཡང་མཚམས་རེར་གནད་དོན་ཇི་བཞིན་མ་རྟོགས་པས་དྲང་པོར་བཤད་ཀྱང་དཀའ་ལས་ཁག་པོ་ཡོང་གི་འདུག མི་གང་ཞིག་ལ་དབང་ཆ་རག་པའི་ཚེ་མི་གཞན་མང་པོ་ཞིག་དེའི་འཁོར་ཕྱོགས་སུ་འགྲོ་བཞིན་ཡོད་པ་ལྟར། ངའི་བསམ་པར་ད་ལྟའི་ཆར་ང་ལ་ཞི་བདེའི་གཟེངས་རྟགས་རག་སྟབས་ང་ལའང་གྲོགས་པོ་མང་པོ་ཞིག་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། འོན་ཀྱང་གྲོགས་པོ་དེ་ཚོ་གྲོགས་པོ་ཚད་ཐུབ་ཅིག་ཡིན་པར་བསམ་གྱི་མེད། སྤྱིར་ན་མི་སྐད་གྲགས་ཆེན་པོ་དང༌། དབང་དང་རྒྱུ་ནོར་ལོངས་སྤྱོད་ཆེན་པོ་ཡོད་པ་དེ་ཚོ་ལ་གྲོགས་པོ་མང་པོ་ཡོང་གི་ཡོད། དངོས་ཡོད་གནས་ཚུལ་ལ་དེ་དག་ནི་གྲོགས་པོ་བློས་ཐུབ་དང་བདེན་ཐུབ་ཅིག་མིན་ཞིང་། ཁོང་ཚོ་མི་དེའི་རྒྱུ་ནོར་དང་དབང་ཆས་ཡིད་དབང་འཕྲོག་ནས་གྲོགས་པོ་བྱས་པ་ཞིག་ཡིན། དེས་ན་ཉིན་གཅིག་མི་དེའི་རྒྱུ་ནོར་ལོངས་སྤྱོད་དང་དབང་ཆ་མེད་པ་ཆགས་ན་ཉིན་དེར་གྲོགས་པོ་དེ་ཚོའང་མེད་པ་ཆགས་རྒྱུ་ཡིན་སྟབས། ངས་དེ་འདྲའི་གྲོགས་པོ་ནི་ཡང་དག་པའི་གྲོགས་པོ་ཞིག་ཡིན་པར་བརྩི་ཡི་མེད། 

 

བློས་ཐུབ་ཀྱི་གྲོགས་པོ་ནི་རྒྱུ་ནོར་དབང་ཐང་གི་འཕེལ་འགྲིབ་ལ་ལྟོས་པ་མེད།

འོ་ན་བདེན་ཐུབ་ཀྱི་གྲོགས་པོ་གང་འདྲ་ཞིག་དགོས་ཤེ་ན། ལྷད་མེད་དང་སེམས་ཐག་ཉེ་བོའི་འདུ་ཤེས་ཀྱིས་ཕན་ཚུན་བསམ་ཚུལ་སྤེལ་རེས་དང༌། རྒྱུ་ནོར་དབང་ཐང་གི་འཕེལ་འགྲིབ་ལ་མ་ལྟོས་པར་གྲོགས་པོའི་འབྲེལ་བ་མུ་མཐུད་རྒྱུན་འཛིན་བྱེད་མཁན་ཞིག་དགོས་པ་ཡིན། དེ་ལྟར་གཞན་གྱི་གནས་སྟངས་ལ་སེམས་འཁུར་བྱེད་པ་ནི་དགེ་བའི་ཡོན་ཏན་ཆེན་པོ་ཞིག་ཡིན་མོད། དེའི་མཐར་ཐུག་གི་དམིགས་ཡུལ་ནི་རང་ཉིད་སྒེར་གྱི་བདག་དབང་དང༌། ཁེ་ཕན་ལ་འབྲེལ་བ་ཡོད་སྟབས་དེ་ནི་རང་གཅེས་འཛིན་རེད། ངོས་དུས་རྒྱུན་གྲོགས་པོ་ཚོར་རང་གཅེས་འཛིན་བྱེད་ན་རྣམ་དཔྱོད་དང་ལྡན་པའི་རང་གཅེས་འཛིན་བྱེད་དགོས་ཞེས་ཤོད་ཀྱི་ཡོད། གལ་སྲིད་ང་ཚོར་ལྷག་བསམ་ཟོལ་མེད་ཀྱི་བསམ་བློ་ཞིག་ཡོད་ན་བློས་ཐུབ་ཀྱི་གྲོགས་པོ་རག་རྒྱུ་དང༌། དེ་ལ་བརྟེན་ནས་ཁེ་ཕན་ཆེན་པོ་ཐོབ་ཐུབ། གལ་ཏེ་མི་གཞན་སྣང་མེད་ལ་ཤོར་བའམ། ཡང་ན་གཞན་གྱི་བདེ་དོན་དང༌། གཞན་གྱི་གནས་སྟངས་ལ་བསམ་བློ་གཏོང་རྒྱུ་བརྗེད་དེ་རང་གཅིག་པུའི་ཁེ་ཕན་ལ་བསམ་བློ་བཏང་ན་མཐར་རང་ལ་གྱོང་རག་རྒྱུ་ཡིན། དེར་བརྟེན་འགྲོ་བ་མིའི་སྤྱི་ཚོགས་ཀྱི་རྨང་གཞིར་གཞན་ཕན་གྱི་ལྟ་བ་དང༌། སྙིང་རྗེ་གཞི་ལ་བཞག་པའི་འགན་ལེན་གྱི་ཚོར་སྣང་ཟབ་མོ་ཞིག་ཡོད་དགོས། བདེ་བ་མཐར་ཐུག་པ་འབྱུང་བའི་རྒྱུ་ནི་གཞན་ཕན་གྱི་བསམ་པ་ཡིན། 

 

མཐའ་འཁྱོལ་གྲུབ་འབྲས་ཀྱི་འབྱུང་ཁུངས་ཀྱང་གཞན་ཕན་གྱི་བསམ་པ་ཡིན།

མི་ཚེའི་ནང་ལས་ཀ་མཐའ་འཁྱོལ་བ་དང་གྲུབ་འབྲས་ཡག་པོ་ཡོང་བ་ནི་སེམས་ཤུགས་དང༌། འདུན་པ། སྙིང་སྟོབས་སོགས་ལ་རག་ལས་ཡོད། དེ་དག་གི་འབྱུང་ཁུངས་ཀྱང་གཞན་ཕན་གྱི་བསམ་པ་ཡིན། མཚམས་རེར་ཁོང་ཁྲོ་དང་ཞེ་སྡང་གིས་རང་ཉིད་ལ་ངར་ཤུགས་དང་སྙིང་སྟོབས་དམིགས་བསལ་ལྡན་པ་ལྟ་བུ་རེ་བསྐྲུན་ཀྱང༌། དེ་འདྲའི་སྙིང་སྟོབས་ལ་མཇུག་འབྲས་བཟང་པོ་ཞིག་ཡོང་རྒྱུ་ཧ་ཅང་ཁག་པོ་ཡིན། གང་ཡིནཞེ་ན། ཕྲག་དོག་དང་ཁོང་ཁྲོ་དག་ལས་འབྱུང་བའི་ངར་ཤུགས་ནི་ལོང་བ་དང༌། གཞན་ལ་གནོད་ཚབས་ཆེ་བ་སྨོས་ཅི། ཐ་ན་རང་གཞན་གྱི་ཚེ་སྲོག་ལའང་གནོད་པ་ཅན་དུ་འགྱུར་སྲིད། ནང་པ་སངས་རྒྱས་པའི་སེམས་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་དེ་ཕན་ཚུན་ལྟོས་གྲུབ་ཀྱི་ལྟ་བ་ལ་གཞི་བཅོལ་ཞིང༌། དེའི་རྒྱུ་མཚན་གཙོ་བོ་ནི་བདེ་བ་དང་སྡུག་བསྔལ་གཉིས་ཀ་རྒྱུ་ལ་འབྲེལ་བ་ཡོད་པས་ཡིན། དངོས་ཡོད་གནས་ཚུལ་ལ་ཤེས་བྱའི་ཆོས་ཐམས་ཅད་ཕན་ཚུན་འབྲེལ་བ་ཡོད་པས། གལ་ཏེ་གཅིག་ལ་ཕན་གནོད་ཀྱི་བྱ་བ་བྱས་ན་གཞན་དག་ལའང་ཕན་གནོད་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཆོག་ཤེས་དང་བདེ་བ་ནི་རྐྱེན་མང་པོ་ཞིག་ལ་ལྟོས་ཡོད། དེར་བརྟེན་རྟེན་འབྲེལ་ལྟོས་གྲུབ་ཀྱི་ལྟ་བ་དེས་ང་ཚོའི་འཛམ་གླིང་ལ་ལྟ་སྟངས་དངོས་གནས་མཐོང་རྒྱ་ཆེ་རུ་གཏོང་བ་དང༌། གང་དང་གང་ཡིན་ཀྱང་མཐར་ཐུག་ང་རང་ཚོའི་ཁེ་ཕན་ལ་འབྲེལ་བ་ཡོད་པ་བསྟན་པར་མ་ཟད། སྤྱིར་བཏང་རང་བཞིན་གྱི་བསམ་བློ་གཏོང་ཕྱོགས་ཀྱང་རྒྱ་ཆེ་རུ་གཏོང་རྒྱུར་ཕན་གྱི་ཡོད། རྟེན་འབྱུང་གི་ལྟ་བ་ཤེས་ནས་ལག་ལེན་དུ་བསྟར་ན་དེས་བྱམས་བརྩེ་དང་སྙིང་སྟོབས་ཀྱི་ནུས་པ་གོང་མཐོར་གཏོང་བ་དང༌། ཁོང་ཁྲོ་དང་ཞེ་སྡང་གི་རིགས་ཉམས་དམོད་པར་བྱེད། ནང་ཆོས་གཞིར་བཞག་སྟེ་བདེ་བ་དང་སྡུག་བསྔལ་ལ་བལྟས་ན་རྒྱུ་འབྲས་ཕན་ཚུན་ལྟོས་པའི་འབྲེལ་བ་དེ་ཧ་ཅང་འཐད་ལྡན་དང་ཡང་དག་པ་ཡིན་པར་བསྟན་ཡོད། 

 

རང་ལས་གཞན་གཅེས་པར་འཛིན་དགོས་པའི་རྒྱུ་མཚན་འདི་ཡིན།

ང་ཚོ་སུ་ཡིན་ཀྱང་སྐད་གྲགས་དང༌། རྒྱུ་ནོར། གྲོགས་པོ་སོགས་གང་ཅིར་སེམས་ཅན་གཞན་ལ་བརྟེན་དགོས་ཀྱི་ཡོད། དཔེར་ན། སེམས་ཅན་གཞན་མེད་ན་ང་ཚོར་བལ་གྱི་གྱོན་ཆས་གོན་རྒྱུ་ཡོང་ཐབས་མེད། གང་ཡིན་ཟེར་ན། ལུག་མེད་ན་བལ་གང་ནས་ཡོང༌། གསར་འགྱུར་ལས་རིགས་རྣམས་ལ་བརྟེན་ནས་སྐད་གྲགས་སོགས་ཡོང་གི་ཡོད། སྐད་གྲགས་ཀྱང་རྦད་དེ་སེམས་ཅན་གཞན་ལ་ལྟོས་ནས་བྱུང་བ་ཞིག་ཡིན། ང་ཚོ་མའི་མངལ་ལ་ཆགས་པ་ནས་བཟུང་མ་ཤི་ཚུན་གྱི་མི་ཚེ་སེམས་ཅན་གཞན་ལ་བརྟེན་ནས་གནས། སེམས་ཅན་གཞན་རྣམས་ཇི་ཙམ་གྱི་རྩ་ཆེན་དང་ཇི་ཙམ་གྱི་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ། ཇི་ཙམ་གྱི་རྩ་ཆེན་ཡིན་པ་ཤེས་པ་དེ་ཙམ་གྱིས་སེམས་ཅན་གཞན་ལ་ལྟ་ཚུལ་ངན་པའི་བསམ་བློའི་འཁྱེར་སོ་ལ་འགྱུར་བ་ཡོང་རྒྱུ་ཡིན།

 

ང་ཚོས་དུས་རྒྱུན་གང་ཟག་གཞན་ལ་ལྟ་ཕྱོགས་ཀྱི་བསམ་བློའི་འཁྱེར་སོ་དགོས་ཤིང༌། གང་ཟག་ཕ་རོལ་པོར་དམིགས་ཏེ་སྙིང་རྗེའི་བསམ་པས་གཞན་ལ་སེམས་འཁུར་བྱེད་དགོས་པ་དང༌། སེམས་ཅན་གཞན་རྩ་ཆེར་བརྩིས་ཏེ་གུས་བཀུར་དང༌། རང་ལས་ཁྱད་དུ་འཕགས་ཤིང་མཆོག་ཏུ་གྱུར་པ་ཞིག་ལ་བརྩི་དགོས།  སོ་སོར་ཡོད་པའི་ཉོན་མོངས་ཕྱོགས་ཀྱི་སེམས་དེ་དག་ལ་འདུལ་སྦྱོང་ཇི་ལྟར་བྱེད་དགོས་པའི་ཐད། ང་ཚོའི་སེམས་ལ་སྐྱེ་བ་ཐོག་མ་མེད་པ་ནས་ཉོན་མོངས་ཕྱོགས་ཀྱིས་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་སྟབས། གཞན་ཕན་གྱི་ལྟ་བ་ཡར་རྒྱས་གོང་འཕེལ་གཏོང་རྒྱུར་ཧ་ཅང་དཀའ།  དུས་རྒྱུན་ང་ཚོས་ཉོན་མོངས་ཀྱི་སེམས་ལ་འཐབ་དགོས་པ་དང༌། དེ་ཡང་ཁོང་ཁྲོ་ལྟ་བུའི་ནུས་སྟོབས་ཅན་དེ་དག་ལ་ང་ཚོས་ཐབས་ལམ་སྣ་ཚོགས་སྤྱད་དེ་འཐབ་དགོས། ཁོང་ཁྲོ་དྲག་པོའི་ནུས་སྟོབས་འཕྲལ་དུ་འདུལ་ཐབས་དཀའ་ནའང༌། ཁོང་ཁྲོ་དྲག་པོ་ལངས་པའི་ཚེ་ཁོང་ཁྲོ་སྐྱེ་སའི་ཡུལ་དེ་ཉིད་བརྗེད་དུ་འཇུག་ཆེད་དབུགས་འབྱུང་རྔུབ་སོགས་ལ་སེམས་གཏད་ནས་དམིགས་པ་ཁ་བསྒྱུར་ཐབས་བྱེད་དགོས། དེ་ལྟར་བྱས་ན་ཁོང་ཁྲོ་ཞི་ཐུབ་ཅིང༌། རྗེས་སུ་ཁོང་ཁྲོའི་རྣམ་པ་ཅི་འདྲ་ཞིག་ཡིན་བརྟག་དཔྱད་འབད་བརྩོན་བྱས་ཏེ། ཁོང་ཁྲོ་ཉུང་དུ་གཏོང་བའམ་རྩ་བ་ནས་སྤོང་ཐབས་བྱེད་དགོས། འདི་ལ་དེ་ཙམ་ཤུགས་ཆེན་པོ་མེད་པའི་ཁོང་ཁྲོའི་རིགས་གཞན་ཡང་ཡོད། རང་གི་དགྲ་ཁ་གཏད་དགྲ་བོ་ལ་དམིགས་པའི་ཁོང་ཁྲོ་ལ་གདོང་ལེན་བྱེད་པའི་ཐབས་ལམ་གཅིག་ནི་ཕ་རོལ་པོའི་ལེགས་པའི་ཡོན་ཏན་གྱི་ཆ་ལ་དམིགས་པ་གཏོད་རྒྱུ་དེ་ཡིན་པ་དང༌། དགྲ་བོ་ལ་དམིགས་པའི་གདུང་སེམས་མཉམ་སྐྱེད་དང་གུས་བཀུར་གྱི་བསམ་བློ་བཅས་ཡར་རྒྱས་ཡོང་ཐབས་ཀྱི་འབད་བརྩོན་བྱེད་དགོས། 

 

སྣང་ཚུལ་དང་གནས་ཚུལ་མི་མཐུན་པ།

རྟེན་འབྲེལ་གྱི་རྣམ་གཞག་ལྟར་བྱས་ན་ཡུལ་ཅི་འདྲ་ཞིག་ཡིན་ཀྱང་དེ་ལ་ཕྱོགས་མང་པོ་དང་སྣང་ཚུལ་སྣ་ཚོགས་པ་ཡོད། ཕལ་ཆེར་ཡུལ་གཅིག་ལ་ཆ་ཐམས་ཅད་ནས་མི་མཐུན་པའི་ཆའམ་ཉེས་པའི་ཆ་འབའ་ཞིག་ཡིན་པར་འཇོག་མི་ཐུབ། གང་ཡིན་ཞེ་ན། དེ་ལ་ལེགས་པའི་ཆ་ཡང་ཡོད་པ་ཡིན། ཁོང་ཁྲོ་ལངས་པའི་སྐབས་སུ་ང་ཚོའི་སེམས་ནང་ཕ་རོལ་པོའི་ཉེས་པའི་ཆ་གཅིག་པུ་ལས་གཞན་མཐོང་ཐུབ་ཀྱི་མེད། ཕྱོགས་གཅིག་ནས་ཁ་གཏད་ཀྱི་དགྲ་བོ་དེས་ང་ཚོར་དཀའ་ངལ་བཟོ་བཞིན་ཡོད་ནའང༌། ཕྱོགས་གཞན་ཞིག་ནས་དེས་ང་ཚོར་སྙིང་རྗེ་དང་། གཞན་ཕན་གྱི་བསམ་བློའི་ཉམས་ལེན་བྱེད་རྒྱུར་ངེས་པར་དགོས་པའི་བཟོད་བསྲན་བྱེད་ཡུལ་གྱི་ཆ་རྐྱེན་བསྐྲུན་པ་བཅས་ཡོན་ཏན་གཉིས་སྐྱེ་བའི་གོ་སྐབས་བཟང་པོ་ཞིག་སྤྲོད་ཀྱི་ཡོད། འདོད་རྔམས་སོགས་ཉོན་མོངས་ཕྱོགས་ཀྱི་སེམས་འཕེལ་བའི་སྐབསསུ་གདོང་ལེན་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་བྱེད་དགོས་ཤིང༌། གལ་སྲིད་ཉོན་མོངས་ཀྱི་སེམས་འཕེལ་བའི་སྐབས་སུ་ཁ་གཏད་མ་བཅག་པར་ལྷོད་ཡངས་སམ། སྣང་མེད་དུ་བཞག་ན་ཉོན་མོངས་ཅན་གྱི་སེམས་དེ་དག་ཤུགས་ཆེ་རུ་འགྲོ་ངེས་ཡིན། དེས་ན་ཉོན་མོངས་ཀྱི་སེམས་གང་ཞིག་སྐྱེས་མ་ཐག་དེ་བཟློག་ཐབས་ཀྱི་འབད་བརྩོན་བྱེད་དགོས། དེ་ལྟར་ཉམས་ལེན་བྱེད་རྒྱུ་ལས་སླ་བོ་མེད་ནའང་དོན་དམ་པའི་གཞན་ཕན་གྱི་བསམ་པ་ཡར་རྒྱས་གཏོང་བ་ལ་མེད་དུ་མི་རུང་བ་ཡིན། གལ་ཏེ་གཉོམ་ཆུང་དང་དྲང་པོ་དྲང་བཞག་བྱས་ན་མི་ཁ་ཤས་ཀྱི་ང་ཚོའི་ཁེ་ཕན་འཕྲོག་སྲིད། སྐབས་དེ་འདྲར་ཡང་གང་ཟག་ཕ་རོལ་པོར་དམིགས་པའི་གནག་སེམས་མི་འཆང་བར། དེ་ལས་ལྡོག་སྟེ་གནས་སྟངས་དེ་ཅི་འདྲ་ཡིན་མིན་ལ་བརྟག་དཔྱད་དང་ཉམས་ཞིབ་ངེས་པར་དུ་བྱེད་དགོས། སྐྱེས་ཕོ་མོ་གང་ཞིག་ཡིན་ཀྱང་ཁོ་རང་ཚོའི་འདོད་པར་གང་ཡོད་ཀྱི་ལས་མ་རུང་བ་བྱེད་དུ་བཅུག་ན་མཐའ་མར་ཁོ་རང་ཚོར་གནོད་རྒྱུ་ཡིན་སྟབས།ཚུལ་མིན་གྱི་ལས་དེ་རིགས་འགོག་ཆེད་ཐབས་ལམ་ཁ་ཤས་ང་ཚོས་ངེས་པར་དུ་ལག་བསྟར་བྱེད་དགོས་པ་ཡིན། དེ་ཡང་མི་དེས་ང་ཚོར་གནོད་པ་བྱས་པའི་རྒྱུ་མཚན་གྱིས་མིན་པར། ཕ་རོལ་པོའི་བདེ་དོན་དང་ཕུགས་སུ་ཕན་པའི་ཆེད་དུ་སེམས་འཁུར་བླངས་ཏེ་བྱེད་དགོས། སེམས་ཁོང་ཁྲོའི་དབང་དུ་སོང་བའི་སྐབས་སུ་ལེགས་ཉེས་འབྱེད་པའི་མིའི་ཀླད་པའི་ནུས་པ་ཡག་པོ་བེད་སྤྱོད་བྱེད་མི་ཐུབ་པར་བརྟེན། ཕ་རོལ་པོར་ཚིག་རྩུབ་སོགས་རང་གི་ངང་གིས་ཐོན་སྲིད།  གནས་སྟངས་གང་ཞིག་ལ་སྟངས་འཛིན་བྱེད་མ་ཐུབ་པའི་སྐབས་ལ་ཞེ་སྡང་དང་ཚིག་རྩུབ་རིགས་ངམ་ངམ་ཤུགས་ཀྱིས་ཐོན་པ་དང༌། རིམ་པས་ཁོང་ཁྲོ་ཞི་བའི་རྗེས་སུ་རང་ཉིད་ཁ་སྐྱེངས་པའི་གནས་ཚུལ་མང་པོ་ཡོང་གི་ཡོད།

ཕྱི་ལོ་༡༩༩༠ ལོར་རྩ་ཁྲིམས་ཚོགས་པའི་གླིང་དུ་གསུངས།