རྒྱ་གར་བང་ཆེན་གསར་ཁང་གི་བགྲོ་གླེང་ལ་དབུ་བཞུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༤ ཉིན་གྱི་སྔ་དྲོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དྷི་ལིར་ཆིབས་བསྒྱུར་བསྐྱངས་ཤིང་། ཉིན་གུང་གི་ལྗགས་སྨིན་གྲུབ་རྗེས་རྒྱ་གར་གྱི་གསར་ཤོག་གྲགས་ཅན་རྒྱ་གར་བང་ཆེན་(Indian Express)ཞེས་པས་གདན་ཞུས་ལྟར་གསར་ཤོག་གི་འགན་འཛིན་ཨནནྡ་གོཧན་ཀར་(Anant Goenka)དང་། རྒྱལ་ཡོངས་བསམ་འཆར་གྱི་ཞུ་ཆེན་པ་ཋན་ཊི་མི་ཤྷ་ར་(Vandita Mishra)གཉིས་དང་ལྷན་དུ་གླེང་མོལ་ལྷུག་པོ་མཛད་རྒྱུའི་མཛད་འཆར་སྐྱོང་བར་ཆེད་ཕེབས་མཛད། མཛད་སྒོའི་སར་ཚོགས་ཁང་ནང་མ་ཆུད་པའི་མི་མང་མང་པོ་འདུ་འཛོམས་བྱས་ཡོད་ཅིང་། དངོས་སུ་ཞབས་སྟེགས་ཀྱིས་མ་ལྡང་བར་མང་དག་ས་ལ་ཡང་སྡོད་དགོས་བྱུང། ཨ་ནནྡ་གོ་ཧན་ཀར་ནས་མགོན་པོ་མཆོག་མང་ཚོགས་ལ་ངོ་སྤྲོད་ཞུས་རྗེས་མགོན་པོ་མཆོག་ནས་གསུངས་དོན། 

ང་རང་ཚོ་ཚང་མ་སྤྱི་ཚོགས་ལ་བརྟེན་དགོས་པའི་སེམས་ཅན་གྱི་ཁོངས་སུ་གཏོགས་པས། སྙིང་རྗེའི་བསམ་པ་དང་། ཕན་ཚུན་མཛའ་བརྩེ་ཡོད་ན་བློ་ཐག་ཉེ་པོ་ཡོང་ཐུབ། དེང་སང་ཚན་རིག་པས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་ནི་བྱམས་བརྩེའི་རང་བཞིན་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འདི་ནི་ང་ཚོ་རེ་བ་སྐྱེ་སའི་གཞི་ཞིག་ཡིན། སྤྱིར་དུད་འགྲོ་སེམས་ཅན་རྣམས་རྩུབ་ཆ་ཆེ་རུང་། དམག་ཐབས་ཀྱི་ངན་བྱུས་བཤམས་པ་སོགས་བྱེད་མཁན་ནི་མི་ཁོ་ན་ཡིན་ལ། འོན་ཀྱང་འདིའི་ཐད་ད་ཆ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད། སྔར་དུས་རབས་ཉི་ཤུའི་སྟོད་ཀྱི་ཆ་ལ་རྒྱལ་ཁབ་གཉིས་དབར་འཁྲུག་འཛིང་ཤོར་སྐབས་རྒྱལ་ཁབ་སོ་སོའི་འབངས་མི་སེར་ཀུན་ནས་ཚམ་ཚོམ་མེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། འོན་ཀྱང་སྔར་ཝི་ཏི་ནམ་(Vietnam)གྱི་དམག་འཁྲུག་སྐབས་ཨ་རིའི་མི་སེར་མང་པོས་དེ་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ལ། ཕྱིས་སུ་ཨི་རག་གི་དམག་ལ་ཡང་དེ་བཞིན་འཛམ་གླིང་གི་མི་ས་ཡ་མང་པོས་ངོ་རྒོལ་བྱས་ཡོད། ངོས་རང་ནི་ཡུ་རོབ་སྤྱི་མཐུན་ཚོགས་པའི་ལངས་ཕྱོགས་ལ་དག་སྣང་དང་ཡི་རང་བྱེད་མཁན་ཞིག་ཡིན་ལ། ཚོགས་པ་འདི་ནི་སྔར་ལོ་རྒྱུས་ཀྱི་ནང་ཕན་ཚུན་འཐབ་འཛིང་བྱེད་མཁན་གྱི་རྒྱལ་ཁབ་རྣམས་སྒེར་སོ་སོའི་ཁེ་ཕན་ཙམ་མིན་པར་སྤྱི་ལ་ཕན་པའི་བསམ་པས་མཉམ་དུ་འདུས་པའི་ཚོགས་པ་ཞིག་ཡིན། འདི་ནི་འགྲོ་བ་མིའི་བསམ་བློའི་ཆུ་ཚད་ཡར་ཐོན་གྱི་རྣམ་པ་ཞིག་ཡིན་ཞེས་བཀའ་སྩལ། 

ཡང་དེ་ནས་དམག་འཁྲུག་གི་ཉེན་ཁ་མེད་པའི་འཛམ་བུ་གླིང་ཞིག་ཡོང་སྲིད་མིན་སྐོར་བཀའ་འདྲི་ཞུས་པར། དེ་ནི་འཛམ་བུ་གླིང་པའི་མི་རྣམས་ཀྱི་འབད་བརྩོན་ལ་རགས་ལས་ལ། ཕན་ཚུན་དོགས་པ་མེད་པ་བཟོ་རྒྱུར་མཛའ་མཐུན་གྱི་གྲོགས་འདྲིས་སྤེལ་རྒྱུ་གལ་ཆེན་པོ་ཡིན། ད་ལྟ་ང་རང་ཚོ་བདེ་ཞིང་ལྷོད་ལྷོད་ངང་སྡོད་མུས་ཀྱི་དུས་སྐབས་འདི་ག་རང་ལ་འཛམ་གླིང་གི་ཕྱོགས་གཞན་དུ་ཕན་ཚུན་གསོད་རེ་གཏོང་བཞིན་པ་ཡང་ཡོད། དེ་ཡང་སྐབས་རེ་ཆོས་ལུགས་ཀྱི་ཁྱད་པར་ལ་བསྙད་དེ་ཡོང་གི་ཡོད། དེ་བཞིན་མུ་གེས་འཆི་བཞིན་པ་ཡང་ཤིན་ཏུ་མང་པོ་ཡོད་པས་ང་ཚོས་དེ་དག་གི་དཀའ་ངལ་ལ་སེམས་ཚོར་མེད་པ་ག་ལ་རུང་། ངོས་རང་གི་ཕྱོགས་ནས་འཛམ་བུ་གླིང་པའི་མི་རྣམས་ལ་ཕན་ཚུན་གཅིག་གྱུར་དང་གཉེན་བཤེས་ཀྱི་འདུ་ཤེས་བསྐྲུན་རྒྱུར་དམ་བཅའ་བརྟན་པོ་ཡོད་ཅིང་། དེ་ཡང་ལུས་དང་སེམས། དེ་བཞིན་ཚོར་བ་སོགས་གང་ཐད་ནས་བལྟས་ཀྱང་ང་ཚོ་ཚང་མ་གཅིག་གྱུར་ཁོ་ན་ཡིན། སྔར་ཡིན་ན་བཟང་སྤྱོད་བསྐྲུན་རྒྱུའི་འགན་ཆོས་ལུགས་ཁག་ལ་ཡོད་པ་ལྟ་བུ་རེད། དེང་སང་འཛམ་གླིང་མི་དུང་ཕྱུར་བདུན་བཅུ་ཙམ་གྱི་ནང་དུང་ཕྱུར་གཅིག་ཙམ་གྱིས་ཆོས་ཁས་ལེན་གྱི་མེད། ཆོས་ཁས་ལེན་མཁན་མང་དག་ཀྱང་ཆོས་ལ་དེ་ཙམ་ངེས་པ་རྙེད་པའི་ཡིད་ཆེས་མེད། འོན་ཀྱང་ང་རང་ཚོ་ཚང་མར་བྱམས་བརྩེའི་དགོས་མཁོ་ཡོད། བྱམས་བརྩེས་ནང་གི་ཞི་བདེ་བསྐྲུན་གྱི་ཡོད་ལ། སེམས་ལ་ཞི་བདེ་ཡོད་ན་ཕྱི་ནང་གི་གནས་ཚུལ་རྣམས་གསལ་པོ་བྱས་ནས་མཐོང་རྒྱུར་ཕན་ཐོགས་ཡོད། དེར་བརྟེན་དེང་དུས་ཀྱི་གཞི་རིམ་ནས་བཟུང་སློབ་ཚན་ནང་བྱམས་བརྩེའི་སློབ་སྦྱོང་སྤྲོད་རྒྱུའི་སློབ་ཚན་ཞིག་དགོས་ངེས་ཡིན། ངོས་རང་གི་མི་རབས་ནི་དུས་རབས་ཉི་ཤུ་པའི་མི་རབས་ཡིན་ལ། དུས་རབས་དེ་ནི་ཕྱོགས་གང་སར་འཁྲུག་འཛིང་དང་བཙན་གནོན་སོགས་ཀྱི་དཀའ་ངལ་བསྐྲུན་མཁན་གྱི་དུས་རབས་ལྟ་བུར་གྱུར་ཡོད། འོན་ཀྱང་དུས་རབས་ཉེར་གཅིག་པའི་གཞོན་སྐྱེས་རྣམས་ཀྱིས་འཛམ་གླིང་ཞི་བདེ་བཟོ་རྒྱུའི་དམིགས་ཡུལ་བཅངས་ཏེ་འབད་བརྩོན་བྱས་ན་གཏན་གཏན་དེ་ལྟར་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད། ཅེས་བཀའ་སྩལ། 

དེ་ནས་མགོན་པོ་མཆོག་གིས་གང་ཉིད་ཀྱི་ཆོས་ལུགས་ཕན་ཚུན་དབར་མཐུན་ལམ་བསྐྲུན་རྒྱུའི་དམ་བཅའ་དང་འབྲེལ་གསུངས་དོན། རྒྱ་གར་ནང་ལོ་ངོ་བརྒྱ་ཕྲག་རིང་ཆོས་ལུགས་ཕན་ཚུན་ཞི་བདེའི་ངང་གནས་ཐུབ་པའི་དཔེ་མཚོན་འདི་ཤིན་ཏུ་བསྔགས་པར་འོས་ཤིང་། རྗེས་སུ་འཇུག་རྒྱུའི་མིག་དཔེ་བཟང་པོ་ཡིན། ཞེས་དང་།

ཡང་བོད་པའི་སྤྱི་ཚོགས་དང་འབྲེལ་བའི་བཅར་འདྲིར་གསུང་ལན་གནང་དོན། ངོས་ནས་དེ་སྔ་དགོན་པ་གྲྭ་ཚང་དང་བཙུན་དགོན་བཤད་གྲྭ་མེད་སར་དེ་ལྟར་དགོས་པའི་དགེ་བསྐུལ་མང་དག་བྱས་འབྲས་མཐར་ན་ནིང་སྔར་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་བཙུན་མའི་དགེ་བཤེས་མ་ཉི་ཤུ་དགེ་བཤེས་མའི་དམ་བཅའ་བཞག་ནས་ཐོན་ཐུབ་པ་བྱུང་ཡོད། དེ་ནི་བཙུན་མ་དེ་དག་གིས་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ལ་གཞུང་ཆེན་སློབ་གཉེར་ཚད་ལྡན་བྱས་པའི་འབྲས་བུ་ཡིན། ཞེས་ཀྱང་བཀའ་སྩལ། 

དེ་ནས་ཆབ་སྲིད་དང་འབྲེལ་བའི་སྐོར་གསུངས་དོན། དེ་སྔ་ངོས་ནས་བོད་དུ་འགྱུར་བ་གཏོང་རྒྱུའི་བསམ་པ་ཡོད་པ་རྣམས་བོད་དུ་རྐྱེན་ངན་བྱུང་བ་ལ་བརྟེན་ནས་དངོས་སུ་ལག་ལེན་དུ་འཁེལ་བ་མ་བྱུང་ཡང་། ཆིག་སྟོང་དགུ་བརྒྱ་དྲུག་བཅུ་རེ་གྲངས་ནས་མང་གཙོའི་བཅོས་འགྱུར་བརྩམས་ཏེ། མཐར་ཉི་སྟོང་བཅུ་གཅིག་གིི་ལོར་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་གསར་པར་བརྩི་སྤྲོད་ཟིན་ནས་ཡོད་ཅེས་གསུངས།

ཡང་སྔར་བོད་དུ་བསྟན་པ་ཇི་ལྟར་དར་ཚུལ་སྐོར་ལས་བརྩམས་ཏེ་གསུངས་དོན། སྔར་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་ནས་བོད་དུ་བསྟན་པའི་སྲོལ་ཐོག་མར་བཙུགས་སྐབས་དེ་དུས་རྒྱ་ནག་ཏུ་བསྟན་པ་དར་ཟིན་ནས་ཡོད་ཀྱང་། རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་གདན་དྲངས་ཡོད། མཁན་ཆེན་ཞི་འཚོ་ནི་རིགས་པ་སྨྲ་བ་དང་གཞུང་ལུགས་ལ་མཁས་པ་ཕུལ་དུ་ཕྱིན་པ་ཞིག་ཡིན་ཅིང་། ཁོང་གི་དུས་ནས་བཟུང་བོད་དུ་གཞུང་ཆེན་གྱི་སློབ་གཉེར་གྱི་སྲོལ་རྒྱུན་ཆགས་པ་ཡིན། དེས་ན་རྒྱ་གར་ནི་བོད་ཀྱི་བླ་མ་ལྟ་བུ་ཡིན། ཞེས་དང་། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས། ལེགས་བཤད་གསེར་ཕྲེང་གི་མཆོད་བརྗོད་དུ། ཀེ་ལ་ཤ་ཡི་མདངས་འཕྲོག་པའི། །ས་འཛིན་དཀར་པོས་ཕྱོགས་རྣམས་ཀུན། །བར་མཚམས་མེད་པར་དཀྲིགས་ན་ཡང་། །མི་ཤེས་སྨག་རུམ་འཐིབས་པ་འདིར། །རྒྱལ་བའི་བཀའ་དང་དེ་དོན་འབྱེད་ལ་དབང་དུ་གྱུར་པའི་མཁས་པའི་གསུང་། སྒྲ་དོན་ཇི་བཞིན་ལེགས་པར་བསྒྱུར་ནས་འགྲོ་བ་རྣམས་ལ་ཐར་པའི་ལམ། །གསལ་བར་མཛད་པས་གངས་རིའི་ཁྲོད་འདི་ལྷ་དང་བཅས་པའི་འཇིག་རྟེན་གྱི། ཅོད་པཎ་ཐོད་ཀྱིས་བཀུར་བའི་ཞིང་དུ་བརྩོན་པ་དུ་མས་བསྒྲུབས་པ་གང་། ཞེས་གསུངས་པ་ལྟར་བོད་འདི་མཐའ་གངས་རིས་བསྐོར་ནས་ཡོད་ཀྱང་། སངས་རྒྱས་ཀྱི་བསྟན་པ་རྒྱ་གར་ནས་བོད་དུ་མ་དར་གོང་བོད་མུན་ནག་ཏུ་ལུས་པར་གསུངས་པ་ཡང་དོན་ལ་གནས་པར་སེམས་ཅེས་གསུངས། 

དེ་ནས་ཡང་གསུངས་དོན། ངོས་རང་ལ་སྔར་རྒྱ་གར་ནས་བྱུང་བའི་གནའ་རབས་ཀྱི་ལེགས་བཤད་རྣམས་བསྐྱར་གསོའི་ཆེད་རམ་འདེགས་ཞུ་རྒྱུའི་བློ་རྩེ་བརྟན་པོ་ཡོད་ཅེས་པ་དང་། ཡང་གསར་དུ་བསྐྲུན་པའི་དཔལ་ན་ལནྡྲའི་གཙུག་ལག་སློབ་གཉེར་ཁང་ལ་དགེ་རྒན་གསར་པ་གཏོང་རྒྱུའི་ཁས་ལེན་ཡང་བྱས་ཟིན་ནས་ཡོད་ཅེས་གསུངས་ཏེ། སླར་ཡང་གསུངས་དོན། གནའ་རབས་ཀྱི་ལེགས་བཤད་འགྲན་ཟླ་དང་བྲལ་བ་རྣམས་དུས་དེང་སང་ཡང་སེམས་དང་ཚོར་བ་རགས་པའི་བདེ་སྡུག་དང་འབྲེལ་སྐབས་ཤིན་ཏུ་ནས་མཁོ་བ་ཡིན། དེང་གི་དུས་དུ་དངོས་པོ་ཡར་རྒྱས་ཡོད་ཀྱང་། སེམས་ཀྱི་ཞི་བདེས་ཕོངས་ཡོད། དེས་ན་ནང་གི་ཞི་བདེ་བསྐྲུན་རྒྱུར་གནའ་རབས་དང་དེང་དུས་ཀྱི་ཤེས་ཡོན་ཟུང་འབྲེལ་གྱི་ནུས་པ་འདོན་དགོས་ལ། དེའི་ཕྱིར་དུ་ལེགས་སྐྱེས་འབུལ་རྒྱུར་རྒྱ་གར་ལ་ནུས་པ་ཆེན་པོ་ཡོད། །ཅེས་བཀའ་གནང་།

ཡང་འགའ་ཞིག་ནས་དུས་སྙིགས་མ་ཡིན་པས་དེ་ལྟར་སྲིད་དམ་ཞུས་པར་རང་ལ་སྙིང་སྟོབས་དང་འདུན་པ་ཡོད་ན་དེ་ལྟར་ཅིའི་ཕྱིར་མི་ཡོང་ཞེས་གསུངས། ཡང་གཞན་ཞིག་ནས་ནུས་པ་ཕྱིན་ཅི་ལོག་ཅེས་བྱ་བ་ཞིག་ཡོད་དམ་ཞུས་པར། ཁོང་ཁྲོ་ཞེས་པ་དེ་དོན་དངོས་ཐོག་དེ་ག་རང་ཆགས་སྡད་ཡོད་ཅེས་དང་། སྔར་ཚན་རིག་པ་ཨ་རོན་སྦེག་ཅེས་པས་ཁོང་ཁྲོར་སྣང་བའི་མི་སྡུག་པའི་བརྒྱ་ཆ་དགུ་བཅུ་བློས་བཏགས་པ་ཡིན་ཞེས་གསུངས་པ་དེ་དང་། ནང་པའི་གཞུང་ནས་ཀྱང་དེ་ལྟར་བྱུང་བ་གཉིས་ཀ་རྩེ་མཐུན་ཡིན་ཞེས་བཀའ་གནང་རྗེས་མང་ཚོགས་ཀྱི་ཁྲོད་ནས་མ་ཎིའི་འབྲུ་འགྲེལ་གནང་བར་བསྐུལ་བར་དེའི་དོན་དག་རྣམས་གསུངས་ཏེ་མཛད་འཆར་ལེགས་པར་གྲུབ་བོ། །