ཌོག་ཊར་ཨམ་བེད་ཀར་མཆོག་འཁྲུངས་ནས་ལོ་༡༢༥ མཛད་སྒོོར་དབུ་བཞུགས་མཛད་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ ༥ ཚེས་ ༢༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་སྙན་གྲགས་ཆེ་བའི་མི་སྣ་ཌོག་ཊར་ཨམ་བེད་ཀར་(Dr.Ambekar) མཆོག་འཁྲུངས་ནས་ལོ་ ༡༢༥ འཁོར་བའི་དུས་ཆེན་གྱི་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད། 

དེ་ཡང་ཟླ་ ༥ ཚེས་ ༢༡ ཉིན་གུང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་ནས་ཆིབས་ཐོན་གྱིས་གྷ་གྷལ་གནམ་ཐང་བརྒྱུད་ལྡི་ལིར་ཆིབས་བསྒྱུར་བསྐྱངས་པ་དང་། ཚེས་ ༢༢ ཉིན་རྒྱ་གར་ལྷོ་ཕྱོགས་བྷང་ལོར་( Bengaluru)ལ་༸ཞབས་སོར་འཁོད་དེ་གལ་ཆེའི་མི་སྣ་ཁག་གཅིག་ལ་མཇལ་འཕྲད་གནང་། ཚེས་ ༢༣ ཉིན་གྱི་སྔ་དྲོ་བཞུགས་གནས་མགྲོན་ཁང་དུ་མི་སྣ་ཁག་གཅིག་ལ་མཇལ་ཁ་གནང་རྗེས་ཆུ་ཚོད་ ༩།༤༥ ཙམ་ལ་ཌོག་ཊར་ཨམ་བེད་ཀར་མཆོག་འཁྲུངས་ནས་ལོ་ ༡༢༥ འཁོར་བའི་མཛད་སྒོར་ཆིབས་བསྒྱུར་བསྐྱངས་པ་དང་། སྐབས་དེར་ཀརྞ་ཊ་ཀའི་སྤྱི་ཚོགས་བདེ་དོན་དང་རྗེས་ལུས་ཅན་གྱི་མི་རིགས་ཀྱི་བདེ་དོན་བློན་ཆེན་གྱིས་ཕེབས་བསུ་གནང་ཞིང་། དེར་སྐུ་ངལ་ཅུང་ཙམ་གསོས་རིང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཤྲི་སིདྡྷ་རཱ་མའི་ཡ་མཆོག་(Shri siddaramaiah, Honorable  Chief Minister, karnataka )དང་། རྒྱ་གར་དབུས་ཀོང་རེསི་ཚོགས་པའི་གྲོས་ཚོགས་ཚོགས་གཙོ་མཱ་ལིཀ་ཨར་ཇུན་ཀར་གེ་(Shri Mallikarjuna Kharge, Leader of the Congress )གཉིས་ཕེབས་ཏེ་ལྷན་དུ་ཌོག་ཊར་ཨམ་བེད་ཀར་ཚོགས་ཁང་དུ་༧ཞབས་སོར་འཁོད། དེ་ནས་རྒྱ་གར་དབུས་ཀོང་རེསི་ཚོགས་པའི་གྲོས་ཚོགས་ཚོགས་གཙོ་མཱ་ལིཀ་ཨར་ཇུན་ཀར་གེ་ལགས་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཤྲི་སིདྡྷ་རཱ་མའི་ཡ་ལགས་གཉིས་ཀྱིས་རིམ་བཞིན་ཌོག་ཊར་ཨམ་བེད་ཀར་མཆོག་ནི་རྒྱ་གར་གྱི་རྩ་ཁྲིམས་བཟོ་མཁན་གྲས་ཀྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་པ་དང་། ཁོང་གིས་རྒྱ་གར་གྱི་རིགས་དམའ་བར་བརྩིས་ཡོད་པ་དག་དང་དཔལ་འབྱོར་སྐྱོ་བོའི་རིགས་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པ་དང་། ཁོང་ནི་ཁྲིམས་རྩོད་པ་དང་། དཔལ་འབྱོར་མཁས་པ། སྤྱི་ཚོགས་རིང་ལུགས་སྨྲ་བ་སོགས་མང་པོ་ཞིག་ཡིན་པའི་སྐོར་སོགས་གསུངས་ཏེ་བསྟོད་བསྔགས་གནང་།

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཌོག་ཊར་ཨམ་བེད་ཀར་མཆོག་འཁྲུངས་ནས་ལོ་༡༢༥ འཁོར་བའི་དུས་ཆེན་གྱི་མཛད་སྒོར་བཀའ་སློབ་སྩལ།  དེ་ཡང་༸གོང་ས་མཆོག་གིས་སྤྱི་ཁྱབ་བློན་ཆེན་དང་ཀར་གེ་སོགས་ནས་ཨམ་བེད་ཀར་དམ་པའི་མཛད་རྗེས་སྔོན་ལ་ཞིབ་རྒྱས་གསུངས་ཟིན་པས་མང་པོ་མི་ཞུ་ཞེས་དང་།  འོན་ཀྱང་ཨམ་བེད་ཀར་དམ་པ་དེ་ཉིད་ཀྱི་མཛད་རྗེས་གལ་ཆེ་བ་ཞིག་ནི་རྒྱ་གར་གྱི་ནང་དུ་ནང་པའི་ཆོས་སླར་གསོ་གནང་བ་དེ་ཡིན་ཞེས་གསུངས་པ་དང་། མུ་མཐུད་དུ་ནང་ཆོས་ལའང་པཱ་ལི་དང་ས྄ཾསྐྲྀཏ་ཡི་ཆོས་བརྒྱུད་གཉིས་ཡོད་པའི་དེ་གཉིས་ཀ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཡིན་ཞིང་། ལྷག་པར་ས྄ཾསྐྲྀཏའི་ཆོས་བརྒྱུད་དེ་བཞིན་རིགས་པའི་གཞུང་ལུགས་དང་འབྲེལ་ནས་དངོས་པོའི་གནས་ཚུལ་འགྲེལ་བཤད་བྱེད་ཀྱི་ཡོད་པར་བརྟེན་བདག་གཉེར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་།  དེང་སྐབས་རིགས་པའི་གཞུང་ལུགས་དང་མཐུན་པའི་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་དང་གཞུང་ལུགས་བསྐྱར་གསོ་གནང་བར་ཐུགས་བརྩོན་གནང་བཞིན་ཡོད་སྐོར་བཀའ་གནང་བ་དང་། 

གཞན་ཡང་། ཨམ་བེད་ཀར་དམ་པ་དེ་ཉིད་ཀྱིས་རྒྱ་གར་ནང་རྡ་ལིཏ་རིགས་ཀྱི་མི་མང་གི་རང་དབང་དང་ཐོབ་ཐང་རྩོད་ལེན་ཤུགས་ཆེར་གནང་བར་ཡི་རངས་ཞུས་པ་དང་ཆབས་ཅིག་རྒྱ་གར་གྱི་རྩ་ཁྲིམས་ནང་ཡུལ་མི་སྤྱི་ཡོངས་ལ་ཐོབ་ཐང་འདྲ་མཉམ་གནང་ཡོད་པ་ལྟར། རིགས་དམའ་བར་བརྩི་བའི་མི་རྣམས་ཀྱིས་དེ་དོན་ལག་བསྟར་གྱིས་རང་རང་གི་མི་ཚེ་བཟང་པོ་ཡོང་ཆེད་སེམས་མ་ཞུམ་པར་སྤོབས་པ་དང་ལྡན་པའི་ཐོག་ཤེས་ཡོན་ལ་ཐུགས་ཁུར་ཆེར་སྐྱེད་དང་།  གནའ་དེང་ཤེས་ཡོན་གཉིས་འཛོམས་དགོས་གལ་ཆེ་བ་སོགས་བཀའ་སྩལ་བ་དང་། དེ་ནས་མངའ་སྡེ་ནས་ཚོགས་འདུ་འདི་གོ་བསྒྲིགས་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས་ཌོག་ཊར་ཨམ་བེད་ཀར་(Dr.Ambekar) མཆོག་འཁྲུངས་ནས་ལོ་༡༢༥ འཁོར་བའི་མཛད་སྒོ་མཇུག་ལེགས་པར་གྲུབ་པ་དང་། 

ཉིན་རྒྱབ་མཇལ་ཁ་ཁ་ཤས་གནང་རྗེས་སྐུ་ངལ་གསོས།  ཚེས་ ༢༤ ཉིན་བེང་ལུ་རུ་ནད་མཁའ་ལམ་བརྒྱུད་རྒྱ་གར་གི་རྒྱལ་ས་ལྡི་ལིར་ཕེབས་འཆར་ཡོད་པ་བཅས།།