བྱམས་བརྩེའི་དགོས་མཁོ།

མདུན་ངོས། / བྱམས་བརྩེའི་དགོས་མཁོ།

མིའི་མི་ཚེ་ནི་ཨ་མའི་བྱམས་བརྩེ་ནས་འགོ་འཛུགས་ཞུས་ཡོད།

ང་ཚོ་སྐྱེས་པའི་གནས་སྐབས་སུ་སྐྱབས་མེད་པ་མགོན་མེད་པ་ཧ་ཅང་ཉམ་ང་བ་ཞིག་ཡིན་པས། དེའི་དུས་སུ་མ་དྲིན་མོ་ཆེས་མཚོན་པའི་ལྟ་རྟོག་བྱེད་མཁན་ཞིག་མེད་ཚེ་ཆུ་ཚོད་ཁ་ཤས་ཙམ་ཡང་མི་འགོར་བར་འཆི་རྒྱུ་ཉག་གཅིག་ཡིན། མའི་མངལ་ནས་བཙས་པའི་རྗེས་སུ་ཨ་མའི་འོ་མ་གཙོ་བོར་གྱུར་པའི་མི་གཞན་ཞིག་གིས་བྱམས་བརྩེ་ལ་བརྟེན་ནས་འཚོ་དགོས་པས། ང་ཚོར་རང་ཆས་སུ་ཡོད་པའི་བརྩེ་སེམས་འདི་མིའི་ལུས་རྟེན་དང་འབྲེལ་བ་ཡོད་པ་དང་། མིའི་ལུས་རྟེན་འཚོ་བ་ལ་དགོས་མཁོ་ཡོད་པ་ཞིག་ཡིན་པའི་ཆ་ནས་བརྩེ་བ་འདི་བྱུང་བ་རེད་སྙམ་པ་དུས་རྒྱུན་ངོས་ནས་ཡང་ཡང་དྲན་པ་དང་། མི་ལའང་དེ་ལྟར་ཤོད་ཀྱིན་ཡོད། དེ་ནི་ཐ་ན་བྱ་བྱེའུ་སོགས་ལ་བལྟས་ནའང་གསལ་བོ་ཡིན། ཨ་མའི་ནུ་ཞོ་ལ་བརྟེན་ནས་འཚོ་བའི་སེམས་ཅན་རྣམས་ཇི་སྲིད་ཨ་མ་ལ་བརྟེན་དགོས་པ་དེ་སྲིད་དུ་མ་བུའི་བརྩེ་བ་ཟབ་མོ་ཡོད་པ་དང། རང་ཉིད་འཚར་ལོངས་བྱུང་སྟེ་རང་གི་ཨ་མ་ལ་བརྟེན་པའི་དུས་ཚོད་ཡོལ་བའི་རྗེས་སུ་བརྩེ་བ་དེ་ཙམ་མི་འདུག་པས་ལུས་འཚོ་བ་ལ་བརྩེ་བ་དགོས་པ་དེ་ལྟར་ཡིན། མི་རྣམས་ནི་དུད་འགྲོ་སོགས་སྲོག་ཆགས་གཞན་ལས་རྣམ་དཔྱོད་ཆེ་བ་ཡོད་པས་དེ་ལས་ཡ་རབས་པ་ཞིག་བྱེད་དགོས། དེ་ཡང་ན་ཚོད་ལོན་ཏེ་མ་གཙོ་བོར་གྱུར་པའི་གཞན་ལ་བལྟོས་མི་དགོས་པའི་མཚམས་སུའང་མུ་མཐུད་ནས་དྲིན་དྲན་པ་དང་། བརྩེ་བ་བྱེད་པ་དང་། བརྩི་བཀུར་བྱེད་པ་སོགས་རྣམ་དཔྱོད་ཀྱིས་རོགས་བྱས་ཏེ་བརྩེ་སེམས་རྒྱུན་གནས་ཐུབ་པ་བྱ་རྒྱུ་གལ་ཆེ། གོང་དུ་བཤད་པ་ལྟར་དུད་འགྲོ་ཚོར་འཕྲལ་དུ་དགོས་མཁོ་ཡོད་པའི་སྐབས་ཀྱི་བརྩེ་བ་ཙམ་ལས་བརྟན་པོ་མེད། 

བརྩེ་བ་ནི་ཆོས་ཕྱོགས་ཀྱི་བསླབ་བྱ་གཅིག་པུ་ཙམ་མ་ཡིན་པར་ང་ཚོའི་མི་ཚེ་འདི་འཚོ་བ་ལ་མེད་ཐབས་མེད་པ་ཞིག་ཡིན།   དཔེར་ན།  ཆུང་བྱིས་པའི་སྐབས་ནས་བརྩེ་བ་ལ་བརྟེན་ནས་འཚོ་དགོས་པ་ཡིན་སྟབས་མི་ཚེ་འདིའི་རིང་ལ་ཕན་ཚུན་ཇི་ཙམ་བརྩེ་བ་ཡོད་པ་དེའི་ཚོད་ཀྱིས་ལུས་ཀྱི་འཕྲོད་བསྟེན་ལའང་རང་བཞིན་གྱིས་ཕན་ཐོགས་ཡོད་པ་དང། བརྩེ་བའི་ཁོར་ཡུག་ལེགས་པོ་ཞིག་ཡོད་ཚེ་དེའི་ནང་དུ་སྡོད་པ་ཚང་མར་རང་ཤུགས་ཀྱིས་སེམས་སྐྱིད་པོ་འབྱུང་བ་དང་། ལུས་ལ་ནད་ཉུང་བ་སོགས་བཟང་པོའི་ཡོན་ཏན་དཔག་ཏུ་མེད་པ་ཡོད། 

ལུས་སེམས་གཉིས་ཀྱི་དགོས་མཁོ་གལ་ཆེ་བ་ཞིག་ནི་བྱམས་བརྩེ་ཡིན།

གལ་སྲིད་བརྩེ་བས་ཕོངས་པའི་སྤྱི་ཚོགས་ཤིག་གི་ནང་དུ་བསྡད་ན། ལུས་སེམས་གཉིས་ཀྱི་དགོས་མཁོ་གཙོ་བོ་མ་ཚང་བ་ལྟ་བུ་ཞིག་ངེས་པར་ཡོད། འདིའི་དཔང་རྟགས་གསལ་ཤོས་ཤིག་ནི། བྱིས་པ་ཆུང་ངུའི་སྐབས་སུ་ཕ་མ་བརྩེ་བ་ཅན་གྱི་འཁྲིས་ནས་འཚར་ལོངས་བྱུང་བ་རྣམས་བློ་གྲོས་བཀྲ་བ་དང་། ལུས་སྟོབས་ལོན་པ། ལུས་པོ་བདེ་ཐང་འཛོམས་པ། ཐ་ན་གཉིད་ལེགས་པོ་ཁུག་པ་ཞིག་ཡོད་ལ། དེ་ལས་ལྡོག་སྟེ་ཕ་མ་བརྩེ་བ་མེད་པའི་རྩ་ནས་འཚར་ལོངས་བྱུང་བ་རྣམས་ནི་ག་དུས་ཡིན་ཀྱང་སེམས་པ་སྐྱིད་པོ་མེད་པ་སོགས་ཀྱི་སྐྱོན་ཡོད་དེ། དཔེར་ན། དེང་དུས་དངོས་ཁམས་སྨྲ་བའི་ཚན་རིག་པ་ཁག་ཅིག་གིས་སྤྲེའུ་ལ་བརྟག་དཔྱད་བྱས་ཏེ་བཤད་རྒྱུར།   སྤྲེལ་ཕྲུག་ཁ་ཤས་མ་དང་མཉམ་དུ་བཞག  ཁ་ཤས་མ་དང་ཁ་ཕྲལ་ཏེ་འཚར་ལོངས་འབྱུང་དུ་བཅུག་པས། ཨ་མ་དང་མཉམ་དུ་ཡོད་པའི་སྤྲེལ་ཕྲུག་རྣམས་ལ་སྐྱིད་སྣང་ཆེ་བ་དང་། རྩེད་མོ་རྩེ་རྒྱུ་མང་བ། ལུས་ཀྱི་ཟོ་མདོག་ལེགས་པ་དང་།  སྤྲེལ་ཕྲུག་ཅིག་ཤོས་རྣམས་ལ་རྟག་ཏུ་བྱ་སྤྱོད་རྩུབ་མོ་དང་། ཕན་ཚུན་དབར་འཁྲུག་འཛིང་གིས་དུས་འདའ་་ཞིང་། དེས་རྐྱེན་པས་གཟུགས་པོའི་འཚར་ལོངས་ཞན་པ་ཡོད་ཚུལ་བཤད་འདུག་པས། བརྩེ་བ་ནི་ཧ་ཅང་རྩ་ཆེན་པོ་རེད། ཡང། ངས་འདི་ལྟར་དྲན་གྱིན་ཡོད། དཔེར་ན། རུས་སྦལ་རྣམས་སྒོ་ང་ལས་སྐྱེས་མ་ཐག་ནས་མ་བུ་གཉིས་ཁ་བྲལ་ཏེ་ནམ་ཡང་མི་འཕྲད་པ་དང། དེ་བཞིན་དུ་དབྱིན་སྐད་དུ་མོ་ཐི་(Moth) ཟེར་བ་ལྕེབ་འདྲེ་མའམ་ཕྱེ་མ་ལེབ་ཀྱི་རིགས་ཁག་ཅིག་གིས་སྒོ་ང་བཏང་རྗེས་ཨ་མ་ཁ་ཤས་དེ་མ་ཐག་ཏུ་ཤི་བ་དང་། མང་པོ་ཞིག་ཕྲུ་གུ་སྐྱེས་འཕྲལ་གཞན་དུ་སོང་སྟེ་མ་བུ་གཉིས་ནམ་ཡང་ཐུག་འཕྲད་བྱེད་ཀྱི་མེད། འོན་ཏེ་སྒོ་ང་མ་བཏང་བའི་སྔོན་དུ་གནས་གཅིག་ཏུ་ཕྲུ་གུར་ཟ་རུང་བའི་མེ་ཏོག་གམ་ལྡུམ་སྔོན་ཞིག་གི་སྟེང་དུ་བཞག་ནས་འགྲོ། ཕྲུ་གུ་རྣམས་གནས་གཅིག་ཏུ་བཞག་ཡོད་སྟབས། གལ་སྲིད་སྲོག་ཆགས་གཞན་གྱིས་གནོད་པ་བྱུང་ཚེ་ཚང་མས་དུས་གཅིག་ཏུ་སྲུང་སྐྱོབ་བྱེད་པའི་སྟངས་ཀ་བྱེེད་ནུས་པ་དེ་ཙམ་ཞིག་ལས་ཨ་མར་བསམ་བློ་གང་ཡང་འཁོར་མི་ཐུབ་པ་དེ་ལྟ་བུ་ནི་སྙིང་རྗེའི་ཡུལ་ཞིག་རེད་འདུག ཕྲུ་གུ་དེ་རིགས་གལ་སྲིད་ཕྱིས་སུ་ཨ་མ་དང་འཕྲད་ནའང་བརྩེ་བ་བྱེད་ཀྱི་ཨེ་ཡོད་སྙམ། དེ་དག་གི་གཟུགས་པོའི་ལྷན་སྐྱེས་ཀྱི་འགྲོ་སྟངས་ཨ་མ་ལ་བལྟོས་མི་དགོས་པར་སོ་སོས་རང་མགོ་གང་ཐོན་བྱས་ནས་འཚར་ལོངས་བྱུང་བ་ཡིན་སྟབས་བརྩེ་བ་དགོས་མཁོ་མེད་པས་ན། བརྩེ་བ་བྱེད་ཤེས་ཀྱི་མ་རེད་སྙམ། འདི་རིགས་ལ་བསམ་བློ་གཏོང་དགོས་པ་ཞིག་རེད། ང་ཚོ་མི་རྣམས་ནི་དེ་ལྟ་མ་ཡིན་པར་ཨ་མ་མེད་ན་རང་མགོ་མི་ཐོན་ཞིང་། ཨ་མའི་ངོས་ནས་བུ་ལ་བརྩེ་བ་མེད་ན་འོ་མ་མི་སྤྲོད་ལ། བུ་ཡི་ངོས་ནས་ཨ་མར་བརྩེ་བ་མེད་ན་འོ་མ་འཐུང་དུ་མི་འགྲོ་བས་འཆི་བ་ལས་འོས་མེད། དེས་ན་བརྩེ་བ་ནི་ཆོས་ཀྱི་བསླབ་བྱ་གཅིག་པུ་ཙམ་མིན། 

བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་བཟོ་ཐུབ་ན་བདེ་སྐྱིད་འབྱུང་གི་རེད།

མི་ཚེ་འདི་བརྩེ་བའི་དབང་གིས་འཚོ་དགོས་པ་དང་། བརྩེ་བ་ནི་མི་ཚེ་འདི་གསོན་པ་ལ་མེད་ཐབས་མེད་པ་ཞིག་ཡིན་པས། ང་ཚོས་བརྩེ་བ་དང་ལྡན་པའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱེད་ཐུབ་ན་རང་གཞན་ཚང་མ་སྐྱིད་པ་ཞིག་འབྱུང་ངེས། 

གལ་སྲིད་བརྩེ་བས་ཕོངས་ན་མི་འདོད་པ་ཁོ་ན་འབྱུང་བ་ཡིན་ཏེ། དཔེར་ན། དེང་སང་འཇིགས་སྐུལ་རིང་ལུགས་པ་ཞེས་ཀུན་གྱིས་དངངས་སྐྲག་ཆེན་པོ་བྱེད་པ་ལྟ་བུ་སྟེ། ཁ་སང་(BBC) རླུང་འཕྲིན་ལས་བཤད་པ་ལྟར་ན། (ཕྱི་ལོ་༢༠༠༤ ཟླ་༣ ཚེས་ ༡༡ ཉིན།) སུ་པེན་གྱི་རྒྱལ་ས་མི་ཌྲིར་(Spain – Madrid) ཟེར་བ་དེར་དྲག་སྤྱོད་པས་གཏོར་རྒོལ་བཏང་སྟེ་འབར་གས་འཐོར་བའི་འོག་ཏུ་མི་གྲངས་༡༩༢ བསད་པ་དང་། སྟོང་ཕྲག་རེ་ཟུང་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐབས་སྐྱོ་བོ་ཞིག་ཐོས་བྱུང། གཏོར་རྒོལ་བྱེད་མཁན་དེ་དག་གིས་གཞན་ལ་ཁོང་ཁྲོ་ལངས་ཏེ། ཉེས་མེད་མང་པོའི་ཚེ་སྲོག་འཕྲོ་བརླག་ཏུ་བཏང་བ་དེ་ནི་ཤིན་ཏུ་སེམས་སྐྱོ་བོ་རེད། འདི་རིགས་ནི་སེམས་མ་བཏུལ་བའི་དབང་གིས་བྱུང་བ་ལས་རང་བཞིན་གྱིས་མིན་ཏེ། དྲག་སྤྱོད་པ་དེ་དག་ཆུང་ངུའི་སྐབས་སུ་ཨ་མར་བརྩེ་བ་ཡོད་པ་དང་ཨ་མས་བརྩེ་བས་བསྐྱངས་པ་ཤ་སྟག་ཡིན་རྒྱུ་རེད་མ་གཏོགས་སྐྱེས་ཙམ་ཉིད་ནས་མི་གསོད་པར་གདོན་ཞུགས་པ་ལྟ་བུ་ཞིག་རྩ་བ་ནས་ཡོང་མི་སྲིད།   འོན་ཀྱང་རྐྱེན་དབང་གིས་དེ་ལྟར་གྱུར་པ་རེད།  

དེང་སང་འཛམ་གླིང་གང་སར་གཏོར་བཤིག་གཏོང་བྱེད་ཀྱི་འཕྲུལ་རིགས་མང་པོ་ཡོད་པས་དེ་དག་བཀག་སྡོམ་ཐུབ་པ་ཤིན་ཏུ་དཀའ། གལ་སྲིད་འཛམ་གླིང་འདིར་སེམས་རྒྱུད་མ་ཐུལ་བའི་མི་དེ་འདྲ་མང་པོ་བྱུང་བ་དང་། ང་ཚོའི་སྤྱི་ཚོགས་འདིའི་ཁ་ཕྱོགས་ལེགས་པོ་ཞིག་ཏུ་བསྒྱུར་མ་ཐུབ་ཚེ་ཧ་ཅང་ཉེན་ཁ་ཆེན་པོ་རེད། གང་ལྟར་རང་ཅག་བོད་པའི་སྤྱི་ཚོགས་ཉུང་ངུ་ཞིག་ཡོད་པ་འདི་སྒོ་གང་ས་ནས་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཏུ་བཟོ་ཐུབ་ན་བདེ་སྐྱིད་འབྱུང་གི་རེད། ང་ཚོའི་ཆོས་གྲོགས་ཚོར་ཆ་བཞག་ནའང་དེ་དེ་བཞིན་རེད། སོ་སོའི་རང་ཁྱིམ་དུ་བྱམས་བརྩེ་ལྡན་པ་ཞིག་བྱུང་ན་དེས་གཅིག་ལ་གཅིག་བརྟེན་དང་། གཅིག་གིས་གཅིག་ལ་མིག་དཔེ་བཟང་པོ་བསྟན་ཏེ་རིམ་བཞིན་ཉེ་འཁོར་གྱི་ཁྱིམ་མཚེས་ཁ་ཤས་ཤིག་ལས་མེད་ནའང་དེ་དག་ནང་ཕན་ཚུན་དབར་བྱམས་བརྩེ་ལྡན་པ་ཞིག་དང་། བདེ་སྐྱིད་ཀྱི་འཚོ་བ་དང་ལྡན་པ་ཞིག་བསྐྲུན་ཐུབ་ན་ལེགས་པོ་མི་འདུག་གམ། རང་གཞན་ཀུན་ལ་ཕན་ཐོགས་ཆེ་བ་དེ་ལས་ལྷག་པ་ཞིག་མེད། 

 

 (ལེགས་བཤད་འདི་ནི།  ཕྱི་ལོ་ ༢༠༠༤   ཟླ་༣ ཚེས་ ༧  ནས་ ༡༩ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔྱིད་ཆོས་སུ་སྩལ་པའི་གསུང་ཆོས་ནས་ཟུར་འདོན་ཞུས།)