མཁས་དབང་ཨེམ་ཨལ་སེན་ལྡེའི་རྒྱལ་སྤྱིའི་ཆབ་སྲིད་གཟེངས་རྟགས་འབུལ་བཞེས།

མདུན་ངོས། / མཁས་དབང་ཨེམ་ཨལ་སེན་ལྡེའི་རྒྱལ་སྤྱིའི་ཆབ་སྲིད་གཟེངས་རྟགས་འབུལ་བཞེས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༧ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དེང་དུས་ཤེས་ཡོན་ལམ་ལུགས་ནང་འགྲོ་བ་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བྱམས་པ་དང་བརྩེ་བ། ཆོག་ཤེས། བཟོད་བསྲན་སོགས་གོང་མཐོར་གཏོང་ཆེད་རྒྱ་གར་གྱི་ཉམས་ཞིབ་བསྟི་གནས་ཁང་  Tata Institute of Social Sciences ཞེས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་དང་ཉམས་ཞིབ་ཀྱི་དགོས་དོན་ལྟར་གོ་བསྡུར་སྦྱངས་བཤད་མཛད་སྐབས་བཀའ་སློབ་སྩལ། 

དེ་ཡང་༸གོང་ས་མཆོག་གིས་འདིར་སྐད་ཆ་འདྲ་ཆགས་པོ་བཤད་རྒྱུའི་ཆེད་དུ་འཛོམས་པ་མ་ཡིན་པར་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་ཆེན་པོ་སོང་ཡང་མི་ཕན་ཚུན་གསོད་རེས་བྱེད་པ་སོགས་འགྲོ་བ་མིའི་དཀའ་ངལ་མང་དག་ཅིག་སྔར་བཞིན་ལྷག་ཡོད་པས། བཟང་ཕྱོགས་ནས་རེ་བ་རྒྱག་ས་ཞིག་ཡོད་པ་ནི་ཚན་རིག་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད་མིའི་ལྷན་སྐྱེས་ཀྱི་རང་བཞིན་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་སྤྲོད་ཐུབ་ཡོད་པ་དེ་ཡིིན་པ་དང་།  གནས་ཚུལ་དེ་གོ་མ་ཐག་ང་ཚོས་འབད་བརྩོན་བྱེད་པ་བརྒྱུད་འགྲོ་བ་མིའི་གཤིས་རྒྱུད་ལ་ཡོད་པའི་གཞི་རྩའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་ཐུབ་པ་འདུག་བསམ་པའི་ངེས་པ་སྔར་བས་ཆེ་རུ་སོང་བའི་སྐོར་བཀའ་སློབ་སྩལ་བ་དང་། 

གཞན་ཡང་བྱིས་པའི་སྐབས་སུ་བྱམས་བརྩེ་གལ་ཆེན་པོ་ཆགས་ཡོད་པ་དང་། ལོ་ན་ཡར་སོན་རིམ་བཞིན་ཞེ་སྡང་དང་རེ་དོགས། ཕྲག་དོག་སོགས་ཀྱིས་རྒྱུད་བརླམས་པས་དེ་དག་མིའི་ལྷན་སྐྱེས་ཡིན་པ་ལྟ་བུ་དང་། ང་རྒྱལ་དེ་རང་ཉིད་སྲུང་སྐྱོང་བྱེད་མཁན་ལྟ་བུར་མཐོང་ནས་ཡོད་ཏན་དུ་བལྟ་བཞིན་ཡོད་པ་དང་།   ཁོང་ཁྲོ་དང་ང་རྒྱལ་ལ་བདེན་ཁ་བྱིན་པ་ཡིན་ན་མཐར་དཀའ་ངལ་འཕྲད་རྒྱུ་ཡིན་པའི་སྐོར་བཀའ་གནང་། དེ་བཞིན་དེང་དུས་ཤེས་ཡོན་ལམ་ལུགས་ནང་དུ་བཟང་སྤྱོད་ཀྱི་སྐོར་ལ་སྐད་ཆ་བཤད་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དང་།  བྱམས་བརྩེ་བརྗོད་སྐབས་སྤྱིར་སྟངས་ལྟ་བུར་བརྩི་བཞིན་ཡོད། སྔོན་མའི་གནས་ཚུལ་དུ་བཟང་སྤྱོད་གོང་མཐོར་གཏོང་མཁན་དེ་གཙོ་བོ་ཆོས་ཕྱོགས་ཀྱི་བྱ་བ་ཞིག་ཡིན་པར་ངོས་འཛིན་ཡོད་ཀྱང་། དེང་གི་སྐབས་སུ་ཆོས་དང་ཤེས་ཡོན་གཉིས་ལམ་སོ་སོར་ཕྱེ་ནས་འགྲོ་བཞིན་ཡོད་པའི་སྐོར་སོགས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སྐོར་དང་དེ་ཇི་ལྟར་གོང་འཕེལ་གཏོང་དགོས་པའི་སྐོར་སོགས་ལ་བཀའ་སློབ་སྩལ་བ་དང་། ཉིན་གུང་ལྗགས་སྨིན་གྲུབ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་རྒྱལ་སྤྱིའི་ཚོགས་ཁང་ (India International Center) དུ་ཆིབས་སྒྱུར་བསྐྱངས་ཏེ་ཕྱི་ལོ་ ༢༠༡༦ ལོའི་མཁས་དབང་ཨེམ་ཨལ་སེན་ལྡེའི་རྗེས་དྲན་གཟེངས་རྟགས་ (The  Professor M.L Sondhi Prize) འབུལ་བཞེས་མཛད། 

དེ་ཡང་རྒྱ་གར་གྱི་ཤེས་ལྡན་མི་སྣ་གྲགས་ཅན་དང་ཆབ་སྲིད་པ།  ཕྱི་རྒྱལ་གཞུང་ཚབ་ཁག་ཅིག་གི་གནད་ཡོད་མི་སྣ། བོད་དོན་རྒྱབ་སྐྱོར་བ་སོགས་འདུ་འཛོམས་སྐབས།   ཐོག་མར་གཙུག་ལག་སློབ་དཔོན་སྐུ་ཞབས་སེན་ལྡེའི་དམ་པ་ཁོང་གི་ལྕམ་སྐུ་ཨེམ་ཨལ་སེན་ལྡེའི་ལྕམ་མཱ་རྡོ་རི་སཱན་ཏྲ་ནམ་སེན་ལྡེའི་(Mrs Madhuri Santanam Sondhi) ལགས་ཀྱིས་ངོ་སྤྲོད་ཀྱི་གསུང་བཤད་གནང་སྐབས། གཙུག་ལག་སློབ་དཔོན་སྐུ་ཞབས་སེན་ལྡེ་(Prof ML Sondhi) དམ་པ་ཁོང་རྒྱ་གར་གཞུང་ཚབ་ཏུ་བསྐོ་གཞག་གནང་རྗེས་ཐོག་མར་ཅེག་ཡུལ་གྱི་རྒྱལ་ས་པ་རཱག་ (Prague) ནང་གནས་སྤོས་གནང་རྗེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་གནས་སྤོ་བསྐོ་གཞག་གནང་ཡོད་སྐོར་དང་།

དམ་པ་ཁོང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཕྱག་ལས་གནང་རིང་ཕྱི་ལོ་ ༡༩༦༠ ནང་འཁེལ་ཞིང་།  བོད་དོན་སྐོར་རྒྱལ་ཚོགས་སོགས་ནང་བགྲོ་གླེང་གནང་སྐབས་དོ་སྣང་ཆེན་པོས་གསན་འཇོག་གནང་མྱོང་ཡོད་པ་མ་ཟད། ཕྱི་ལོ་ ༡༩༦༢ ལོར་བོད་རང་སྲིད་རང་སྐྱོང་།  (Tibet-Swaraj Committee) ཞེས་པའི་ཚོགས་པ་གསར་འཛུགས་གནང་བ་དང་། ཕྱིས་སུ་དམ་པ་ཁོང་གིས་རྒྱ་གར་གཞུང་གི་སྐུ་ཚབ་ཐོག་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་མཚན་གཞུང་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་བདམས་གནང་བ་དང་། ལྷག་པར་དམ་པ་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་ (Vaclav Havel) མཆོག་ངོ་སྤྲོད་ཞུས་པ་མ་ཟད། མགོན་པོ་གང་ཉིད་མཆོག་ཨི་སི་རེལ་ (Israel) ཡུལ་དུ་ཆིབས་སྒྱུར་ཐོག་མར་གོ་སྒྲིག་ཞུ་མཁན་གཙོ་གྲས་ཡིན་སྐོར་དང་།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་བཙན་བྱོལ་བ་རྣམས་ལ་ཡང་དག་པའི་མང་གཙོའི་ལམ་བཟང་གསོལ་སྩལ་མཛད་པ་དང་། མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིར་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་པ་དང་བརྩེ་བ་གོང་མཐོར་གཏོང་ཐབས་ཆེད་ཐུགས་བརྩོན་མཛད་བཞིན་ཡོད་པ་དང་། ཚན་རིག་དང་ནང་ཆོས་དབར་གྱི་འབྲེལ་བ་གོང་མཐོར་གཏོང་ཐབས་མཛད་བཞིན་པའི་རླབས་ཆེན་གྱི་མཛད་ཁུར་རྣམས་ལ་ཡི་རངས་བསྔགས་བརྗོད་རྒྱ་ཆེར་ཞུས།


དེ་རྗེས་༸གོང་ས་མཆོག་ལ་མངོན་བསྟོད་ཞུ་ཆེད་གཙུག་ལག་སློབ་དཔོན་སེན་ལྡེའི་ (ML Sondhi) དམ་པ་ཁོང་གི་སྲས་ཝི་ཝཀ་ཨ་ནནྡ་ (Vivekanand) ལགས་ཀྱིས།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞི་བའི་དོན་ཚན་ལྔ་གཞི་རྩར་བཟུང་ནས་རྒྱ་དཀར་ནག་གཉིས་ཀྱི་དབར་འཚེ་མེད་ཞི་བའི་བོད་འཛུགས་སྐྲུན་མཛད་ཐབས་མཛད་པ་དང་སྦྲགས།  རྒྱ་ནག་གཞུང་གིས་བོད་དེ་གནའ་སྔ་མོ་ནས་རྒྱ་ཁོངས་ཡིན་པ་བསྒྲུབ་རྒྱུའི་གཡོ་བྱུས་ལ་གདོང་ལེན་མཛད་བཞིན་པ་སོགས་མཁས་མཛངས་ལྡན་པའི་མཛད་རྗེས་ལ་ཆེ་བསྟོད་རྒྱ་ཆེར་ཞུས་པ་དང་།

དེ་ནས་རྒྱ་གར་གཞུང་གི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ལ་ལིཏ་མན་སིངྒ་ (Lalit Mansingh) མཆོག་གིས་གཙུག་ལག་སློབ་དཔོན་དམ་པ་ཁོང་གིས་བོད་དོན་ལ་ཡུན་རིང་རྒྱབ་སྐྱོར་གནང་སྐོར་སོགས་ངོ་སྤྲོད་ཞུས་པ་དང་སྦྲགས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཡུན་དུ་བརྟན་ཞིང་འཕྲོད་བཞེས་སྔར་རྒྱུན་ལྟར་གསལ་ཐང་ཐོག་བོད་མིའི་མགོན་དཔུང་དམ་པར་བཞུགས་སུ་གསོལ་ཆེད་སྨོན་འདུན་ཤུགས་དྲག་དང་བཅས་སྲོལ་རྒྱུན་དར་གོས་འབུལ་ལམ་ཞུས་པ་དང་། ལྕམ་སྐུ་མ་དུ་རི་སེན་ལྡེའི་ (Mrs Sondhi) མཆོག་གིས་༸གོང་ས་མཆོག་ལ་གཟེངས་རྟགས་འབུལ་ལམ་ཞུས།

སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་ཨ་རུན་ཤོ་རི་ Arun Shourie མཆོག་གིས་གསུང་དོན། སྤྱིར་སྟངས་གཟེངས་རྟགས་འབུལ་སྐབས་གཟེངས་རྟགས་ཐོབ་མཁན་གྱི་མཚན་སྙན་གྲགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པ་ནི་ཆོས་ཉིད་ལྟ་བུ་ཡིན། འོན་ཀྱང་ཐེངས་འདིར་གཟེངས་རྟགས་བཞེས་མཁན་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཡིན་སྟབས་གཟེངས་རྟགས་ཀྱི་མཚན་སྙན་ལ་ཚུར་ཕན་ཐོགས་བྱུང་ཡོད། དེ་འདྲ་བྱུང་བ་ཧ་ཅང་དཀོན་པོ་རེད། ཅེས་དང་། ༸གོང་ས་མཆོག་གིས་བཟང་སྤྱོད་གོང་སྤེལ་གཏོང་གནང་མཛད་བཞིན་པའི་རླབས་ཆེན་གྱི་མཛད་བཟང་དེ་ཉིད་མེས་པོ་དམ་པ་གཱན་དྷི་དང་མཚུངས་ཚུལ་སོགས་གསུངས་བཤད་གནང་བ་མ་ཟད།  ཨ་རིའི་ནིའུ་ཡོག་དུས་བབ་གསར་འགོད་པ་ཞིག་གིས་སྐབས་ཤིག་༸གོང་ས་མཆོག་ལ། རྒྱ་ནག་གཞུང་གིས་བོད་ནང་དཀའ་ངལ་དེ་ལྟ་བུ་ཞིག་བཟོས་ཡང་སྐུ་ཉིད་མཆོག་༸ཞལ་འཛུམ་མདངས་དང་བཅས་ཐུགས་དགྱེས་ཚོར་གྱི་རྣམ་པ་དུས་རྟག་ཏུ་ཡོད་པ་དེར་རྒྱུ་མཚན་གང་ཡིན་སྐོར་དྲི་བ་ཞུས་པར། ༸གོང་ས་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་འཁྲོག་བཅོམ་བྱས་ཟིན་སྟབས་ད་དུང་ངོས་ཀྱི་སེམས་ནང་གི་ཞི་བདེ་དེ་ཡང་འཁྱེར་འཇུག་འདོད་མེད། ཅེས་བཀའ་ལན་སྩལ་ཡོད་སྐོར་སྙན་སྒྲོན་ཞུས།  

དེ་ནས་༸གོང་ས་མཆོག་གིས་དེང་གི་འཛམ་གླིང་ནང་དུ་འཁྲུགས་ཆ་དོད་པོ་ཡོད་པ་དེ་ནི་ཤེས་ཡོན་ལམ་ལུགས་ནང་དུ་བཟང་སྤྱོད་ཀྱིས་མ་འདང་བ་ཡིན་པས་ཆོས་ལུགས་དང་མ་འབྲེལ་བའི་སྒོ་ནས་བྱམས་བརྩེའི་བསླབ་བྱ་སྤེལ་ཏེ་མིའི་སྤྱོད་ལམ་བཟང་པོར་བསྒྱུར་དགོས་པ་དང་། རྒྱ་གར་གྱི་གནའ་རབས་རིག་གཞུང་སེམས་ཁམས་རིག་པ་དང་ལྟ་གྲུབ་ཕྱུག་པོ། དེ་ཡང་རིགས་ལམ་གྱི་སྒོ་ནས་གཏན་ལ་ཕབ་ཡོད་པའི་རྒྱ་གར་གྱི་ཁྱད་ནོར་སླར་གསོ་བྱེད་དགོས་པའི་སྐོར་ལ་དགོངས་བཞེས་དང་འབད་བརྩོན་གནང་བཞིན་པའི་སྐོར་ལ་བཀའ་སློབ་སྩལ་དང་དྲི་བ་ཁག་ལ་བཀའ་ལན་ཡང་མཛད།   

ཚེས་ ༢༨ ཉིན་སྔ་དྲོ་རྒྱ་གར་དབུས་གཞུང་གི་ཤེས་རིག་ལས་ཁུངས་ཀྱི་སྐུ་ཚབ་དྲུང་ཆེ་གཞོན་པ་དང་། སློབ་གྲྭ་ཁག དེ་བཞིན་རྒྱ་གར་དབུས་གཞུང་ཤེས་ཡོན་སྲིད་བྱུས་ལས་ཁུངས་ཀྱི་འཐུས་མི། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དང་ཆོས་བཀའ་བློན་སོགས་ཚོགས་མི་ཧྲག་བསྡུས་ཀྱི་ཚོགས་འཛོམས་ལ་༸གོང་ས་མཆོག་དབུ་བཞུགས་གནང་བ་དང་། སྐབས་དེར་ཚོགས་འདུར་བཅར་བའི་ཚོགས་མི་ཚང་འཛོམས་སར་སྡེ་ཚན་ཁག་དྲུག་གི་འཐུས་མིས་ད་བར་སློབ་གྲྭ་ཁག་གི་ནང་དུ་དགེ་རྒན་ལ་ཟབ་སྦྱོང་སྤྲད་པའི་ཐོག་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་གསོ་སྤེལ་ཐབས་དང་དཀའ་ངལ་ཅི་འཕྲད། གྲུབ་འབྲས་ཅི་སོན་སོགས་སྙིང་བསྡུས་༸སྙན་སྒྲོན་ཞུས་པར་༸གོང་ས་མཆོག་ཐུགས་དགྱེས་ཚོར་ཆེན་པོས་འདི་ནི་འཛམ་གླིང་མི་གྲངས་དུང་བདུན་ཅུའི་བདེ་སྡུག་ལ་དམིགས་ཏེ་མི་རེ་ངོ་རེར་འགན་འཁྲི་ཡོད་པ་ལས། མི་རེ་ཟུང་ལ་འགན་ཡོད་པ་ཙམ་མ་ཡིན་པར། མུ་མཐུད་དུ་འཆར་གཞི་ལག་བསྟར་གྱིས་མ་འོངས་གྲུབ་འབྲས་ཇི་ལྟར་ཐོན་བཞིན་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ་རྒྱ་གར་རྒྱལ་ཡོངས་དང་འཛམ་གླིང་ལ་ཁྱབ་ཐུབ་པ་བྱེད་དགོས་པ་རེད། ཅེས་སོགས་བཀའ་སློབ་སྩལ་བ་དང་།  ཕྱི་དྲོ་ཆུ་ཚོད་༤བ་ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་བཅས།།